བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༢. ར་ལུགས།
上一章
下一章

(༢. ར་ལུགས།)

གཉིས་པ་ནི་སྙ་ནམ་སྣང་ཡུལ་དུ་སྐུ་འཁྲུངས་པའི་ར་ལོཙྪ་བ་རྡོ་རྗེ་གྲགས་ཀྱིས་དབོན་པོ་ར་ལོཙྪ་བ་ཆོས་རབ་ཀྱིས་ར་ལུགས་ཀྱི་ནག་འཇིགས་སྐོར་གསུམ། མངོན་འབྱུང་རྣམ་གསུམ། ཨ་བྷི་དྷ་ན་དང་སམ་པུ་ཊ་ལགས་པའི་རྒྱུད་རྣམས་དང་། ཆོས་བྱུང་དྲུག་ལགས་པ་ར་པའི་ཆོས་སྐོར་མ་ལུས་པ་རྣམས་ཐུགས་སུ་ཆུད་ནས་དུས་ཀྱི་འཁོར་ལོ་དོན་དུ་གཉེར་བར་གྱུར་ཏེ་བལ་བོའི་འཐིལ་དུ་བྱོན་ནས། པཎྜི་ཏ་ས་མན་ཏ་ཤྲཱི་ལ་ལོ་ལྔ་ཟླ་བ་བཅུ་ཞག་ལྔར་བར་མ་ཆད་པར་བསྟེན་ནས་བཤད་བཀའ་དབང་བཀའ་མན་ངག་བཀའ་དང་བཅས་པ་ཞུས་པས་ལེགས་པར་གནང་སྟེ། པཎྜི་ཏ་བོད་དུ་སྤྱན་དྲངས་ནས་རྒྱུད་འགྲེལ་ཡན་ལག་དང་བཅས་པ་བཤད། བསྒྱུར་གཏན་ལ་ཕབ། ཐམས་ཅད་ཀྱིས་བསྙེན་བཀུར་ཆེར་བྱས་ཏེ་ཉི་མ་གཅིག་ལ་གསེར་སྲང་སུམ་བརྒྱ་ཕུལ། གཤེགས་སྐྱེལ་ཡང་སྐྱི་རོང་གི་བར་དུ་མཛད་པས། བླ་མ་ཡང་ཤིན་ཏུ་མཉེས་ཏེ་པཎྜི་ཏ་འབུམ་ཕྲག་གསུམ་པའི་པྲོག་ཞུ། ཆགས་ལྷམ། རྡོ་རྗེ་དྲིལ་བུ་དུས་འཁོར་ལུགས་ཀྱི་ཕྱག་ཚད་མ་གནང་ངོ་། །དེ་ལ་ཉིད་ཀྱི་སྲས་བླ་མ་ཡེ་ཤེས་སེང་གེས་གསན་ཅིང་། དེས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ལ་མཁྱེན་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ལ་ཉིད་ཀྱི་སྲས་ར་འབུམ་སེང་གིས་ཡོངས་སུ་རྫོགས་པར་གསན་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ལ་བླ་མ་

41a

༄༅།        །རྒ་ལོས་ཞུས་སོ། །བླ་མ་རྒ་ལོ་ནི་བོད་ཀྱི་རྒྱལ་པོའི་དུས་སུ་བློན་པོ་བ་སམ་ཤི་འཕོ་ཉར་བཏང་སྟེ་རྒྱ་ནག་ལས་ཧྭ་ཤང་སྤྱན་དྲངས་པ་དང་འབྲེལ་བར་མི་ཉག་ཧྭ་ཤང་དུ་གྱུར་པ་སྤྱན་དྲངས་ཏེ་རྒྱལ་པོའི་མཆོད་གནས་སུ་གྱུར་ཅིང་ཐེག་པ་ཆེན་པོའི་གཞུང་ལུགས་མ་ཉམས་པར་སྤྱོད་པའི་སྔགས་འཆང་ཤ་སྟག་ཏུ་གྱུར་པའི་རྒྱུད་ལས། ཡར་འབྲོག་སྒང་དུ་མི་ཉག་གཞོན་ནུ་སྙིང་པོ་ཞེས་བྱ་བ་བྱུང་། དེའི་སྲས་གཞོན་ནུ་སེང་གེ། དེའི་སྲས་རིག་འཛིན་སྙིང་པོ། དེས་རོང་གི་རྒྱ་མའི་ཡུལ་དུ་བབས། དེའི་སྲས་རྡོ་རྗེ་སེང་གེས་རོང་མཁར་ཕུག་བཟུང་། དེ་ལ་སྲས་བཞི་བྱུང་པའི་གཅེན་པོ་ཡེ་ཤེས་རྡོ་རྗེ་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ་གཅིག་བྱུང་། དེས་ཕྱག་རྒྱ་ཆེན་པོ་དབྱུག་ཆོས་སུ་གྲགས་པའི་མན་ངག་ལ་གྲུབ་པ་ཐོབ་པ་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་གདན་ས་དབེན་དམར་བཟུང་། དེའི་སྲས་རྗེ་བཙུན་རྒ་ལོ་ནི། ཡབ་ཀྱི་མཚན་ལྟས་ལ་བརྟེན་ནས་སྔོན་གྱི་འཁམས་པ་རྒ་ལོཙྪ་བའི་སྐྱེ་བར་དགོངས་ནས་མཚན་དུའང་དེ་ཉིད་བཏགས། ལོ་གསུམ་ཙམ་བཞེས་པ་ན། ཁ་ཆེ་པན་ཆེན་ངུར་སྨྲིག་ཏུ་བྱོན་པའི་ཚེ། མ་གཅིག་ཇོ་སྲས་མ་སྐྱི་མོས་བསྣམས་ནས་ཆོས་དང་བྱིན་རླབས་ཞུ་རུ་བྱོན་པ་ལ་གཞན་ལས་ཁྱད་པར་དུ་འཕགས་པར་སཾ་སྐྲྀ་ཏའི་སྐད་ཀྱིས་ལུང་བསྟན། ཕྱག་གིས་བཞེས། དབུགས་ཕྱུང་བས་སྐྱེ་བོ་འདུས་པ་ཕལ་ཆེར་གྱིས་སྐྱེས་བུ་དམ་པར་རྟོགས་ཅིང་། རྗེ་བཙུན་རང་གི་གསུང་གིས་ཀྱང་། བྱིས་པའི་དུས་ན་ཁ་ཕྱེ་བའི། །བླ་མ་པཎ་ཆེན་ཉིད་

