བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
བརྗོད་བྱ་དོན་གྱི་རྒྱུད།
上一章
下一章

(བརྗོད་བྱ་དོན་གྱི་རྒྱུད།)

དང་པོ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་བརྗོད། །རྒྱུན་དེ་རྣམ་

53b

པ་གསུམ་དུ་འགྱུར། །གཞི་དང་རང་བཞིན་ཉིད་དང་ནི། །མི་འཕྲོགས་པའི་རབ་དབྱེ་ལས། །རང་ནི་རྣམ་པ་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས། རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུ་རྒྱུད་གསུམ་དུ་གསུངས་ལ། དེའི་དོན་མན་སྙེར། དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་པ་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ཏོ། །དེ་རྒྱུད་སྟེ་ཉེ་བར་ལེན་པའི་བྱེད་པ་པོ་རྒྱུའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་མེད་པའི་བག་ཆགས་ཀྱི་དྲི་མས་མ་གོས་པ་ངོ་བོ་ཉིད་གྱིས་གྲུབ་པའི་སངས་རྒྱས་ཉིད་དེ། དེ་ཁོ་ན་ནི་དྲི་མ་མེད་པ་ཉིད་ཐོབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱི་རྒྱུའོ་ཞེས་པའི་དོན་ཏོ། །ཞེས་གསུངས་པས། དངོས་པོ་རྣམས་རང་གི་ངོ་བོ་འོད་གསལ་བར་ཐོག་མ་མེད་པ་ནས་རྒྱུན་ཆགས་པ་ནི་རྒྱུའི་རྒྱུད་དེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་བརྗོད་པར་བྱ། །ཞེས་པ་དང་། སྒྱུ་འཕྲུལ་དྲ་བ་ལས་ཀྱང་། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །ཞེས་གསུངས་སོ། །འབྲས་རྒྱུད་ནི། མན་སྙེར། རྒྱུ་དེ་ལས་གློ་བུར་དྲི་མ་དང་བྲལ་བ་ལས་གང་དྲི་མ་དང་བྲལ་བ་ཉིད་ཐོབ་པའི་མཚན་ཉིད་ཅན་གྱི་འབྲས་བུ་འབྲས་བུའི་རྡོ་རྗེ་འཛིན་པ་དེ་ནི་མི་འཕྲོགས་པར་བརྗོད་པར་བྱ་སྟེ། བག་ཆགས་ཀྱི་དྲི་མ་རྣམས་ཀྱིས་མི་འཕྲོགས་པ་ཉིད་ཀྱི་ཕྱིར་ཏེ། འཕྲོགས་པ་ནི་ཡང་དག་པར་འཕྲོགས་པ་སྟེ་འགྲིབ་པའམ་སྡུད་པ་པོ་ཞེས་པས། འབྲས་བུ་སངས་རྒྱས་ཀྱི་སྐུ་བཞི་ཕྲིན་ལས་དང་བཅས་པ་རྒྱུན་ཆགས་པ་ནི་རྒྱུད་དེ་འབྲས་རྒྱུད་དོ། །ཡང་ཐབས་

54a

༄༅།       །རྒྱུད་ནི། མན་སྙེར། དྲི་མ་མེད་པ་ཉིད་ཐོབ་པའི་ཐབས་ཏེ་ལྷན་ཅིག་བྱེད་པའི་རྐྱེན་བསྐྱེད་པ་དང་རྫོགས་པའི་རིམ་པའི་ངོ་བོ་ནི་གཞི་ཞེས་བརྗོད་པར་བྱ་སྟེ། དེ་ལ་བརྟེན་ནས་སྐྱེ་བ་དང་གནས་པའི་ཕྱིར་ན་མྱུ་གུའི་ས་གཞི་བཞིན་ནོ་ཞེས་སོ། །འབྲས་བུའི་རྒྱུད་ཐོབ་པའི་དངོས་ཀྱི་ཐབས་རྫོགས་པའི་རིམ་པ་དང་། དེའི་སྔོན་འགྲོ་བསྐྱེད་པའི་རིམ་པ་དང་། དེ་དག་གི་ཡན་ལག་དབང་དང་དམ་ཚིག་དང་སྡོམ་པ་དང་ལས་རབ་འབྱམ་ལགས་པ་རྣམས། རྒྱུན་ཆགས་པས་ན་རྒྱུད་ཅེས་བྱ་སྟེ། དབང་ལགས་པ་གདམས་ངག་གི་རྒྱུད་པ་བར་མ་ཆད་པའི་ཕྱིར་དང་། ལམ་བསྐྱེད་རྫོགས་ཀྱི་ཉམས་ལེན་རྒྱུན་ཆགས་པས་ན་རྒྱུད་ཅེས་བྱའོ། །