༄༅། །བཀའ་ཐང་སྡེ་ལྔ།
༡༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཛམ་བུ་གླིང་སྟོད་ཀྱི་ཚེ་ཆུའི་ལེའུ།
上一章
下一章

(༡༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཛམ་བུ་གླིང་སྟོད་ཀྱི་ཚེ་ཆུའི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ བྲག་དམར་འཛམ་བུ་གླིང་

2-108b

སྟོད་ན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཚེ་ཆུ་ཕྲ་མན་བུམ་པ་གང་༔ དངུལ་གྱི་གའུར་རྒྱ་ནན་བྱས༔ གཡམ་སྒྲོམ་ནང་དུ་རྒྱས་བཏབ་བཞག༔ ཅེས་གསུངས་པས༔ བྲག་དམར་འཛམ་བུ་གླིང་སྟོད་ན༔ བྲག་བྱ་ཁྱུང་གི་གཤོག་པ་བརྐྱངས་པ་འདྲ་བ་ཡོད༔ དེའི་ངོས་ལ་མཚལ་གྱི་རྡོ་རྗེ་རྒྱ་གྲམ་ཡོད༔ དེ་ནས་ཚངས་ཐིག་དྲངས་པའི་འོག་ཏུ༔ མདའ་གང་བྲུས་པར་གཡམ་སྒྲོམ་སོལ་ཕྱེས་བཀང་བའི་དཀྱིལ་ན༔ ཟངས་ཁ་སྦྱར་ནས་ཚིག་གིས་བཀང་བའི་དབུས༔ དངུལ་གྱི་གའུའི་ནང་ན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མི་ཡུལ་དུ་དགུང་ལོ་སྟོང་ཕྲག་གསུམ་བཞུགས་པར་ཞལ་གྱིས་བཞེས་བཀའ་གནང་མཛད་པའི་རྗེས་ལ་ཚེ་ཆུ་བསྒྲུབས་པ་ཡོད༔ དེའང་བྲག་དམར་གཡའ་མ་ལུང་དུ་ནམ་མཁའ་ཆེ་རྫོགས་ཆེན་དྲི་མེད་ཀ་དག་གི་དབང་ཆེན་མོ་མཛད༔ རྒྱལ་བློན་འཁོར་དང་བཅས་པ་ལ་དབང་བསྐུར་བའི་དུས་སུ༔

2-109a

༄༅༔      ༔རྒྱལ་པོའི་ཞལ་ནས་སློབ་དཔོན་ཆེན་པོ་ལགས་རིག་འཛིན་ཚེ་ལ་དབང་བ་རྣམས༔ བསྐལ་ཐོག་དང་པོ་ནས་འཇིག་རྟེན་མ་སྟོངས་བར་དུ་བཞུགས་པ༔ སློབ་དཔོན་ཉིད་ལྟ་བུ་རྣམས་ཐབས་ཟབ་མོ་ཇི་ལྟ་བུའི་སྒོ་ནས་བརྙེས་པ་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་ལེགས་སོ་རྒྱལ་པོ་ཆེན་པོ༔ རིགས་འཛིན་ཚེ་ལ་དབང་བ་རྣམས་ནི༔ ཏིང་ངེ་འཛིན་རྩེ་གཅིག་ཏུ་འཁོར་འདས་སུ་ཤན་ཕྱེ་ནས་བསྒོམས་པས༔ ལུས་འཇའ་ཚོན་ལྟ་བུར་གྱུར་ནས་ས་ནོན་པའང་ཡོད་དོ༔ ལུས་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར་ནས་བགྲེས་རྒུད་མི་མངའ་བའང་ཡོད་དོ༔ དབང་པོ་ཡང་རབ་ཀྱིས་ལུས་གནད་གཟིར་ནས་བསྐམས་པས་སེམས་རྟགས་ལུས་ལ་ཤར་ནས༔ བསམ་པའི་ཡུལ་དུ་སྐད་ཅིག་ལ་ཞིང་ཁམས་མྱུལ་བ་དང་༔ རྫུ་འཕྲུལ་སྣ་ཚོགས་སྟོན་པའང་ཡོད་དོ༔ ཡི་དམ་ལྷའི་རིག་འཛིན་གྱི་དངོས་གྲུབ་བརྙེས་པས་དངོས་