41b

དང་མཇལ། །ལེགས་སྦྱར་སྐད་ཀྱིས་དབུགས་དབྱུང་མཛད། །ཅེས་སོ། །ལུང་བསྟན་བཞིན་གཞོན་ནུར་གྱུར་པའི་ཚེ། འདྲི་ཀློག་དང་། འཇིག་རྟེན་བརྟན་པ་དང་། ཕུང་པོ་ལྔའི་རབ་བྱེད་དང་། སྤྱོད་འཇུག་དང་། མདོ་སྡེ་ལས་མེ་དང་། དབུ་མ་སྡེ་ཕྲན་དང་། དོན་ཞགས་དང་། བག་ཆགས་དབུགས་འདེད་ཀྱི་མན་ངག་ལགས་པ་ཅི་རིགས་པ་ལ་ཡབ་ཀྱི་དྲུང་དུ་སྦྱང་པ་མཛད་དོ། །དེ་ནས་དཔྱལ་ཆོས་ཀྱི་བཟང་པོའི་དྲུང་དུ་བྱོན། ལོ་གསུམ་གྱི་བར་དུ། རྒྱ་ཡིག་དང་། རྒྱ་ཀློག་དང་། སཾ་སྒྲི་ཏའི་སྐད་ཅི་རིགས་པ་དང་། ཁྱད་པར་དུ་དགེས་ཕག་གཉིས་ལ་སྦྱངས་ནས་དགུང་ལོ་བཅུ་དྲུག་པ་ལ་ངུར་སྨིག་ཏུ་ལེགས་པར་གསུངས་ཤིང་བཤད་སྟོན་ཡང་རྒྱ་ཆེར་མཛད། གཞན་ཡང་ན་རོ་འགྲེལ་ཆེན་གདམས་ངག་དང་བཅས་པ་དང་། བདེ་མཆོག་གཞུང་ཕྲན་གདམས་ངག་དང་བཅས་པ་གསན་ཅིང་། བདེ་མཆོག་གི་དབང་ཞུས་པའི་ཚེ། དཀྱིལ་འཁོར་གྱི་དབུས་ནས་ངོ་མཚར་བའི་སྒྲ་ཐོས་ཤིང་། ཤངས་ཁྲག་ཟགས་ཤིང་ཟགས་པར་རྨིས་ནས་ནད་དང་སྡིག་སྒྲིབ་བྱང་ལུས་བདེ། ཤེས་རབ་གསལ་བར་གྱུར་ཅིང་། གཤེད་དམར་གྱི་དབང་བསྐུར་ཞུས་པའི་ཚེ་བདུད་ཀྱི་བར་ཆད་ལས་ཐར་བ་ཡིན་ནོ། །དེ་ཡང་། སྔོན་དོལ་ཆུང་ན་བཞུགས་པའི་ཚེ་ཅུང་ཟད་བསྙུང་བ་ན་བར་ཆད་རྩོམ་སྟེ། མགྲོན་བཙུན་རྒྱ་དཔེ་སྐོང་ཙེ་གང་ཁུར་བ་གཅིག་མདུན་དུ་འོངས་ནས་པོ་ཏི་ཕྱུང་ནས་མིག་སྔར་བསྟན་ཏེ། ཁྱོད་མཁས་ན་འདི་དག་གི་དོན་སྨྲ་བར་གྱིས་ཤིག་ཅེས་ཟེར་བ་ལ། ང་ནི་ན་བས་ཁམས་ཟི་བའི་ཕྱིར་རེ་ཤིག་སྡོད་ཅེས་གསུངས་པ་ལ། ཁྱད་པར་དུ་

