༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གསུམ་པ། ལྷ་འདྲེ་གཡུལ་ལོག་པའི་ལེའུ།
上一章
下一章

(ལེའུ་བཅུ་གསུམ་པ། ལྷ་འདྲེ་གཡུལ་ལོག་པའི་ལེའུ།)

དེ་ནས་ལྷོ་བལ་མཐའ་འཁོབ་ཡུལ༔ པུརྞ་ཛ་རི་གླང་ཆེན་སྣ་རུ་བྱོན༔ སྲིད་ལ་ཉེ་བསྟན་འཁོར་བཅས་རྣམས༔ མི་མཚར་དཀར་པོ་དར་ཐོད་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ རྟ་ནི་སྔོན་པོ་འཇའ་འདྲ་ཞོན༔ ལག་ཏུ་དར་ཆེན་ཕྱར་ནས་བྱུང་༔ བོད་ཁམས་སྐྱེ་འགྲོ་ཡོངས་ལ་ཕན་པ་ཡི༔ བཀའ་དམ་བཏགས་ནས་གཅེས་འཕྲེང་གཏད༔ བསེ་སྒྲོམ་འདི་ཉིད་ལ་དབང་བ༔ ལོ་རྒྱ་བརྩོན་འགྲུས་སེང་གེ་ཞེས༔ རིག་པའི་གནས་ལྔ་ལ་མཁས་པ༔ ཁྱད་པར་གསང་སྔགས་རྙིང་མ་སྦྱངས༔ གྲུབ་ཆེན་བརྒྱད་ཀྱིས་བྱིན་གྱིས་

1-29b

བརླབས༔ རྒྱ་ནས་བོད་འགྲོར་འོངས་པས་བྱིན༔ དེ་བར་ཁྱོད་ཀྱིས་སྲུངས་ཤིག་གསུངས༔ ཀླུ་གྱོང་བར་གློག་བར་སྣང་གློག་མ་སྤྲིན༔ གནོད་སྦྱིན་རྒོད་ཁ་འབུམ་ཕྲག་བཅས༔ སྲིད་པ་རྒྱ་མཚོའི་གཏིང་རུམ་ནས༔ ཀླུ་ཡི་ཡུལ་ཁམས་ཆོ་ངེས་གང་༔ སྲིད་པ་གསུམ་གྱི་དམག་སྡེ་བཅས༔ དྲག་ཤུལ་ཁྲོས་པའི་ང་རོ་སྒྲོག༔ ཀླུ་བདུད་འབུམ་གྱི་དམག་སྡེ་བཅས༔ གནག་པའི་ལས་ཀྱིས་འདི་སྐད་ལོ༔ མི་ཤེས་དགུ་ཤེས་པདྨ་འབྱུང་༔ མི་བྱེད་དགུ་བྱེད་ཤར་ཤོར་བྱེད༔ མཐོང་གསལ་རིག་པའི་དབང་པོ་འཕྲོག༔ ངེད་ཀྱི་ལྷ་གཅིག་ཀུན་ས་བརྐུས༔ སྲིད་པའི་བུད་མེད་དེ་འདྲ་བ༔ མཐོང་བ་ཙམ་གྱིས་མི་ཁྱིམ་འཚེངས༔ བལ་རྗེའི་བུ་མོ་ཡ་མཚན་ཅན༔ རྒྱ་གར་ཡུལ་ནས་ཕུར་པ་ཁྱེར༔ ཡང་ལེ་ཤོད་དུ་ཕེབས་པས་བརླག༔ འཕུང་བྱེད་ལས་ཀྱི་རྫུན་བྱེད་པདྨ་འབྱུང་༔ མིག་རྣོས་བལྟས་ཀྱང་གར་སྦས་མི་མཐོང་ན༔ ངེད་གཉིས་བསད་ཀྱང་རུང་ལ་སྦས་ཀྱང་རུང་༔ ནོར་གྱིས་ཕྱི་ནས་བསླུས་ཀྱང་མི་ཡོང་གི༔ གང་བྱུང་དག་

