༄༅། །བཀའ་ཐང་སྡེ་ལྔ།
༡༤ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཞལ་སྐྱེམས་གསོལ་ཟས་མི་ཟད་གཏེར་ལ་མངའ་བརྙེས་པའི་ལེའུ།
上一章
下一章

(༡༤ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཞལ་སྐྱེམས་གསོལ་ཟས་མི་ཟད་གཏེར་ལ་མངའ་བརྙེས་པའི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ དཀོར་མཛོད་དགུ་ནི་རྒྱུད་ཀྱི་མཛོད༔ རེ་རེའི་ནང་ན་ཀེའུ་ཚང་རེ༔ དཀོར་མཛོད་དབུས་མའི་ཀེའུ་ཚང་ནང་༔ ཏཱ་ལའི་ལོ་མའི་བཀའ་པོ་ཏི༔ གླེགས་བམ་བདུན་ཅུ་རྩ་དྲུག་ནི༔ རྒྱ་བོད་ལོ་པཎ་རྒྱ་དཔེ་བཞུགས༔ རྒྱ་ནག་ཤོག་བུ་དྲིལ་མ་ལ༔ ཧྭ་ཤང་མ་ཧྭ་ཡཱ་ན་ཡིས༔ རྒྱ་ནག་འགྱུར་གྱི་ཆོས་སྡེ་ནི༔ སེང་ལྡེང་སྒྲོམ་བུ་བཅུ་གཉིས་བཞུགས༔ བོད་ཤོག་གླེགས་བམ་བཞི་བརྒྱ་ལ༔ གསང་སྔགས་རྒྱུད་སྡེའི་སྒྲུབ་ཐབས་བཞུགས༔ གཡས་ཀྱི་ཀེའུ་ཚང་སྒོ་ནང་ན༔ རྒྱུད་འབུམ་གླེགས་བམ་བཞི་བཅུ་དང་༔ མདོ་མང་གཟུངས་ཀྱི་སྡེ་ཚན་ལ༔ གླེགས་བམ་བརྒྱ་དང་བདུན་ཅུ་བཞུགས༔ གཡོན་གྱི་ཀེའུ་ཚང་སྒོ་ནང་ན༔ འབུམ་དང་ཉི་ཁྲི་ཕ་རོལ་ཕྱིན༔ ཤེས་

2-104a

༄༅༔      ༔རབ་ཕྱོགས་ཀྱི་གླེགས་བམ་ནི༔ བདུན་ཅུ་རྩ་བརྒྱད་དོང་ན་བཞུགས༔ བཀའ་པོད་ལྡིང་ཁྲིའི་འོག་ན་ཡང་༔ གླིང་གསོ་གང་དགོས་སྤྱོད་པ་ཡི༔ མཉྫི་ཏིང་ཚར་ཉི་ཤུ་དང་༔ ཟངས་གཞོང་ཉི་ཤུ་དྲིལ་བུ་བདུན༔ རྡོ་རྗེ་བདུན་དང་ཁྲུས་བུམ་བདུན༔ རིགས་ལྔའི་སངས་རྒྱས་ཁྲུ་རེ་དང་༔ གསེར་སྐུ་དུས་གསུམ་སངས་རྒྱས་བཞུགས༔ འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས༔ སྒྲིབ་པ་རྣམ་པར་སེལ་བ་དང་༔ ཚེ་འདས་སྒྲིབ་པ་སྦྱོང་བ་ཡི༔ གསེར་སྐུ་བཅུ་དང་མཆོད་ཆ་བཞུགས༔ གསུང་རབ་རྒྱུད་ཀྱི་གླེགས་བམ་དང་༔ གསེར་སྐུ་རྒྱུད་ཀྱི་གླེགས་བམ་དང་༔ གསེར་སྐུ་མཆོད་པའི་དཀོར་ཆ་ནི༔ བོད་ཁམས་སྟོང་སྡེ་སྤྱི་ལ་སྤྱོད༔ དྲི་ཁང་སྤོས་ཀྱི་མཛོད་གསུམ་ནི༔ གཡས་པའི་མཛོད་ན་སྤོས་དཀར་དང་༔ ཨ་ཀ་རུ་དང་དུ་རུ་ཀ༔ དྲི་བཟང་སྨན་གྱི་ཚོགས་རྣམས་ལ༔ ཟངས་དང་ལྕགས་ཀྱི་སྤོས་ཕོར་ནི༔