42a

༄༅།       །མིག་སྔར་དུ་དཔེ་རིས་ཡག་ཡུག་ཤད་ཤུད་བྱེད་ཅིང་། ཡི་གེ་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་རྒོལ་བ་དང་། མཚན་མོ་གཅེས་བུར་བྱས་ནས་ལྷ་ཁང་གི་རྫའི་དུམ་བུ་མགོར་བཞག་ནས། ང་ནི་རྫ་ཁྱུང་མགོ་ཞེས་བསྡིགས་པ་སོགས་བྱེད་དེ། །དེའང་དང་པོར་ངུར་སྨིག་ཏུ་བྱོན་པའི་ཚེ་རྨི་ལམ་དུ་བཙུན་རྒན་ལྷམ་མཐིལ་རྡོལ་གྱི་ཁྲེལ་པོ་ཁུར་བ་ཞིག་འོངས་ཏེ་འདི་ཙམ་ཟད་ཟད་བཙལ་ཀྱང་མ་རྙེད་པའི་གྲོགས་པོ་ད་སྡོད་རྙེད་པ་ཨ་རེ་དགའ་ཟེར་ཞིང་དགའ་དགའ། མགུ་མགུ་ལྟར། དྲུང་ན་འཁོར་བ་ནས་བརྩམས་ཏེ་ཕྱི་བཞིན་འབྲང་ཞིང་ཕན་པ་སྒྲུབ་པ་ལྟར་ཚུལ་འཆོས་སོ། །དེ་ནས་རང་གི་དགོན་པར་བྱོན་པའི་ཚེ། ཡབ་ཀྱི་གསུང་གིས། མདང་ནི་འབྱུང་པོའི་ཆོ་འཕྲུལ་ཆེ་བ་ལ་དི་རིང་དགེ་བཤེས་པ་བྱོན། བགེགས་ཀྱི་བར་ཆད་འོང་ཉེན་ཡོད་པས། འབྱུང་པོའི་ཕན་པ་ལ་ཐུགས་མ་གཏད་པར། ཐུགས་དམ་ལ་གཙོར་མཛོད་ཅིག་གསུང་བ་དང་། ཉིད་ཀྱི་ཐུགས་ཀྱིས་ཀྱང་། འདི་ལྟ་བུའི་འབྱུང་པོ་ནི་ཕན་པ་བྱེད་པ་ལྟ་བུར་སྟོན་ཀྱང་གནོད་པ་བྱེད་དོ། །སྙམ་དུ་འཇིག་རྟེན་ལ་གཡོ་བ་མེད་པའི་ཐུགས་ཀྱི་ངམ་པ་བསྐྱེད་དེ་བཟླས་པ་དང་། འཐབ་པ་དང་། འགྲང་བ་ལྟ་བུ་བྱས་ཀྱང་ཞུམ་པ་མེད་པར་རེས་འགའ་ནི་བཤེས་གཉེན་གྱི་ཚུལ་ལྟ་བུར་བསྒྱུར་ཏེ། སྐྱེ་བ་མང་པོ་ནས་གྲོགས་སུ་གྱུར་པ་ཡིན་ལ། སྐྱེ་བ་འདི་དང་འདིར་ཡང་ལེགས་པ་འདི་ལྟ་བུ་བསྒྲུབས་སོ་ཞེས་སྐྱེ་རྒྱུད་སྣ་ཚོགས་ཀྱི་གླེང་གཞི་སྟོན། རེས་འགའ་ནི་གཙུག་ལག་ཁང་

42b

གི་བདག་པོ་བཅོལ་ཏེ། བདག་གི་གཙུག་ལག་ཁང་ནི་འདིའོ། །སྔོན་གྱི་རབས་ནི་འདི་འདྲའོ། །ཕྱིས་ཀྱི་རྒྱུན་ནི་འདི་འདྲའོ་ཞེས་གཏམ་སྣ་ཚོགས་སྟོན་ཅིང་། ཁྱོད་ཀྱང་བདག་དང་འཐུན་པར་བྱ་སྟེ་འདི་འདྲ་བའི་བདག་པོ་བྱ་བར་རིགས་སོ་ཞེས་སྟོན་ནོ། །རེས་འགའ་ནི་མཁས་པའི་གཟུགས་སུ་བསྒྱུར་ཏེ་གཞུང་ལུགས་ནི་འདི་འདྲའོ་སྔོན་ནི་འདི་འདྲར་གྱུར་ཏོ། །ཕྱིས་ནི་འདི་འདྲར་འགྱུར་རོ། །ཁྱོད་ཀྱིས་ཀྱང་འདི་ལྟར་བྱ་བར་རིགས་སོ་ཞེས་སྟོན་ནོ། །རེས་འགའ་ནི་གྲུབ་པ་ལྟར་བཅོས་ཏེ། རྫས་དང་སྨན་དང་སྔགས་ནི་འདི་འདྲའོ། །འདི་ལྟ་བུ་བསྟེན་ན་འདི་འདྲར་འགྱུར་རོ་ཞེས་འཆད་ཅིང་། རེས་འགའ་ནི་བྱའི་གཟུགས་སེ་བོ་ཆེན་པོ་མི་ཡི་སྐད་དུ་སྨྲ་བར་གྱུར་ཏེ། བརྩེ་བརྩེ་ལྟར་འགྲམ་དུ་འདུག་ནས། ཐོ་རངས་ཀྱི་ཚེ་འདབ་གཤོགས་རྡེབས་པའི་སྒྲ་དང་བཅས་པས་ཟླ་འོད་གཞོན་ནུ། སེང་གེ་རྒྱལ་མཚན། འོད་ཀྱི་སྙེ་མ་ཞེས་འབོད་ཅིང་། ཡར་ལ་ལོངས་ཅིག །ལྟ་རྟོག་མཛོད་ཅིག །ཐུགས་དམ་མཛོད་ཅིག །གཞུང་གཤོར་ཅིག་ཅེས་ཆོས་ལ་བསྐུལ་བ་ལྟར་འཆོས་པ་ལས། ཐར་བར་གཤེད་དམར་གྱི་དབང་ཞུ་བར་བརྩམས་པ་ན། ད་ནི་ཡུལ་དུ་འགྲོ་བར་རིགས་སོ། །ཡབ་དང་ཡུམ་ལགས་པ་ནའོ། །བལྟ་བར་བྱ་ཕྲད་པར་བྱ། དབང་བསྐུར་ནི་ཕྱིས་ཞུ་བར་འཐད་དོ་ཞེས་སྨྲའོ། །ཕྱིས་ཞུ་བ་དཀའོ། །དེས་ན་ད་ལྟ་ཞུའོ་ཞེས་སྨྲས་པས། ངས་དེ་ཙམ་དུ་ཁྱོད་ལ་བསམས་ནས། ཁྱོད་འདི་ལྟར་བྱེད་པ་ནི་ཤིན་ཏུ་མི་རིགས་ད་ལྟ་འདེང་ཞེས་སྨྲ་ཞིང་། འབྲང་དང་ཁྲེལ་པོའང་རྡེག་པར་བྱེད་དོ། །དེ་ལྟར་ཡང་ངེས་པར་ཞུས་པ་དང་། འབྲང་དང་ཁྲེལ་པོའང་སྲས་