2-109b

སུ་དབང་བསྐུར་ཏེ༔ དེ་ཉིད་དང་ཁྱད་མེད་དུ་གྱུར་ནས་ཚེ་ལ་མངའ་བརྙེས་པའང་ཡོད་དོ༔ བཅུད་ལེན་དང་སྨན་གྱི་དཀའ་ཐུབ་ལ་བརྟེན་ནས་ཤ་རུས་བདུད་རྩི་ལྟ་བུར་གྱུར་ཏེ་སྨན་གྱི་བླ་ལྟ་བུར་གྱུར་ནས་ཚེ་ཉི་ཟླ་དང་མཉམ་པའང་ཡོད་དོ༔ མགོན་པོ་ཚེ་དཔག་ཏུ་མེད་པ་ལྟ་བུར་གྱུར་པའང་ཡོད་དོ༔ རིགས་འཛིན་ཚེ་ལ་དབང་བའི་སྒྲུབ་པས་དངོས་གྲུབ་ཚེ་ལ་དབང་བསྐུར་ནས་ཚེ་ལོ་སྟོང་ཕྲག་ཏུ་བཞུགས་པའང་ཡོད་དོ༔ ཡང་དེ་ཉིད་ལ་གསོལ་བ་བཏབ་པ་ཙམ་གྱིས་ཚེ་ལོ་ལྔ་བརྒྱར་བསྲིངས་པའང་ཡོད་དོ༔ ཞེས་གསུངས་པས་རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་བདག་ལའང་རིག་འཛིན་གྱི་གྲལ་དུ་ཚེ་ལ་དབང་བའི་དབང་བསྐུར་བར་ཞུ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་རྗེ་གཅིག་ལགས་ཇོ་མོ་འཁོར་འབངས་དང་བཅས་པ་དཀོར་མཛོད་མངའ་རིས་དང་བཅས་པ་བདག་ལ་ཕུལ་ཞིག༔ རྗེ་ཉིད་མི་ཡུལ་དུ་ལོ་སྟོང་ཕྲག་གསུམ་བཞུགས་པ་བདག་གིས་བྱའོ་ཞེས་གསུང་ངོ་༔

2-110a

༄༅༔      ༔དེ་ནས་བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཕྲ་མན་གྱི་བུམ་པ་རྩི་བཅུད་ཀྱིས་བཀང་ནས༔ ཟླ་བ་གཅིག་ཏུ་བསྒྲུབས་པའི་དུས་སུ་མགོན་པོ་ཚེ་དཔག་ཏུ་མེད་པ་འཇའ་ཚོན་གྱི་སྐུ་ལྟ་བུ་ཞིག་བུམ་པའི་སྟེང་དུ་བྱོན་ནས༔ མི་དང་མི་འཕྲད་པ་ལྟ་བུར་གསུང་སྒྲོག་སྟེ༔ སྐྱེས་བུ་སྐལ་བ་ལྡན་པ་གང་ན་ཡོད༔ འཇིག་རྟེན་འདི་ན་ཚེ་ཡི་སྣོད་དཀོན་པས༔ དེས་ན་ཚེ་ལ་དབང་བ་ཉི་ཟླ་ཙམ༔ ཚེ་ཡི་སྣོད་ཡོད་སྐྱེས་བུ་སུ་ལ་བྱ༔ ཚེ་འདོད་སྐྱེས་བུ་མེ་ཏོག་ཨུ་དུམ་འདྲ༔ ལས་སྒྲིབ་མེད་ན་ཚེ་ཆུ་འདི་ལ་འཐུང་༔ འདི་འཐུངས་ཚེ་ལོ་སྟོང་ཕྲག་བདུན་ཚོ་གཅིག༔ སེམས་ཅན་ལུས་ལ་སྐལ་བ་བཟང་པོར་བྱས༔ རྣམ་སྨིན་སྒྱུ་ལུས་རྡོ་རྗེ་ལྟ་བུར་གྱུར༔ འབྱུང་བའི་ཕུང་པོ་འཇིགས་པ་ཀུན་དང་བྲལ༔ ཞེས་ཆོས་ཉིད་ཀྱི་རང་སྒྲ་མཁའ་ལ་སྒྲོག་གོ༔ དེའི་དུས་སུ་བསམ་ཡས་ཀྱི་ལུང་པ་སྨན་དྲིས་ཁེངས༔