2-104b

བཞི་བཅུ་རྩ་ལྔ་བདུག་སྤོས་ཀྱི༔ ནང་ནུབ་མཆོད་པའི་དྲི་བསུང་འབུལ༔ སྤོས་མཛོད་དབུས་མའི་ནང་ཤེད་ན༔ ཙན་དན་ཕུར་མའི་འདམ་པ་དང་༔ ཤིང་སྤོས་སྣ་ཚོགས་དྲི་ཡིས་བཀང་༔ གཡོན་པའི་མཛོད་ན་སྨན་སྤོས་ཀྱིས༔ ཉིན་མཚན་རྒྱུན་ཆད་མེད་པར་མཆོད༔ མཐའ་ཡི་སྤོས་གཉེར་རིམ་པ་ཡིས༔ རྒྱ་བོད་མཚམས་དང་མོན་བོད་མཚམས༔ བལ་བོད་མཚམས་ཀྱི་སྨན་སྤོས་རྣམས༔ མི་ཁུར་ཉི་ཤུ་ཉི་ཤུ་ཡིས༔ ཟླ་བ་རེ་ལ་དཀོར་མཛོད་ཁངས༔ ཞུན་མར་ཕག་རིར་ཤེ་མ་བཙུགས༔ ནང་ཁོངས་ལུང་པར་ཤེ་མ་བཙུགས༔ རྩི་བཅུད་མར་གྱི་མི་ཁུར་ནི༔ ལོ་རེ་བཞིན་དུ་ལྔ་བརྒྱ་ཡིས༔ མེ་ཁང་ལྕགས་རིའི་ནང་དུ་ཕེབས༔ རྒྱལ་པོ་ཡབ་སྲས་བློན་ཆེན་རྣམས༔ ཞལ་བསིལ་བཏུང་བའི་གསོལ་སྐྱེམས་ལ༔ མོན་ཡུལ་འབྲས་ཆང་དིང་མ་དང་༔ ཚ་བ་ཡུལ་གྱི་རྒུན་ཆང་དང་༔ གཉའ་ནམ་མང་ཡུལ་གོ་ལེའི་

2-105a

༄༅༔      ༔སྐྱེམས༔ མདོ་ཁམས་སྟོད་ཀྱི་ཞལ་བསིལ་རྣམས༔ རྐང་མགྱོགས་ཁོར་ཡུག་ལག་བརྒྱུད་བསྐོས༔ བསེ་ལག་བརྒྱ་བརྒྱས་སྔ་དྲོ་རེས༔ རྒྱལ་པོ་ཡབ་སྲས་སྤྱན་སྔར་ནི༔ རླུང་མ་ཡོལ་བ་བརྟོལ་བ་འབྱུང་༔ ཇི་ལྟར་བབ་སྐོར་བསྐོས་པ་ནི༔ བརྒྱ་བརྒྱས་ཕྱི་དྲོ་མཚམས་ལ་བརྟོལ༔ བརྒྱ་བརྒྱས་ཉིན་ཕྱེད་གུང་ལ་བརྟོལ༔ བརྒྱ་བརྒྱས་ཉི་མ་མྱུར་ན་བརྟོལ༔ དེ་བཞིན་མངའ་རིས་བསྐོར་གསུམ་གྱིས༔ རྒྱལ་པོའི་གསང་བུ་འདྲེན་བྱེད་པ༔ དྲོ་དུས་ཉི་མའི་གོང་དུ་ནི༔ ཁོར་ཡུག་རྐང་མགྱོགས་བརྒྱ་བརྒྱ་ཡིས༔ བཤོས་གཙང་ཞལ་ཟས་སྤྱན་གཟིགས་ཚོགས༔ དངུལ་གཞོང་དངུལ་སྡེར་གནམ་ཞལ་རྣམས༔ བཀང་ནས་པུས་བཙུགས་ཐལ་མོ་སྦྱར༔ ལངས་ནས་ཟུག་ནེམ་སྙུན་རྨེད་འདྲི༔ སྐྱོགས་ཀ་ལན་གསུམ་ཕྱི་མ་ལ༔ གནམ་ཞལ་ལ་སོགས་བཏེག་ནས་ནི༔ རྒྱལ་པོའི་ཕྱག་ཏུ་གུས་པས་ཕུལ༔

2-105b

ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྐྱེམས་གསོལ་ཟས་མི་ཟད་གཏེར་ལ་མངའ་བརྙེས་པའི་ལེའུ་སྟེ་བཅུ་བཞི་པའོ༔        ཐྲཐ྅རྦྱ།རྦྱ།༔        ༔