43a

༄༅།       །འོག་ཏུ་བསྐྱུར། ཡུན་རིང་འགྲོགས་པའི་གྲོགས་པོས་བསླུས་སོ་ཁྱོད་ཉིད་ཅི་བདེར་གྱིས་ཤིག །ང་ནི་འགྲོ་བར་བྱའོ། །ཁྱོད་ཀྱིས་སྐྱེལ་ཐུང་གྱིས་ཤིག་ཅེས་སྨྲ་བ་ལ་ཐར་པ་གླིང་གི་མོ་དབེན་སྒང་ཁར་བསྐྱལ་བས་དེ་ན་འདུག་པའི་རྟ་ལ་ཞོན་ནས་ནམ་མཁའ་ལ་འཕགས་ཏེ། རྟ་དེ་སེང་གེའི་རྣམ་པར་བསྒྱུར་ཏེ། དཔོན་གོ་རུབ་ཅེས་བྱ་བའི་གནས་བརྟན་གྱི་རྣམ་པས། ལག་པས་འགྲམ་པ་བསྐྱོར་ཏེ། གླུ་ལེན་ཅིང་། མགོ་སེ་ཡེར་རེ་རེ་ལ་རྒན་རྒལ་ནས་སོང་ངོ་། །དེ་ཕྱིན་ཆད་བདུད་ཀྱི་བར་ཆད་ཀྱིས་མ་ཚུགས་སོ། །གཞན་ཡང་ས་སྐྱ་པིཎྜི་ཏ་གན་བྱང་ཐང་དུ་ཆོས་གྲྭ་ལ་བྱོན་པའི་ཚེ་འཇལ་ཏེ་གསོལ་བ་བཏབ་པས། རིགས་བཟངས་ལ་ན་སོ་གཞོན་ཅིང་ཤེས་རབ་ཆེ་བས་ཀུན་མཁྱེན་ལྟ་བུ་ཅིག་བསླབ་པར་བྱའོ་ཞེས་ཞལ་གྱིས་བཞེས་ནས། ཕྱིས་གཞུ་དབུ་རྒྱན་དུ། ནགས་པ་པའི་དབང་དང་སྒྲུབ་སྐོར། རྣམ་འཇོམས་ཨ་ར་པ་ཙ་ནའི་དབང་དང་བསྒྲུབ་སྐོར་དང་བཅས་པ་ཞུས་ཤིང་ཞལ་གྱིས་བཞེས་པ་བཞིན་གྲུབ་པོ། །གཞན་ཡང་བླ་མ་འཇམ་གསར་བསྟེན་ནས་ཕར་ཚད་དང་། ཕྱི་མཚན་ཉིད་ཕྱོགས་ཀྱི་བཀའ་བསྟན་བཅོས་དུ་མ་དང་། དཱ་ན་ཤི་ལས་ལུགས་ཀྱི་གཤེད་དམར་དང་། སྒྲོལ་མའི་དབང་བཀའ་བསྒྲུབ་བཀའ། ཁྱད་པར་དུས་འཁོར་འབྲོ་ལུགས་ཀྱི་དབང་བཀའ་བཤད་བཀའ། མན་ངག་གི་བཀའ་རྣམས་ལེགས་པར་ནོས་ཤིང་། མཁས་པའི་མཆོག་ཏུ་གྱུར་རོ། །བླ་མ་ར་འབུམ་སེང་ལེགས་པར་བསྟེན་ནས། དུས་འཁོར་གྱིས་གཙོ་བྱས་པའི་ར་ལུགས་