2-110b

ཐོ་རེངས་རྒྱལ་པོའི་མནལ་ལམ་དུ༔ དབུ་རྩེའི་སྟེང་དུ་མགོན་པོ་ཚེ་དཔག་ཏུ་མེད་པ་བྱོན་ཏེ༔ བསམ་ཡས་མཆིམས་ཕུའི་གཡའ་མ་ལུང་དུ་ཕྱག་བརྐྱངས་པ༔ ཚེ་ཆུའི་བུམ་པ་ལ་རེག་གེ་འདུག་པ་རྨིས་སོ༔ དེ་ནས་མནལ་སད་པའི་དུས་སུ༔ སྟན་ལས་བཞེངས་དུས་ལ་བབ་པར་ཤེས་ཏེ༔ དབུ་རྩེ་ནས་གཡའ་མ་ལུང་དུ་སློབ་དཔོན་གྱི་སྤྱན་སྔར་གཤེགས་པར་སྒོ་དྲུང་དུ་སླེབས་པའི་དུས་སུ༔ བློན་ཆེན་ཀླུ་དཔལ་གྱིས་བློན་པོ་རྣམས་སྦྲན་ཏེ༔ བློན་པོ་ཆེན་པོ་རྟ་ར་ཀླུ་གོང་དང་༔ བློན་པོ་ཆེན་པོ་རྡོ་རྗེ་སྤྲེ་ཆུང་དང་༔ བློན་པོ་ཆེན་པོ་ཁྲི་འབྲིང་ལྷ་ལྷོད་དང་༔ བློན་པོ་ཆེན་པོ་ཤུད་བུ་དཔལ་སེང་དང་༔ བློན་པོ་ཆེན་པོ་རྒྱ་ཚ་ལྷ་སྣང་དང་༔ བློན་པོ་ཆེན་པོ་ཁྲི་བཟང་ཡབ་ལྷ་རྣམས་ཀྱིས་གྲོས་བྱས་པ་ལ༔ ཀླུ་དཔལ་དང་ཀླུ་གོང་གཉིས་གསུང་མཐུན་པར༔ མཐའི་མོན་བུ་འདོད་པ་ཅན་འདིས༔ རྒྱལ་པོ་བླུན་རྨོངས་ཕག་གདོང་འདྲ་བ་འདི་ལ་རྩི་གཏོང་བར་འདུག་པས་ཤོལ་ཐོབ༔

2-111a

༄༅༔      ༔བདག་བློན་པོ་སེང་གེ་འདྲ་བ་རྣམས་ལའང་འོང་ཉེན་ཡོད་པས༔ སོ་སོའི་གཉེན་པོ་བསྟེན་ཞེས་སྨྲའོ༔ རྡོ་རྗེ་སྤྲེ་ཆུང་དང་ཤུད་བུ་དཔལ་སེང་གཉིས་གསུང་འཆམ་སྟེ༔ དེ་ཉིད་ལེགས་པར་སོམས་ཤིག་མི་སྲིད་དོ༔ སློབ་དཔོན་འཇིག་རྟེན་སྤངས་པའི་སྐྱེས་མཆོག་ལ༔ རྒྱལ་པོའི་རྒྱལ་སྲས་སློབ་དཔོན་ཅི་ཞིག་བྱ༔ ཞེས་ཟེར་རོ༔ ཀླུ་དཔལ་ན་རེ༔ སློབ་དཔོན་རྒྱལ་པོའི་རྒྱལ་སར་རྔམས་པ་འདུག༔ གཡའ་མ་ལུང་དུ་ཟླ་བ་སྔ་མ་ལ༔ རྗེ་འབངས་ཚོགས་པའི་དབང་གི་དུས་སུ་ཡང་༔ རྒྱལ་པོའི་སྐུ་ཚེ་རིང་བར་འདོད་པ་ན༔ དཀོར་མཛོད་ཇོ་མོ་མངའ་རིས་ཕུལ་ཞིག་གསུང་༔ ནང་རྟགས་ཕྱིར་ཤར་ཤིང་གི་ཡལ་ག་འདྲ༔ ཞེས་ཟེར་རོ༔ རྒྱ་ཚ་ལྷ་ནང་ན་རེ༔ རྒྱལ་པོ་ཚེ་རིང་བོད་ཁམས་ཡོངས་ལ་གཅེས༔ སློབ་དཔོན་འཕགས་པའི་ནོར་གྱིས་ཕྱུག་པ་ལ༔ དཀོར་མཛོད་ཇོ་མོས་སློབ་དཔོན་ཅི་ཞིག་བྱ༔ ཞེས་ཟེར་རོ༔

