༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གཉིས་པ། ལྷ་ལྕམ་ཀུན་ས་ཞི་ངན་སོང་ནས་བཏོན་པའི་ལེའུ།
上一章
下一章

(ལེའུ་གཉིས་པ། ལྷ་ལྕམ་ཀུན་ས་ཞི་ངན་སོང་ནས་བཏོན་པའི་ལེའུ།)

དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་དང་༔ བལ་མོ་ཤཱཀྱ་དེ་བ་དང་༔ ཡབ་ནི་བལ་རྗེ་ལྷ་ཁྲི་དང་༔

1-26b

ཡུམ་ནི་ཤཱཀྱ་ཁྲི་མ་དང་༔ མིང་པོ་བ་སུ་དྷ་ར་ཡིས༔ ལྷ་ལྕམ་ཀུན་ས་བརྒྱལ་བའི་སྔས་འོངས་བཏེག༔ བུ་མོ་ཁྱེད་ནི་མ་བརྒྱལ་ཡར་ལོངས་དང་༔ སྔ་མའི་ལས་ལ་འགྱོད་པ་དྲག་པོ་སྐྱེས༔ སྦྱིན་པ་འཕངས་མེད་གཏོང་ནུས་ཤིང་༔ བཤགས་པ་དྲག་པོ་བྱེད་ནུས་པ༔ མཆོད་པ་བཟང་པོ་འབུལ་ནུས་ཏེ༔ ཡན་ལག་བདུན་པ་བྱེད་ནུས་ན༔ དམྱལ་ཟངས་འདི་ནང་མི་འཚོད་ལ༔ སྐྱེས་པ་འདི་བརྒྱས་སྦྱོང་སྦྱོང་མི་བྱེད་ན༔ སྡིག་པ་བཅུ་སྤངས་དགེ་བཅུ་སྤྱད་པ་ཡིས༔ ངན་སོང་སྡུག་བསྔལ་ཉམས་སུ་མྱོང་དོན་མེད༔ ཅེས་སློབ་དཔོན་པདྨས་གསུངས་སོ༔ བུ་མོ་བརྒྱལ་སངས་དགའ་བའི་སེམས་སྐྱེས་ནས༔ གནས་མཆོག་དམ་པར་ལྷ་ལྕམ་ཁྲིད་ནས་ཕྱིན༔ ལྷ་ལྕམ་ཀུན་ས་ཞི་ཡིས་འདི་སྐད་ཞུས༔ ཨོ་རྒྱན་པདྨ་འབྱུང་གནས་མཁས་པའི་མཆོག༔ རྣམ་པ་ཅི་ཡང་མཁྱེན་པའི་ཐུགས༔ སེམས་ཅན་ཀུན་གྱི་ཡབ་གཅིག་པུ༔ བདག་ནི་མོ་ལུས་མི་དགེ་བཅུ༔ སྔོན་ཡང་ལས་ངན་སྡིག་བསགས་

1-27a

༄༅༔       ༔པས༔ ད་ལྟ་ཟ་མ་མོ་ཡི་ལུས༔ མོ་ཡི་ནང་ནས་ཆགས་པ་ཆེ༔ ལས་ངན་ཀླུ་གྱོང་འཁོར་བར་སྦྲེལ༔ དུད་འགྲོའི་ཡུལ་ནས་དམྱལ་བར་ཕྱིན༔ ཐབས་མཁས་རྒྱལ་པོས་བཏོན་པ་ལགས༔ ད་དུང་སེམས་ནི་མ་བདེ་ཐུགས་རྗེས་བཟུང་༔ ཞེས་ཞུས་སོ༔ ཨོ་རྒྱན་ཆེན་པོས་བཀའ་སྩལ་པ༔ སྔར་བྱས་སྡིག་ཚོགས་སེམས་ཅན་མ་རིག་བློ༔ རིག་ནས་བཤགས་བྱེད་ཕྱིས་སྤོང་དགེ་བ་རབ༔ དད་པ་བརྟན་པོ་ཕྱིར་མི་ལྡོག་པའི་རྒྱུ༔ བཀའ་འདུས་ལྷ་ཚོགས་མཚན་ནས་བརྗོད༔ ལུས་ཀྱི་ལྕེར་སྦྱངས་གདབ་ཕྱག་སེམས་ཀྱིས་འགྱོད༔ ངན་སོང་གསུམ་དུ་དྭོགས་མི་འཚལ༔ ཞེས་གསུངས་སོ༔ བལ་མོ་ཀུན་ས་ཞི་ཡིས་གསོལ༔ བུད་མེད་ཤིན་ཏུ་རིག་པ་བློ་ཆུང་ན༔ མཆོད་པ་རྣམ་ལྔ་གསུང་བར་ཞུ༔ ཨོ་རྒྱན་ཆེན་པོས་བཀའ་སྩལ་པ༔ གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ༔ དེ་དང་བསྟུན་པའི་ཐེག་པ་རིམ་པ་དགུ༔ ཐེག་པ་རེ་ལ་མཆོད་པ་ལྔ་ལྔ་འབྱུང་༔