43b

ཀྱི་དབང་མན་ངག་བཀའ་བྱིན་རླབས་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ནས་རྒྱུད་སྡེའི་བང་མཛོད་དུ་གྱུར་རོ། །ལྕེ་སྟོན་མདོ་སྡེ་སེང་གེ་བསྟེན་ནས། ཡོ་ག་དང་། གསང་འདུས་དང་། འཇམ་དཔལ་གསང་ལྡན་ལགས་པ་ལེགས་པར་མནོས་སོ། །པཎྜི་ཏ་བི་བྷུ་ཏི་ཙནྡྲ་དང་། ཁྲོ་ཕུ་ལོཙྪ་བ་བྱམས་བའི་དཔའ་ལགས་པ་བསྟེན་ནས། མན་ངག་དང་ཟབ་ཆོས་མང་པོ་ཞུས་སོ། །འགྲོ་མགོན་ཆོས་རྒྱལ་ལ། དྲིལ་བུ་པའི་དབང་དང་ཆོས་སྐོར་། མ་ཧཱ་མཱ་ཡའི་ཆོས་སྐོར། ཀྱེ་རྡོ་རྗེ་ལ་སོགས་པའི་རྒྱུད། ནག་པོ་ཆེན་པོ་ལ་སོགས་པའི་བསྟན་སྲུངས་ཀྱི་བཀའ་མན་ངག །དམ་ཆོས་པད་དཀར་ལགས་པའི་མདོ་དང་། སྒོམ་རིམ་ལགས་པའི་ལུང་དང་། རིགས་གཏེར་རྣམས་གསན་ནོ། །གཞན་ཡང་། སྤྱལ་ཨ་མོ་གྷ་དང་། མཁན་པོ་ཕག་དང་། སློབ་དཔོན་དྷརྨ་གཟུགས་དང་། འབུམ་པ་འོད་ཤེ་དང་མཚོ་ཡངས་པ་སྙན་དར་མ་རྒྱལ་མཚན་དང་། སྲིན་པོ་རི་པ་མཁན་པོ་འཇམ་དང་། མཁན་པོ་སེང་གེ་ཟིལ་གནོན་དང་། ཡར་འབྲོག་པ་སྙན་སྟོན་ལགས་པ་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱིས་ཕྱུག་པར་གྱུར་པ་ཡིན་ནོ། །གཞན་ཡང་ཉིད་ཀྱི་སྲས་ཐུ་བོ་རྒྱ་གར་གྲགས་པ་དང་། སློབ་མ་གཞོན་ནུ་རྒྱལ་མཚན་གཉིས་ཧོར་དམག་གིས་ཁྱེར་བ་ལ་སྒྲོལ་མ་བཙོན་འདོན་གྱི་ཆོ་ག་བྱས་པས། སྒྲོལ་མའི་སྐུ་ནམ་མཁའ་གང་བའི་ཁྱོན་ཙམ་ཞིག་གི་ལྟེ་བ་ཁུང་ན། བྱིས་པ་གཉིས་པོ་མགོ་རུག་གེ་འདུག་པ་གཟིགས་ནས། དོན་འགྲུབ་པར་གཟིགས་པས། ཞག་གསུམ་ཙམ་ན་སྲས་གྱི་ཐུ་བོ་ཐར་ལ། ཟླ་གཅིག་ཙམ་ན་སློབ་མས་ཀྱང་མདུན་པ་བསྒྱུར་ཏེ་ཐར་བར་བྱས་སོ། །སྣར་ཕུའི་དགོན་པ། མཛོ་སྒང་

44a

༄༅།        །ན། གང་ཟག་བཟའ་མི་གཉིས་ལ་བུ་གཅིག་པོ་ལོ་དྲུག་ལོན་ཡང་ལྐུགས་ཤིང་འགྲོ་མི་ཤེས་པ་གཅིག་ཡོད་པ་ལ། རྟེན་འབྲེལ་གྱི་བྱ་བ་མཛད་དེ་གོས་རྗེས་མིང་བཏགས་པས། འགྲོ་འདུག་སྨྲ་བརྗོད་ཤེས་པར་བྱས་ཏེ། གཞན་ཡང་ལྐུགས་འཕྱེ་མང་པོ་ལ་དེ་ལྟར་མཛད་དོ། །ཐར་པ་གླིང་དུ་སྟོན་པ་གཞོན་བརྩོན་ཞེས་པ་སྒ་འབྲས་ཀྱི་རྣག་ཁྲག་ཟགས་པས་གློ་སྙིང་མཐོང་བར་གྱུར་པ་ཞིག་ལ་སྟོན་པ་ར་ཙེར་མིང་བཏགས་ནས། སྟོན་པ་གཞོན་བརྩོན། སྟོན་པ་ར་ཙེར་རེད། སྟོན་པ་ར་ཅོས་མི་ཁ་ར་ཐོ་བསད། །ཅེས་སྒོ་གོང་ལ་བྲིས་པས་ནད་སོས་པ་དང་། དེ་བཞིན་དུ་སོ་ན་བ་ལ་ཐབས་ཀྱི་སེར་ཁ་བསུབས་པས་ཕན་པ་དང་། ཀླད་གཟེར་ན་བ་ལ་སྒོའི་གཟེར་ཕྱུང་བས་ཕན་པ་དང་། སྐེད་པ་ན་བ་ལ་འོ་དོད། བོད་ཅིང་དབྱུག་བརྡུངས་བྱས་པས་ཕན་པ་དང་། བུ་ཚ་མ་ཐོན་པ་ཐད་ཀའི་གྱེང་ལ་བུག་པ་ཕུག་པས་ཕན་པ་དང་། སྨྱོ་བ་བརྟུལ་བ་ལ་སོགས་པ་གཞན་ཕན་མཐའ་ཡས་པར་མཛད་ཅིང་། ཁྱད་པར། དུས་ཀྱི་འཁོར་ལོའི་བཤད་པ་མཛད་པས་སློབ་མ་མཁས་པ་སྲས་རྣམས། གྲུབ་པའི་དབང་ཕྱུག་མན་ལུང་གུ་རུ་དང་། ལྷོ་པ་གྲུབ་སེང་དང་། ཐང་སྟོན་ལོ་ཙྪ་བ་ལགས་པ་དུས་འཁོར་མཁས་པའི་སློབ་མ་མང་པོ་བྱུང་ཞིང་གཞན་ཡང་། འགྲོ་མགོན་ཆོས་རྒྱལ་དང་། མཁན་ཆེན་ཁྲོ་ཕུ་བ་ལ་སོགས་པ་མཁས་བཙུན་བཟང་གསུམ་འཛོམ་པའི་སློབ་མ་མང་པོ་སྨིན་པར་བྱས་སོ། །བསམ་ཡས་ནས། རྒོད་དཀར་ལ་ལ་བྱོན་པའི་ཚེ་ཆོམ་རྐུན་མང་པོ་བྱུང་པ་ལ། ལྟ་སྟངས་དང་སྡིགས་འཛུབ་མང་པོ་མཛད་འཇིགས་པ་

