༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གསུམ་པ། སྲོང་གི་བང་སོ་ཇི་ལྟར་མཆོད་པའི་ལེའུ།
上一章
下一章

(ལེའུ་བཅུ་གསུམ་པ། སྲོང་གི་བང་སོ་ཇི་ལྟར་མཆོད་པའི་ལེའུ།)

སྲོང་གི་བང་སོ་ཇི་ལྟར་མཆོད་པ་ནི༔ ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐད་པ་དེ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ རི་བོ་ཏ་ལའི་རྩེ་ནས་གདན་བསྐྱོད་དེ༔ བོད་ཁམས་ཡོངས་ཀྱི་མགོན་དུ་གཤེགས་སོ་སྐད༔ སྣང་བ་རྣམ་གསུམ་བྱུང་ནས་སྐུ་བལྟམས་ཏེ༔ སྐུ་གཅིག་ཕྱག་གཉིས་ཞལ་ནི་བཅུ་གཅིག་པ༔ ཡབ་ཡུམ་གཉིས་ལ་གཉིས་མེད་དྲི་མ་མཛད༔ སངས་རྒྱས་སྣང་བ་མཐའ་ཡས་དབང་བསྐུར་ནས༔ རྒྱལ་སར་བཏོན་པས་དགེ་བའི་ཁྲིམས་བཅས་ཏེ༔ ཐོག་མར་སྤྲུལ་པ་ལྔ་སྟོང་སྤྲུལ་ནས་ནི༔ བྱམས་པ་མི་འགྱུར་གཙུག་ལག་ཁང་ཆེན་བཞེངས༔ རྒྱ་ནག་བལ་པོ་གཉིས་ནས་ཐུགས་དམ་ནི༔ ཤཱཀྱ་མུ་ནི་མི་བསྐྱོད་རྡོ་རྗེ་བྱོན༔ ཁྲི་བཙུན་ཀོང་ཇོ་གཉིས་ཀ་ཁབ་ཏུ་བཞེས༔

2-64b

འཕྲུལ་སྣང་ར་མོ་ཆེ་ལ་སོགས་པ་ཡི༔ ཐུགས་རྟེན་བཞུགས་གནས་གཙུག་ལག་བརྒྱ་རྩ་བཞེངས༔ བོད་ལ་སྐུ་དྲིན་ཆེ་བར་མཛད་པའི་རྗེས༔ སྤྲུལ་པ་བསྡུས་ལུགས་སྣང་བ་གསུམ་དུ་བྱུང་༔ སངས་རྒྱས་རྣམས་ཀྱིས་སྤྲུལ་པ་བསྡུས་པར་གཟིགས༔ ནང་བློན་རྣམས་ཀྱིས་ལྷ་ལ་ཐིམ་པར་གཟིགས༔ རྒྱལ་བརྒྱུད་རྣམས་ཀྱིས་ཡར་ཀླུངས་སྨུག་རི་རུ༔ བང་སོ་བརྩིགས་ནས་ཡབ་ཡུམ་གསུམ་གྱི་ཕུར༔ གསེར་གྱིས་བྱུགས་ནས་དངུལ་གྱི་གའུར་བཅུག༔ བང་སོའི་རེའུ་མིག་དབུས་མར་ཁྲི་ལ་བཞུགས༔ གསེར་དངུལ་གཡུ་སོགས་བྲེ་ཡི་ཁལ་རེ་དང་༔ རྒྱལ་པོའི་དཀོར་ནོར་གང་ཡིན་སྤྱན་སྔར་སྤུངས༔ དར་ཟབ་བླ་བྲེར་གདུགས་དང་རྒྱལ་མཚན་བྲེས༔ མི་གླག་ས་ཚགས་ཀྱིས་ལེགས་པར་བསྡམས་པ་ལ༔ མི་ཤིགས་རྒྱ་ནི་རིམ་པ་བདུན་གྱིས་བཏབ༔ བློན་པོར་བསྐོས་པའི་ནང་བློན་རྣམས་ལ་གཉེར༔ ནང་བློན་གང་ཡིན་