1-30a

༄༅༔       ༔གིས་རྒྱུག་ཅིང་གསོད་པ་འཐད༔ མང་ཡུལ་ལ་འཕྲེང་ཐམས་ཅད་རྣམས༔ ཡར་ལྷ་ཤམ་པོས་དགོག་ཅིག་གདམས༔ ཁ་ལ་ཁ་ཆེན་སྐུངས་རྒྱ་བྱས་པ་ཡིས༔ སྐུངས་གཅིག་མ་སོད་གཅིག་གིས་གསོད་པར་འགྱུར༔ འཛམ་གླིང་མི་ཕྱུགས་བླ་ཚེ་བརྐུས༔ དམག་སྟོན་བྱས་ནས་ཁ་ཁར་བསྐོས༔ ཞང་ཞུང་དགྲ་ལྷ་མུ་ཙ་མེད༔ ཀོང་བཙུན་དེ་མོ་སྨན་བཙུན་དེ་མོ་བཞི༔ ལྷ་རིགས་ཕ་མ་མཆེད་སོགས་གནོད་སྦྱིན་བཞི༔ གནམ་སྨན་དཀར་མོ་ལ་སོགས་བདུད་མོ་བཞི༔ ལས་སུ་བཅོལ་ན་ཅི་ཡང་ཉན༔ དོན་དུ་བསྒྲུབས་ན་ཅི་ཡང་འགྲུབ༔ པད་འབྱུང་ངན་བྱེད་པ་ལ་ཤོག་ཟེར་དགོས༔ འུ་ཡུག་བྲེ་མོ་སྣ་རུ་སྐུངས་ཆུག་བགྲོས༔ གནམ་ཐང་སྐུངས་ཆུག་ཐོག་ཕོབ་སོད་ཅིག་བསྐོས༔ རྡོ་རྗེ་ལེགས་པས་འུ་ཡུག་ནང་གོང་སྐུངས༔ ཁྱོད་ནི་ཕོ་ཉ་འཁོར་ཚོགས་མང་༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་ཆེ༔ རང་ལ་རང་ཚིག་གཡབ་མོས་ཐོབ༔ འོ་དོད་འབོད་ཅིང་འདུན་མ་བསྡུས༔ ཀུ་ལ་ཐང་ལྷར་ཐང་

1-30b

ལ་ཡབ་ཞུར་དང་༔ རྒྱབ་དཔུང་ཤབ་ཀྱི་འབར་བ་ནག་པོ་དང་༔ གཉན་ཆེན་ཐང་ལྷ་ཇོ་བོ་ཆེན་པོ་གསུམ༔ གཞི་བདག་ཀུ་ལུང་བཙན་བཞི་འཇོག༔ ཀླུ་གྱོང་བདག་གིས་མངགས་པའི་ཚེ་ན་འདུན༔ ཉིན་མཚན་དམྱལ་བ་གནམ་གྱི་ཆུ་ཚན་དུ༔ ལས་ངོ་མི་ལེན་སོ་ཤ་ཡུ་ཆུང་འཇོག༔ རྒྱ་མཚོ་མེར་བའི་ཁྱུད་འགྲམ་དུ༔ རྫོང་སྨན་སྐྱེས་ཆུང་ཕན་མོ་དར༔ མ་བཅོལ་སྲུང་མར་ཁས་འཆེས་པ༔ པད་འབྱུང་འགྲོ་རྐང་བཅག་པའི་དུས་ལ་བབ༔ སྟོད་ལུང་ཀོ་བ་བྲག་ཕུག་ཏུ༔ མ་མོ་འབར་མ་གསུམ་སྐུངས་གཞུག༔ མུན་མཚོ་འཁྲུག་པའི་རྦ་ཀློང་དུ༔ བདུད་རྣམས་ཡོངས་ལ་དབང་སྒྱུར་གཞུག༔ ཁམས་ཀྱི་གླ་བ་རྐང་གཅིག་ཏུ༔ རྡོར་ལེགས་ཐེའུ་རང་དབང་སྒྱུར་གཞུག༔ སེང་གེ་བྲག་ཕུག་གུ་ལང་འཕེན༔ དབང་ཕྱུག་ཆེན་པོ་དབྱུག་པ་ཐོགས༔ མདོ་སྨད་ཨན་ཆུང་གནམ་རྫོང་བྲག་ཕུག་ཏུ༔ མ་སངས་རྒྱལ་པོ་འགིང་པ་གཞུག༔ དམུ་བདུད་རྗེ་རྒྱལ་ཞེ་སྡང་ཆེ༔ དམུ་རྗེ་སྨན་ཁུང་ཡིད་ཆགས་རྣོ༔ བྲའུ་རེ་

1-31a

༄༅༔       ༔གདོང་རེ་རྒྱལ་ཅན༔ སྲིད་པའི་རྒྱལ་མོ་དམག་ལ་རྔམས༔ སྐྱེས་བུ་རླུང་བཙན་ལས་ངོ་ལེན༔ སྲོག་བདག་རྒྱལ་པོ་མི་སྟོང་མེད༔ སྲིད་པའི་རྒྱལ་མོ་རྒྱབ་དཔུང་མཛོད༔ མ་སྲིད་རྒྱལ་མོ་འདུན་མ་སྡུད༔ བྱང་སྨན་རྒྱལ་མོ་མཁའ་ལ་གནས༔ ས་བདག་ཀླུ་གཉན་སྙིང་ནས་འདྲེན༔ ས་སྲིན་ཀླུ་སྲིན་ཆོ་འཕྲུལ་ཆེ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུན་མ་དྲིལ༔ གཏིང་ཁམས་བུད་མེད་ས་བདག་མོ༔ གནོད་སྦྱིན་བུ་མོ་གཤིན་རྗེའི་བུ་མོ་དང་༔ ཀླུ་ཡི་བུ་མོ་གཉན་གྱི་བུ་མོ་དང་༔ བདུད་ཀྱི་བུ་མོ་ཀླུ་བདུད་་་་་་་ཀླུ་བཙན་དང་༔ བསམ་གྱིས་མི་ཁྱབ་བརྗོད་མི་ལང་༔ འཕན་ཡུལ་གཙད་ར་མོ་རུ་ཏིང་ལོ་སྨན༔ གཡུ་མཚོ་གཏིང་ལོ་སྨན་གཅིག་མོ༔ ལས་སུ་མངགས་པའི་པད་འབྱུང་སྲིབས༔ གཏིང་གི་མཚོ་སྨན་ཤ་གདོང་མ༔ སྐུ་མདོག་གཡུ་མཐིང་འོད་དུ་འཚེར༔ སྦྲུལ་ནག་རལ་པས་ལུས་ཀུན་ཁེབས༔ སྟག་སྨན་གདོང་དང་སྲིན་པོ་གསུམ༔ སྲོག་གཅོད་ལག་ན་རལ་གྲི་ཐོགས༔ ཟས་