44b

མེད་པར་བྱོན་པས། སྐུ་ཁམས་ཀྱི་སྙུན་དྲིས་ཏེ་བཞད་བགད་བྱེད་ཅིང་ཕྱོགས་སུ་སོང་བ་ལགས་པ་གྲུབ་པའི་མཚན་མ་བསམ་གྱི་མི་ཁྱབ་བོ། །དེ་ལྟར་རང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་བསྒྲུབས་ནས་དགུང་ལོ་བརྒྱད་བཅུ་བཞེས་ནས་ཆུ་ཕོ་རྟ་ལོ། ཆོ་འཕྲུལ་ཆེན་པོའི་ཡར་ངོའི་ཚེས་གསུམ་གྱི་སྔ་དྲོ་སྐུ་གཤེགས་སོ། །དེའི་སྲས་ཐུ་བོ་རྒྱ་གར་གྲགས་པ་རབ་ཏུ་བྱུང་བའི་མཚན། སློབ་དཔོན་ནམ་མཁའ་དཔལ་གྱིས་དུས་འཁོར་ལགས་པ་ཡབ་ཀྱི་ཡོན་ཏན་རྣམས་ཕལ་ཆེར་ཐུགས་སུ་ཆུད་ནས་དབེན་དམར་གྱི་གདན་ས་བཟུང་། གཙུག་ལག་ཁང་བརྩིགས་ཆོས་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་ནས་འདས་སོ། །སྲས་བླ་མ་ཤེས་རབ་སེང་གེ་ལྕགས་མོ་ཕག་ལ་འཁྲུངས། གཞོན་ནུའི་དུས་ནས་འདྲི་ཀློག་ལག་འབྱོངས་ནས། དུས་འཁོར་ལ་སློབ་གཉེར་མཛད་དེ། དགུང་ལོ་བཅུ་དྲུག་པ་ལ་དུས་འཁོར་གསུངས་སོ། །ཉི་ཤུ་པ་ལ་ཐར་པར་བྱོན་ནས་སྤྱལ་པའི་ཆོས་རྣམས་ཞུས། ཉི་ཤུ་རྩ་གཉིས་པ་ལ་སྟག་སྡེ་སེང་རྒྱལ་གྱི་དྲུང་དུ་བྱོན་ཏེ་ལོ་ལྔའི་བར་དུ་ཕར་ཚད་ལ་སྦྱངས། ཁྱད་པར་དུ་ཚད་མ་ལ་མཁས་པར་གྱུར་ཏེ་དབུས་གཙང་དུ་གྲ་སྐོར་ཡང་མཛད་དོ། །སུམ་ཅུ་པ་ལ་བླ་མ་ཆོས་རྒྱལ་དང་། མཁན་པོ་མཆིམས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ཆོས་མང་དུ་ཞུས། ལོཙྪ་བ་གྲགས་པ་རྒྱལ་མཚན་གདན་དྲངས་ནས། རྡོ་རྗེ་ཕྲེང་བའི་དབང་དང་། འཇམ་དཔལ་རྩ་རྒྱུད་ལགས་པའི་རྒྱུད་དང་། སྨན་དཔྱད་ཡན་ལག་བརྒྱད་པ་ལགས་པ་གསན། དབེན་དམར་གྱི་གདན་ས་གཟུང་ནས་དུས་འཁོར་གྱི་བཤད་པ་ཡུན་རིང་དུ་མཛད། གཞན་ཡང་ཐར་པ། ཁྲོ་ཕུ། བསམ་ཡས། སྟག་ལུང་། གཞུ་ཀུན་དགའ་ར་བ།