1-27b

དུག་ལྔའི་དབང་གིས་འཁོར་བའི་གནས་སུ་སྐྱེ༔ ཞེ་སྡང་བྱམས་པའི་མཆོད་དང་གཅིག༔ འདོད་ཆགས་སྦྱིན་པའི་མཆོད་དང་གཉིས༔ གཏི་མུག་ཡེ་ཤེས་མཆོད་དང་གསུམ༔ ཕྲག་དོག་དག་སྣང་མཆོད་དང་བཞི༔ ང་རྒྱལ་ཞི་བའི་མཆོད་དང་ལྔ༔ དེ་ལ་རྒྱུ་ཡི་ཐེག་པ་གསུམ་གྱི་མཆོད་པའོ༔ སྐྱེ་བ་རྣམ་བཞི་སྒྲོལ་བའི་མཆོད་དང་གཅིག༔ འཁོར་བའི་ལམ་ལྔ་སྦྱོང་བའི་མཆོད་དང་གཉིས༔ ཉོན་མོངས་བག་ཆགས་སྦྱོང་བའི་མཆོད་དང་གསུམ༔ ལྷ་མོའི་ཚོགས་བསྐྱེད་མཆོད་པ་དང་ནི་བཞི༔ ཏིང་འཛིན་ཡེ་ཤེས་ཀློང་མཆོད་དང་ལྔ་སྟེ༔ དེ་ལྔ་ལམ་གྱི་ཐེག་པ་གསུམ་གྱི་མཆོད་པའོ༔ ལུས་གུས་པའི་མཆོད་པ་དང་གཅིག༔ ངག་སྙན་པའི་མཆོད་པ་དང་གཉིས༔ ཡིད་དད་པའི་མཆོད་པ་དང་གསུམ༔ འདོད་ཡོན་གཙང་མའི་མཆོད་པ་དང་བཞི༔ རྫས་མཛེས་པའི་མཆོད་པ་དང་ལྔ༔ དེ་ལྔ་འབྲས་བུའི་ཐེག་པ་གསུམ་གྱི་མཆོད་པའོ༔ མར་མེ་མུན་སེལ་མཆོད་པ་དང་གཅིག༔ སྦྱར་སྤོས་དྲི་

1-28a

༄༅༔       ༔བཟང་མཆོད་པ་དང་གཉིས༔ རྩི་སྨན་རོ་མཆོག་མཆོད་པ་དང་གསུམ༔ ཡོན་ཆབ་ཞལ་ཟས་མཆོད་པ་དང་བཞི༔ མེ་ཏོག་མཛེས་པའི་མཆོད་པ་དང་ལྔ༔ དེ་ལྔ་ཕྱི་མཆོད་རྣམ་པ་ལྔའོ༔ སྐུའི་མཆོད་པ་ཕྱག་རྒྱ་དང་གཅིག༔ གསུང་གི་མཆོད་པ་སྙིང་པོ་དང་གཉིས༔ ཐུགས་ཀྱི་མཆོད་པ་ཏིང་ངེ་འཛིན་དང་གསུམ༔ ཡོན་ཏན་གྱི་མཆོད་པ་ཡོ་བྱད་དང་བཞི༔ འཕྲིན་ལས་ཀྱི་མཆོད་པ་གྱེར་སྒོམ་དང་ལྔའོ༔ ཉེར་ལྔ་དྲང་དོན་ཙམ་དུ་ཕྱེ་བ་ལས༔ ངེས་དོན་རྟོགས་ན་གཅིག་གི་ནང་དུ་གཅིག་ཚང་ངོ་༔ ཏིང་འཛིན་མཆོད་པ་ཉི་ཤུ་རྩ་བརྒྱད་དང་༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དོ༔ རྫས་ལ་བརྟེན་པའི་སྡིག་སྒྲིབ་སྦྱང་སྒྱུར་བསྟན༔ གང་ཟག་བློ་རབ་ཏིང་འཛིན་མཆོད་པ་ཡིན༔ ཐ་མལ་མཆོད་པ་རྫས་དང་ཡོ་བྱད་སོགས༔ བཀའ་འདུས་ཕོ་བྲང་བཞེངས་ལ་དབུལ་བར་བྱ༔ ཉིན་པར་མཆོད་པ་སྤོས་དང་མེ་ཏོག་བཟང་༔ མཚན་མོའི་མཆོད་པ་སྤོས་སྤར་མར་མེ་བཟང་༔ ཉིན་

