༄༅། །བཀའ་ཐང་སྡེ་ལྔ།
༢༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཕན་ཡུལ་གོང་མའི་ལེའུ།
上一章
下一章

(༢༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཕན་ཡུལ་གོང་མའི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ལྷ་སྲས་མུ་ཏིག་བཙན་པོ་ལ༔ རྒྱལ་ཁྲིམས་ཕོག་པའི་དུས་ཀྱི་ཚེ༔ མན་ངག་རིན་ཅེན་ནོར་རྫས་རྣམས༔ འཕན་ཡུལ་གོང་མའི་བྲག་

2-116b

ལ་སྦས༔ ཞེས་གསུངས་པས༔ ཞང་ཚ་ལྷ་སྣང་ཡབ་སྲས་ཀྱིས་དབུ་རྩེའི་སྟེང་རྒྱལ་པོའི་སྤྱན་ལམ་དུ༔ འཛམ་བུ་གླིང་གི་སུམ་ཆ་གཅིག་དབང་དུ་བསྡུས༔ སུམ་གཉིས་ལ་དབང་བྱ་བའི་བཀའ་གྲོས་ཞུས་པའི་ཚེ༔ བུའུ་རིངས་ཀྱིས་སྒོ་སྲུངས་བྱས་པའི་དུས་དེར་རྒྱལ་སྲས་ཕྱི་ནས་ནང་དུ་རིངས་པ་ལ༔ སྒོ་བསྡམས་པས་ཐུགས་ཁྲོས་ནས༔ བཀའ་གྲོས་ཚར་བའི་རྗེས་ལ་སྒོ་ཕྱེ་བ་དང་༔ ལྷ་སྲས་ཀྱིས་འུ་རིངས་ཀྲོངས༔ དེའི་ཁྲིམས་ཆད་ལ་བྱང་ཁམས་སུ་ལོ་གསུམ་སྤྱུགས་སོ༔ དུས་དེར་བདག་འདི་ནས་ཐར་པའི་དུས་བྱུང་ན་སྤྱོད་པར་ཤོག་ཅེས་སྨོན་ལམ་བཏབ་སྟེ་ནོར་དུ་མ་ཞིག་སྦས་སོ༔ ཁ་བྱང་དང་ཡང་བྱང་དང་གནད་བྱང་ལྡེ་མིག་གའུ་བཅས་པ་བཏོན་ཏེ༔ ལྷ་ས་སྒོ་ཕུའི་བྱང་རིའི་ལོགས་ཀྱི་གོང་མ་ནང་ཞེས་བྱའི་ལུང་པ་ན༔ སྲིན་ཡུལ་དགེ་མོའི་ནང་ཞེས་བྱ་བ་ཡོད༔ ལུང་པ་དེའི་བྲག་ནི་ཐམས་ཅད་ལ་མཚལ་གྱི་གཡུང་དྲུང་རིས་

2-117a

༄༅༔      ༔བྲིས་པ་ཡོད༔ གཡུང་དྲུང་རིས་ཀུན་ལ་མཐོ་རེའི་ཚད་དུ་བྱས༔ བྲག་མཐའི་རི་ལོགས་ཀྱི་ཟུར་གཅིག་ལ༔ གཡུང་དྲུང་རིས་ཁྲུ་གང་བྲིས་པ་ཅིག་ཡོད༔ དེ་ལ་རྡོ་ཆོལ་རང་འཐག་ཙམ་ཁྲོ་དང་རྡོ་སྤྱིན་གྱིས་བསྡམས་པ་ཡོད༔ རྡོ་ཆོལ་གྱི་མདུན་དུ་རྡོ་གཡམ་གྱི་ཁྲི་བརྩིགས་པ༔ སྦུད་པས་བཞུ་ཞིང་བསྲེག༔ རྡོ་སྤྱིན་ཞུ་ནས་རྡོ་སྐད་འཚེག་པའི་དུས་སུ༔ རྡོ་ཆོལ་ལྕགས་ཀྱི་ཐོ་བས་བརྡུངས༔ དེའི་འོག་ན་ཕུག་པ་འདོམ་གང་བ་ཡོད༔ དེའི་ཕུག་ན་བསེའི་སྒྲོམ་བུ་ཡོད༔ མདོ་ན་སྦལ་པ་ཡོད༔ སྤྲེའུ་དམར་པོ་དང་སྟག་སྦྲུལ་གྱི་གཟུགས་ཡོད༔ མ་ཞིག་མ་རལ་མ་ཆག་པར་མདོ་རུ་ལེགས་པར་འདོན༔ བསེ་སྒྲོམ་མིག་གསུམ་དབུས་མའི་ནང་ན་བར་བརྫངས་སོལ་ཕྱེའི་དཀྱིལ༔ ཟངས་ཚ་གསེར་གྱི་གའུའི་ནང་དུ་རྗེའི་མགུལ་ཆ་གཡུ་དམར་བྲེ་གཤོག་བཀྲ་རིས་དང་༔ རྒྱལ་མོ་ཤེས་རབ་འཛུམ་ཤོར་གྱིས་སྣ་དྲངས་པའི༔ གཡུ་ཕྲན་གྱད་ཀྱི་