45a

༄༅།       །ཤངས་རྩེ་གདོང་། སྟོན་མོ་ལུང་གཡུས་དགའ་ལྡན་ལགས་པ་དགོན་པ་སྣ་ཚོགས་པ་རྣམས་སུ་ཆོས་མང་པོ་གསུངས། དགུང་ལོ་བཞི་བཅུ་རྩ་གཅིག་པ་ལ། དབེན་དམར་གདན་ས་བླ་མ་རྡོ་རྗེ་རྒྱལ་མཚན་པ་ལ་གཏད་ནས། དམུ་རུ་ཕྱག་ཕབ། ཤངས་འབར་ར་བཏབ་ནས་གཙུག་ལག་ཁང་བཞེངས། རྒྱུད་འབུམ་དང་འདུལ་བ་ལུང་བཞེངས་ཏེ་སེམས་ཅན་མང་པོའི་དོན་མཛད་དོ། །བླ་མ་ཏི་ཤྲིས་དབུ་མཛད་ས་སྐྱ་པའི་གདུང་རྒྱུད་མང་པོ་དང་། གཞན་ཡང་མི་ཆེ་བའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། ལོཙྪ་བ་ཡར་ཐང་དཔང་གསུམ་གྱིས་དབུ་མཛད་མཁས་པ་དང་བཟང་བ་དང་བཙུན་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། ཁྱད་པར་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་བྱུང་ངོ་། །དེ་ལྟར་རང་གཞན་གྱི་དོན་མཐར་ཕྱིན་པར་མཛད་ནས། ཡོས་ལོ་ཟླ་བ་དགུ་པའི་ཚེས་བཅུ་ལ་ཤངས་འབར་དུ་འདས་སོ། །སྲས་གཅིག་སློབ་དཔོན་རྣལ་འབྱོར་གྱིས་ཡུལ་འཁོར་བསྐྱངས། སྲས་གཅིག་བླ་མ་ཨ་ཀ་ར་སིད་དྷི། དུས་འཁོར་ར་ལུགས་འབྲོ་ལུགས་སྤྱལ་པ་དང་ས་སྐྱ་པའི་ཆོས་སྐོར་མ་ལུས་པ་མཁྱེན་ནོ། །དེའི་སྲས་བླ་མ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་ནི་ཆུ་མོ་ལུག་ལ་འཁྲུངས། གཞོན་ནུའི་དུས་ནས་འདྲི་ཀློག་ལ་སྦྱངས་པ་མཛད་དེ། ཡི་གེ་བོད་ཀྱི་ཡི་གེའི་རིགས་ཐམས་ཅད་མཁྱེན་ནོ། །དེ་ནས་དུས་འཁོར་ལ་སྦྱང་པ་མཛད་ནས་དགུང་ལོ་བཅུ་དྲུག་ལ་དུས་འཁོར་གསུངས། བླ་མ་འཇམ་དབྱངས་རིན་རྒྱལ་དང་། སློབ་དཔོན་ཤེར་རྒྱལ་ལ་མཁན་སློབ་ཞུས་ནས་དགེ་ཚུལ་མཛད། དགུང་ལོ་བཅུ་དྲུག་ནས་དབེན་དམར་གྱི་གདན་ས་གཟུང་། དུས་འཁོར་གྱི་

45b

བཤད་གྲ་བསྐྱངས། མཁན་ཆེན། བཀའ་བཞི་པ་དང་། མཁན་པོ་ཞལ་སྔ་པ་ལ་མཁན་སློབ་ཞུས་ནས་བསྙེན་རྫོགས་མཛད། བླ་མ་མཁན་ཆེན་ཐར་པ་ལོཙྪ་བའི་སྤྱན་སྔར་བྱོན་ནས། སྒྲ་ཙནྡྲ་པ་བསླབ། རྒྱ་གར་དང་སིམ་ག་གླིང་དང་། ཁ་ཆེའི་ཡི་གེའི་རིགས་ཐམས་ཅད་མཁྱེན། གཞན་ཡང་ཆོས་མངོན་བ་དང་། མན་ངག་དང་སྒྲུབ་ཐབས་མང་པོ་གསན། བླ་མ་ཤེས་རབ་སེང་གེའི་དྲུང་དུ། དུས་འཁོར་གྱིས་གཙོ་བྱས་པའི་དབང་གི་བཀའ་ཐམས་ཅད་ཞུས་ཤིང་། བུམ་པ་གང་བྱོའི་ཚུལ་དུ་མཁྱེན། ཁྱད་པར་དུ། དུས་འཁོར་ལ་བཤད་པ་མཛད་པའི་ཚེ། དཀའ་བའི་གནས་མ་བདེ་བ་རྣམས། ཞུ་ཡིག་ཏུ་བསྐུར་བ་དང་དྲིས་ལན་གྱི་སྒོ་ནས་གཏན་ལ་ཕབ་ནས་ཤིན་ཏུ་མཁས་པར་གྱུར་ཏོ། །གཞན་ཡང་མཁན་པོ་ཞལ་སྔ་པའི་དྲུང་དུ་མཛོད་འདུལ་གསན། བླ་མ་མཛོ་པོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོཙྪ་ནས་རྒྱུད་པའི་རྡོ་རྗེ་ཕྲེང་བའི་དབང་བཀའ། གསང་འདུས་ཇོ་བོ་ལུགས་ཀྱི་བདེ་མཆོག་ལམ་འབྲས་ལ་སོགས་པའི་མན་ངག་གཞན་ཡང་རྒྱུད་མང་པོ་ཞུས། བླ་མ་སྲིའུ་ཆུང་པ་བློ་ལྡན་སེང་གེའི་དྲུང་དུ། ཡོ་ག་དང་གསང་འདུས་དང་འཇམ་དཔལ་གསང་ལྡན་དང་། རྡོ་རྗེ་གདན་བཞི་ལགས་པའི་རྒྱུད་མང་པོ་གསན་ནོ། །བླ་མ་ཤེས་རབ་སེང་གེ་སྐུ་གཤེགས་ནས་ཤངས་འབར་དང་གཉིས་ཀ་བཟུང་སྟེ། དུས་འཁོར་གྱི་བཤད་ཉན་ཡུན་རིང་པོ་མཛད། དེ་ནས་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་པའི་རྒྱུས། རྒྱལ་པོ་ཆེན་པོས་གདན་དྲངས་ཏེ། ཁྱིའི་ལོ་ལ་རྒྱ་ནག་ཏུ་གཤེགས་ནས་རྒྱལ་པོ་ཆེན་པོ་དང་བློན་པོ་ཕལ་ཆེ་བ་དད་པར་བྱས་འགྲོ་ཕན་རྒྱ་ཆེན་པོ་མཛད་