2-65a

༄༅༔      ༔རྒྱལ་པོའི་བང་སོ་བསྲུང་༔ གཤིན་པོའི་ཚུལ་བཟུང་པུར་གྱི་འབངས་སུ་བསྔོས༔ གསོན་གཤིན་བྱེ་བྱས་མི་ཡི་ཁྱུ་ནས་བུད༔ རྒྱལ་བརྒྱུད་གསོན་པོ་རྣམས་དང་མི་འཕྲད་ཅིང་༔ མཆོད་པའི་དུས་མིན་བང་སོའི་ཐོ་ཕྱི་རུ༔ གསོན་པོའི་མི་དང་རྟ་ཕྱུགས་འཁྱམས་དབང་མེད༔ མི་ནོར་བྱུང་ན་དུར་བསྲུང་གཤིན་པོས་འཛིན༔ དུར་བསྲུང་གིས་རེག་གསོན་ཁྱུར་མི་ཚུད་ཅིང་༔ གཤིན་པོའི་རྟགས་བཟུང་དུར་བསྲུང་བྲན་གཡོག་བྱེད༔ གཞན་གྱི་བྱ་བ་གང་ཡང་མི་འབབ་ཅིང་༔ ས་ཁུལ་བང་སོའི་པུར་ཁང་ནོར་རྫས་བསྲུང་༔ མཐའ་འཁོབ་རྒྱལ་པོས་བོད་ལ་ལྟོ་ནག་གཏོང་༔ རྒྱལ་པོའི་ཕོ་ཉ་བང་སོའི་པུར་ལ་འཇབ༔ རྒྱས་བཏབ་རྗེས་ལ་ནང་བློན་དེ་ཕྱིར་བསྲུང་༔ མཆོད་པའི་དུས་ནི་གུང་ལ་གཤེགས་པ་ཡི༔ རྒྱལ་གྱི་ཉི་མར་སྲོང་གི་བང་སོ་མཆོད༔ ཕྱི་རབས་རྒྱལ་པོ་འདས་དུས་གང་ཡིན་ལ༔ རྒྱལ་

2-65b

བརྒྱུད་རྗེ་འབངས་འཁོར་དང་བཅས་པ་ཡིས༔ མཆོད་པའི་ལོངས་སྤྱོད་སྤྱན་གཟིགས་སྣ་ཚོགས་བཏེག༔ བཞེངས་ཀྱི་ལྷ་ཁང་ནང་དུ་བྱོན་ནས་ནི༔ དུར་འབུད་དབང་པོའི་དྲུང་དུ་བཏང་ནས་སུ༔ སང་གི་ཉི་མར་སྲོང་གི་བང་སོ་མཆོད༔ གཤིན་པོ་ཐམས་ཅད་བྱེས་ཀྱི་ལུང་པར་སོང༔ དེ་སྐད་སྨྲས་ནས་མཆོད་པ་རྒྱས་པར་བྱེད༔ ཕུད་དང་ནོར་དང་གོས་ལ་སོགས་པ་དང་༔ རྟ་ཕྱུགས་རྐང་འགྲོས་མཆོད་པའི་རྫས་རྣམས་ཀྱིས༔ མཆོད་པ་ཚར་ནས་ལྷག་མ་ཤུལ་དུ་སྤུངས༔ གཤིན་པོ་ཤོག་ལ་དེ་ལས་ཟོ་ཞིག་བསྔོ༔ ཕྱི་མིག་མི་ལྟ་རང་གི་གནས་སུ་འབྱོན༔ བྱེས་ཀྱི་ལུང་པའི་དུར་བསྲུང་བྱེད་པ་འོངས༔ ཕུད་དང་ལྷག་མ་ཁ་ཟས་བཅས་ལ་རོལ༔ གོས་དང་རྐང་འགྲོས་ལ་སོགས་ཕྱི་ལ་སྤྱོད༔ ས་ཁུལ་རྒྱ་ཁྱོན་འཚོ་བའི་ལོ་ཏོག་འདེབས༔ ཕུད་དང་ལྷག་མ་བཟའ་བཏུང་མང་པོ་འབྱུང་༔ ནོར་གྱིས་མ་འཕོངས་དྭོགས་

2-66a

༄༅༔      ༔འཚེ་གང་ཡང་མེད༔ དམག་དང་ལས་ཀ་གང་ཡང་མི་འབབ་ཅིང་༔ རང་སར་བདེ་བའི་ནང་བློན་ཁྱུ་ཡི་ཚོགས༔ སྲོང་གི་བང་སོ་ཇི་ལྟར་མཆོད་པའི་ལེའུ་སྟེ་བཅུ་གསུམ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