1-28b

མཚན་རྒྱུན་དུ་སྦྱར་སྤོས་བཟང་བའོ༔ སྙིང་པོ་ངན་སོང་དོང་སྤྲུག་ཡིག་བརྒྱ་བཟང་༔ སྨན་རཀ་གཏོར་གསུམ་ནང་གི་མཆོད་པར་བཟང་༔ སྐུ་མདོག་ཕྱག་མཚན་གདན་ཁྲི་རྒྱན་ཆས་ལ༔ སྤྲོ་བསྡུ་འོད་ཟེར་ཕྱོགས་བཅུར་སྤྲོ་ཞིང་བསྡུ༔ ལུས་ངག་ཡིད་གསུམ་ཐང་བཅད་ཕྱག་འཚལ་ལོ༔ ཉོན་མོངས་སྒྲིབ་པ༔ ཤེས་བྱའི་སྒྲིབ་པ༔ མ་རིག་སྒྲིབ་པ༔ བག་ཆགས་སྒྲིབ་པ༔ རྣམ་སྨིན་སྒྲིབ་པ༔ ལས་ཀྱི་སྒྲིབ་པ༔ སྙོམས་འཇུག་གི་སྒྲིབ་པ༔ སྤྲུལ་པའི་སྒྲིབ་པ༔ ཆོས་ཀྱི་སྒྲིབ་པ༔ བཏང་སྙོམས་ཀྱི་སྒྲིབ་པ༔ བདག་དང་མཐའ་ཡས་སེམས་ཅན་སྡིག་སྒྲིབ་སྦྱངས༔ བསྡུ་ན་ལུས་ངག་ཡིད་གསུམ་སྒྲིབ་པར་འདུས༔ ཁམས་གསུམ་ལས་ཀྱིས་འཁོར་བའི་སེམས་ཅན་འཁོར༔ སྡུག་བསྔལ་ལས་ཀྱིས་འཁོར་བའི་སེམས་ཅན་འཁྲུལ༔ ལས་ཀྱིས་གདུངས་ནས་སྦྱོང་བ་སྟོབས་པོ་ཆེ༔ འདི་ལྟ་བུ་ཡི་འགྱོད་ཚངས་སྡིག་བཤགས་བསྟན༔ ཕྱི་རབས་རྣམས་ཀྱིས་དཔེ་རུ་བཞག་ནས་སོང་༔ ཞེས་གསུངས་སོ༔ ལྷ་གཅིག་ཀུན་ས་ཞི་ཡིས་བསྒྲུབས༔

1-29a

༄༅༔       ༔ལྷ་ལྕམ་ཀུན་སའི་སྒོ་གསུམ་སྡིག་སྒྲིབ་རྣམས༔ མེ་ལོང་ཕྱིས་པ་གཡའ་དག་བཞིན་དུ་སོང་༔ ལུས་ངག་ཡིད་གསུམ་རྣམ་པར་དག་པ་ཐོབ༔ སྐུ་ལྔ་ཤེལ་སྒོང་ཕྱིས་པ་འདྲ་བ་བཞིན༔ དྲི་མེད་འོད་ཟེར་འཕྲོ་བ་མཁའ་སྤྱོད་ཡལ༔ ལྷ་ལྕམ་ཀུན་ས་ཞི་ངན་སོང་ནས་བཏོན་པའི་ལེའུ་སྟེ་བཅུ་གཉིས་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