1-31b

སུ་མི་ཤ་རྟ་ཤ་ཟ༔ སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་༔ མི་ལྤགས་སྟོང་གི་ཐུལ་བ་གྱོན༔ ནད་ཀྱི་རྐྱལ་པ་མཆན་ན་སྦོད༔ མཚོན་གྱི་གྲུ་གུ་གླད་ན་འཐུལ༔ སྟོད་ལུང་འགྲམ་བུ་ཡུལ་ཚལ་དུ༔ གནོད་སྦྱིན་གཙུག་ན་མེ་འབར་སྐུངས༔ གཞོན་པ་མདའ་རུ་ལྷ་འདྲེ་དཀར་པོ་སྐུངས༔ མལ་གྲོ་མདའ་དང་ཕུ་རྒྱ་མཚོར༔ ཀླུ་རིགས་ཀུན་གྱི་རྗེར་གྱུར་པ༔ ཀླུ་ནི་མལ་གྲོ་གཟི་ཅན་སྐུངས༔ ཁ་ལ་བྲག་རིར་སྨ་ཆེན་སྐུངས༔ བཙན་དང་བདུད་དང་ཐམས་ཅད་སྐུངས༔ གཡའ་རི་གོང་དུ་ཐེའུ་རང་འགོང་པོ་སྐུངས༔ ཧས་པོ་རི་རུ་ཀླུ་རིགས་སྐུངས༔ མང་ཡུལ་བྱེ་མའི་རབ་ཁ་རུ༔ ལྷ་སྲིན་སྡེ་བརྒྱད་སྐུངས་ཁ་བཙུགས༔ རོ་ཧ་ལུང་པ་ཁྲ་མོ་རུ༔ མ་ཡམས་ཕོ་ཉ་མོ་རྣམས་སྐུངས༔ གཙང་གི་གསིལ་མ་གངས་དཀར་དུ༔ སྨན་མོ་བུད་མེད་ཁྲོམ་ཚོགས་སྐུངས༔ གཙང་གི་ཁ་རག་གཡའ་མིག་ཏུ༔ འབྲོག་མོ་མི་མོ་ཁྲོམ་ཚོགས་སྐུངས༔ བཞག་པའི་ལས་སུ་པད་འབྱུང་འདུལ༔ མང་ཡུལ་ཁ་གུང་ཐང་ས་ནས༔ ལ་སྟོད་

1-32a

༄༅༔       ༔སྲིན་པོ་རྫོང་དང་སྟག་རི་བྲག༔ ལྷ་རྩེ་རྫོང་དང་ཤངས་ཀྱི་ཟམ་བུ་རྫོང་༔ ཕག་རི་སྤ་གྲོ་མོན་རྣམས་རྫོང་དུ་བརྩིགས༔ སྟོད་དུ་མངའ་རིས་བསྐོར་གསུམ་དམག་གིས་བཀང་༔ བར་དུ་དབུས་གཙང་རུ་བཞི་དམག་གིས་བཀང་༔ དྲག་ངར་འདུལ་སྟོབས་ཆེ་བ་ལྷ་འདྲེའི་དམག༔ རྣོ་མཚོན་མགྱོགས་ལུས་དཔའ་སྡེ་ཆེ་བས་གང་༔ གནག་པའི་ལས་སུ་སློབ་དཔོན་པད་འབྱུང་དགུག༔ དབེན་ཅིང་དྲག་པོའི་ཡོན་ཏན་ཚང་བའི་གནས༔ པད་འབྱུང་ཁྱེར་དྭོགས་ལྷ་འདྲེས་བདག་བཟུང་ནས༔ རོ་ལངས་བདུན་པས་ལས་ཀྱི་ཕོ་ཉར་འགྱེད༔ རླུང་འཚུབ་རྫུ་འཕྲུལ་མང་པོ་འགྱེད་ལ་བརྩོན༔ མེ་ཆུ་དུག་སྒྱོགས་མདའ་དུང་གྲི་མཚོན་འཕྱར༔ ཐོག་དང་སེར་བ་སད་དང་མུ་གེ་རིམས༔ ཡམས་ནད་དམག་འཁྲུག་ཁེངས་ལོག་བྱེད་པར་འཆམ༔ ལྷ་འདྲེ་གཡུལ་ལོག་པའི་ལེའུ་སྟེ་བཅུ་གསུམ་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