2-111b

ཤུད་བུ་དཔལ་སེང་ན་རེ༔ ཀུན་ལ་གཅེས་པ་རྒྱལ་པོ་ཚེ་རིང་ན༔ རང་ཉིད་ཀུན་གྱི་བསམ་པ་ཡིད་བཞིན་འགྲུབ༔ ཅེས་ཟེར་རོ༔ ཀླུ་དཔལ་ན་རེ༔ ཚེ་རིང་འདོད་པས་རང་སྲོག་རྩ་བ་བསྒྱེལ༔ ནང་ན་མེད་ན་ཕྱི་རུ་ཅི་ལ་བརྟོལ༔ ཁྱེད་རྣམས་ཀུན་ལ་དེ་འདྲའི་ཚོད་ཡོད་མིན༔ རྒྱལ་པོ་མེད་པའི་བློན་པོས་ཅི་ཞིག་བྱ༔ རྒྱལ་པོའི་སྤྱན་སྔར་ད་ལྟ་ལ་འུར་འདེངས༔ ཁྱེད་རྣམས་སྨྲ་བའི་གྲོས་ཚོད་གང་ལགས་ཀྱང་༔ གཏིང་ཕུགས་ང་ཡི་ཐོག་ཏུ་མ་བྱུང་ན༔ ཐ་མར་ཁྱི་ཡི་བློན་པོ་རླུང་གིས་ཁྱེར༔ ཞེས་ཟེར་ཏེ༔ ཀླུ་དཔལ་གྱིས་བློན་པོ་གཞན་རྣམས་སྦ་དབྱུག་གིས་བརྡུངས་སོ༔ དེ་ནས་རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ༔ རྣམ་པར་ཐར་པའི་སྒོ་གསུམ་གྱི་སྒོ་ཁང་དུ༔ རྒྱལ་པོ་ཕྱིར་གཤེགས་པའི་ཆིབས་ཁ་ནས་བཟུང་སྟེ༔ བློན་པོ་རྣམས་ཀྱིས་ཕྱག་བྱས་ཟུག་ནོམ་པའི་དུས་སུ༔ ཀླུ་དཔལ་གྱིས་ཞུས་པ༔ ཀྱེ་རྒྱལ་པོ་ཆེན་པོ་ལགས་ཚེའི་དབང་ལ་

2-112a

༄༅༔      ༔བཞུད་དགོངས་པ་ལགས་ན་སྐུ་སྲོག་འདོར་བའི་ཉེན་གདའོ༔ མཐའི་མོན་བུ་འདོད་པ་ཅན་འདི་རྗེའི་གདན་ས་ལ་རིངས་པར་འདུག་སྐད་དོ༔ ཚེ་ཆུ་བསྒྲུབ་ཀྱིན་ཡོད་སྐད་བདེ་ལ་གཤེགས་པ་ན་བླུན་རྨོངས་པའོ༔ ཁ་སང་ཟླ་བ་སྔ་མར་རྒྱ་གར་བ་རྩི་དུག་ཁུར་བའི་མི་གཉིས་མཆིམས་ཕུར་སོང་བ་ལས༔ བླ་མཆོད་པཎྜི་ཏ་གཉིས་ཀྱིས་གསེར་བཅལ་ནས་ཁུད་དུ་སྦས་པ་མཐོང་བ་འདུག་གོ༔ རྩི་དུག་པ་གཉིས་ཀྱིས་བཟོད་པ་རི་གདོང་གི་བྲག་ལ་ཡི་གེ་བྲིས༔ གྲུ་པ་ལ་འཕྲིན་བརྫངས་ནས༔ དོགས་ཡོད་ཟོན་གྱིས་ཤིག་སྐད་དོ༔ ཞེས་སྨྲས་ཏེ་ཆིབས་ཁ་ནང་དུ་བཟློག་པས༔ རྒྱལ་པོའི་དགོངས་པ་ལ་མི་སྲིད་ཐང་དེ་ཅི་ཡིན་མི་ཤེས་སྙམ་སྟེ༔ ཆིབས་པའི་སྟེང་ནས་བཤོལ་ཏེ་ནང་དུ་བཞུད་དོ༔ དེ་ཉིད་སློབ་དཔོན་གྱིས་མཁྱེན་ནས༔ གཡའ་མ་ལུང་གི་བྲག་ཕུག་ནས་ཚེ་ཆུ་བསྣམས་ཏེ༔ འཛམ་བུ་གླིང་སྟོད་དུ་བྱོན་

