བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣༽.འདོགས་པའི་རྒྱུ་མཚན།
上一章
下一章

(༣༽.འདོགས་པའི་རྒྱུ་མཚན།)

གསུམ་པ་ལ། གནས་ལ་མཚན་དུ་བཏགས་པ་པོ་ཊ་ལ་ཀའི་གཟུངས་ཞེས་པ་དང་། དཔེ་ལ་མིང་དུ་བཏགས་པའི་རྡོ་རྗེ་ཕྲེང་བའི་རྒྱུད་ལྟ་བུ། ཞུ་བ་པོ་ལ་མིང་དུ་བཏགས་པ་ལྷ་མོ་བཞིས་ཞུས་པའི་རྒྱུད་ལྟ་བུ། བརྗོད་བྱ་ལ་མིང་དུ་བཏགས་པ་ལ། འབྲས་རྒྱུད་ཀྱིས་མིང་དུ་བཏགས་པ་གསང་བ་འདུས་པ་བདེ་མཆོག་འཁོར་ལོ་ལྟ་བུ། ཐབས་རྒྱུད་ཀྱི་མིང་གིས་བཏགས་པ་དེ་ཉིད་འདུས་པའམ་ངན་སོང་སྦྱོང་བ་ལྟ་བུའོ། །གཞུང་ཚད་ལ་མིང་དུ་བཏགས་པ། དགེས་རྡོར་འབུམ་ཕྲག་ལྔ་པ་ཞེས་པ་ལྟ་བུ་ལས་འདིར། མཆོག་གི་དང་པོའི་སངས་རྒྱས་ཞེས་པ། བརྗོད་

55b

བྱ་འབྲས་རྒྱུད་ཀྱི་མིང་གིས་བརྗོད་བྱེད་ལ་བཏགས། ཕྱུང་བ་ཞེས་པ་རང་མིང་ངམ་དཔེའི་མིང་ཡིན། དཔལ་དུས་ཀྱི་འཁོར་ལོ་ཞེས་པ། ཕྱི་ནང་ལ་སྦྱར་བའི་ཆ་ནས། བརྗོད་བྱ་རྒྱུ་རྒྱུད་གྱི་མིང་གིས་བརྗོད་བྱེད་ལ་བཏགས། འབྲས་བུ་ལ་སྦྱར་བའི་ཆ་ནས་བརྗོད་བྱ་འབྲས་རྒྱུད་ཀྱི་མིང་གིས་བརྗོད་བྱེད་ལ་བཏགས། རྒྱུད་ཀྱི་རྒྱལ་པོ་ཞེས་པའང་བརྗོད་བྱའི་མིང་གིས་བརྗོད་བྱེད་ལ་བཏགས་ཏེ་དེའང་གསུམ་དུ་ཤེས་པར་བྱའོ། །འགྲེལ་པའི་མཚན་གྱིས་འདོགས་པའི་རྒྱུ་ནི། སྡུས་པ་ཞེས་པ་རང་མིང་ངམ་དཔེ་ལས་བཏགས། རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ཞེས་པ་སྔར་བཞིན་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་ཞེས་པ་དོན་ལས་མིང་དུ་བཏགས། སྟོང་ཕྲག་བཅུ་གཉིས་པ་ཞེས་པ་གཞུང་ཚད་ཀྱི་མིང་གིས་བཏགས། དྲི་མ་མེད་པའི་འོད་ཅེས་པ་ནི། ཟླ་བ་ཆ་བཅུ་དྲུག་སྒྲིབ་བྲལ་སྟོན་པའི་ཆ་ནས་དོན་གྱི་མིང་། ལོག་ཤེས་མུན་པའི་ཚོགས་འཇོམས་པར་བྱེད་པའི་ཆ་ནས་དཔེའི་མིང་ངོ་། །