46a

༄༅།       །ནས་གླང་ལོ་ཟླ་བ་བཅུ་པའི་ཚེས་གཅིག་ལ་བདེ་བར་གཤེགས་སོ། །བླ་མ་དེའི་དྲུང་དུ་བདག་གིས་ཟླ་བ་དགུ་བར་མ་ཆད་པར་བསྟེན་ནས་དུས་འཁོར་ཡན་ལག་དང་བཅས་པའི་གསུང་གི་བདུད་རྩི་ཅུང་ཟད་མྱངས་པ་ཡིན་ནོ། །གཞན་ཡང་མཁན་པོ་ལོཙྪ་བའི་དྲུང་དུ། དུས་འཁོར་གྱི་ཁྲིད་བཀའ་དང་། དབང་མདོར་བསྟན་ལགས་པའི་ཕྲན་རྣམས་དང་། འགྲེལ་ཆེན་གྱིས་དཀའ་བའི་གནས་མང་པོ་ཞུས་སོ། །དེའི་བར་དུ་དམ་ཚིག་གི་སེལ་མ་ཞུགས་བཤད་པ་ལ་ལྷད་མ་ཞུགས་བླ་མའི་མན་ངག་དང་ལྡན་བར་འོངས་པ་ཡིན་ནོ། །དུས་འཁོར་ལུགས་གཞན་ནི་དུས་ཞབས་པའི་སློབ་མ་ཤྲཱི་བ་དྲ་བོ་དྷིཿགྱི་ཇོ་ཟླ་བའི་འོད་ཟེར་ལ་གནང་། དེས་དུས་འཁོར་གྱི་བཤད་བཀའ་གཙུགས་ཏེ་ཡུན་རིང་དུ་གསུངས་ཀྱང་། སློབ་མ་དུས་འཁོར་ཤེས་པ་བཞི་ཙམ་ལས་མ་བྱུང་ཞིང་དེས་ཀྱང་དུས་འཁོར་གྱི་བཤད་བཀའ་ཟིན་པ་མ་བྱུང་ངོ་། །དཱ་ན་ཤྲཱིའི་སློབ་མ་དགེ་སློང་དང་བློ་གྲོས་སྙིང་པོ་དང་། བྱང་ཆུབ་ཤེས་རབ་ལགས་ཏེ་དེ་དག་གིས་ཀྱང་བཤད་བཀའ་ཟིན་པ་མ་བྱུང་། ཨ་བྷ་ཡའི་སློབ་མ་ཁེ་རྒད་འཁོར་ལོ་གྲགས་པ་དང་རྩ་མིའི་སློབ་མ། རྒ་ལོ་དང་། རོངས་བརླིངས་ལོཙྪ་དང་། སྟེངས་པ་ལོཙྪ་ལགས་པས་ཀྱང་བཤད་བཀའ་ཟིན་པ་མ་བྱུང་། སེ་ལོཙྪ་བས། སྩྭ་མི་ལ་བཀའ་རྣམས་ཞུས་ནས། གཉོས་འོད་མ་ལ་གནང་། དེ་ནས་རིམས་ཀྱིས་བརྒྱུད་དེ་རྩ་མི་ལུགས་ཀྱི་བཤད་བཀའ་བྱུང་བ་ཡིན་ནོ། །དེ་ལྟར་ན་དུས་ཀྱི་འཁོར་ལོ་ལ་འགྱུར་མི་གཅིག་པ་བཅོ་ལྔ་བཅུ་དྲུག་ཙམ་ཡོད་ཀྱང་། བཤད་པའི་བཀའ་མན་ངག་དང་ལྡན་བ་ནི་གཙོ་ཆེ་བ་གསུམ་པོའི་རྒྱུན་ལས་བྱུང་བ་

46b

ཡིན་ནོ། །