2-112b

པའི་དུས་སུ༔ ཚེ་ཆུར་རླང་པ་ཕྱུར་ཕྱུར༔ ཁོལ་ལྷོག་ལྷོག་སྐད་ཙིར་ཙིར་བྱུང་ངོ་༔ དེ་ནས་བྲག་བྱ་ཁྱུང་གི་གཤོག་པ་འདྲ་བའི་ངོས་ལ་མཚན་མ་བཏབ་སྟེ༔ དེའི་འོག་ཏུ་རྡོ་སྒྲོམ་གསུམ་སྦྲག་བྱས༔ ཕྲ་མེན་གྱི་བུམ་པ་གཟིའི་གའུར་བཅུག་སྟེ༔ དེ་ཟངས་ཀྱིས་གྲིལ་ནས་གཏེར་དུ་སྦས་སོ༔ སློབ་དཔོན་གྱི་ཞལ་ནས༔ འཇིག་རྟེན་འདི་ན་ཚེ་ཡི་སྣོད་དཀོན་པས༔ རིགས་འཛིན་གྲལ་དུ་འགྲོ་བའི་ཐབས་བགྱིས་ཀྱང་༔ སྙིགས་མའི་སེམས་ཅན་བསམས་པ་ཆུང་སྲིད་དམ༔ རྒྱལ་པོའི་ལས་ལ་སྐལ་བར་མ་ཤོང་ངམ༔ སྐལ་ལྡན་ཚེ་རིང་ལས་འཕྲོ་མེད་སྲིད་དམ༔ རྒྱལ་པོ་མ་ཡི་མངལ་ཁ་སྟོང་དོགས་སམ༔ སྐྱེ་འཆི་འབྱུང་འཇུག་ལས་ལ་སྤྲོ་སྲིད་དམ༔ རླུང་འཁོར་ཤིང་རྟ་ཟོ་ཆུན་འཁྱུད་མོ་བཞིན༔ འཁོར་བའི་སྐྱེས་བུ་ལས་ངན་དོགས་སྲིད་དམ༔ བརྩེ་བའི་གྲོས་དང་ཞལ་ཏ་ཉན་པ་མེད༔ ཐེ་ཚོམ་ཅན་གྱི་རྒྱལ་པོ་ཡི་རེ་མུག༔ ནམ་ཞིག་

2-113a

༄༅༔      ༔རྒྱལ་པོ་སྐལ་ལྡན་ལས་འཕྲོ་ཅན༔ རྡོ་རྗེ་སྤྲེ་ཆུང་སྐྱེ་བ་བཅུ་བདུན་ཐ༔ ཁྲི་རྒྱལ་ཞེས་བྱ་རྒྱལ་པོའི་མཚན་རྟགས་ཅན༔ ཐུགས་སྒོམ་བཀའ་བཙན་ཁོང་ཡངས་ཟུངས་ཐུབ་པ༔ ཐུགས་སྟོབས་ཆེ་ཞིང་གསང་སྔགས་ཆོས་ལ་སྤྱོད༔ ཀུན་གྱི་བཀུར་གནས་མཆོད་གནས་རིམ་གྲོའི་གནས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་ནས་སྦས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཛམ་བུ་གླིང་སྟོད་ཀྱི་ཚེ་ཆུའི་ལེའུ་སྟེ་བཅོ་བརྒྱད་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