2-117b

སྦར་ཚངས་བདུན་ཚོ་བདུན༔ རིན་ཅེན་བཻཌཱུཪྻ་སྔོན་བོ་སྦར་ཆངས་དགུ༔ གུ་ལང་གི་གསེར་ཤིང་སྲང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་དང་༔ དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ་ཨ་རུ་ར་ཙམ་པ་རིན་ཐང་མེད་པ་ནོར་བུའི་རྒྱལ་པོ་ཡོད་དོ༔ བསེ་སྒྲོམ་མིག་གཡས་པའི་ནང་ན་བར་བརྫངས་སོལ་ཕྱེས་བཀང་བའི་དཀྱིལ་དུ༔ ཟངས་ཚ་གསེར་བྱས་པའི་གའུའི་ནང་ན་མཆོང་སྒོང་སྨུག་པོ་དངུལ་གྱིས་གཏུམས་པ་ཡོད༔ དེའི་ནང་ན་སློབ་དཔོན་པདྨའི་ཕྱག་ཕྲེང་མུ་ཏིག་བརྒྱ་རྩ་བརྒྱད་དང་༔ རྒྱལ་བའི་ཐུགས་དམ་གསེར་གྱི་ཛམྦྷ་ལ༔ གསེར་གྱི་ཕྱག་གདུབ་མགུལ་རྒྱན་སྙན་ཆ༔ སློབ་དཔོན་པདྨའི་རིང་བསྲེལ་འཕེལ་གདུང་དང་༔ གྲུབ་ཐོབ་ནམ་མཁའི་སྙིང་པོ་ལ་སོགས་པ་གྲུབ་ཐོབ་བརྒྱད་ཀྱི་ཕྱག་སེན་དང་༔ ཞབས་སེན་དང་༔ ཨིནྡྲ་ནཱི་ལ༔ ཆུ་ཤེལ༔ མེ་ཤེལ༔ བཻ་ཌཱུཪྻ༔ པདྨ་རཱ་ག༔ ནོར་བུ་མཆིང་བུ་ཆེ་ཆུང་རིམ་པ་འགའ་ཡོད་དོ༔ བསེ་སྒྲོམ་མིག་གཡོན་པའི་

2-118a

༄༅༔      ༔ནང་ན་བར་བརྫངས་སོལ་ཕྱེས་བཀང་བའི་དཀྱིལ་དུ༔ ཟངས་ཀྱི་གའུ་ཚ་གསེར་ཅན་གྱི་ནང་༔ མཚན་ལྡན་བཀྲ་ཤིས་ཀ་པཱ་ལ་ཁ་སྦྱར་གསེར་ཤོག་གིས་གྲིལ་ནས་དངུལ་ལྗང་གིས་རྒྱ་གྲམ་དུ་བཅིངས༔ དུག་སྦྲུལ་གྱི་པགས་པས་གཏུམས་པ༔ དེའི་ནང་དུ་དུང་གཡས་སུ་འཁྱིལ་བ་དང་༔ ཀེ་ཀེ་རུ༔ སྟག་ཤ་དྷེ་བ༔ མེ་ཤེལ་མཐེ་བོང་ཙམ༔ རིགས་འཛིན་གྱི་སྒྲུབ་ཐབས་ཕྱི་ནང་གསང་གསུམ༔ རྫོགས་ཆེན་གྱི་གདམས་ངག་མང་པོ༔ བཏགས་པས་དོན་གྲུབ་པ་བསྟན་པ་བུ་གཅིག་པ༔ སྲོག་སེར་གཏད་གསུམ་གྱི་མན་ངག་མང་དུ་ཡོད་དོ༔ བསེ་སྒྲོམ་སྟེང་ནའང་བསེ་སྒྲོམ་ཁ་སྦྱར་བ་ཞིག་ན་རག་པ་རྡོ་ཆོད་རལ་གྲི་བཅུ་གསུམ་ཡོད༔ དེ་དག་ཏིལ་ལ་དར་བཏགས་ཏེ་གསེར་དངུལ་གྱིས་གཏུམས་ནས་ཡོད་དོ༔ དེ་རྣམས་ཀྱི་སྟེང་གི་བྲག་ལུང་གཅིག་ལ་ཤ་བའི་རླིད་བུ་བཏགས་ནས་ཡོད༔ དེའི་ནང་ན་ལྷ་སྲས་ཀྱི་བྱ་ཐུལ་ལ་སོགས་

2-118b

པ་ན་བཟའ་བཞི་བཅུ་ཞེ་གཅིག་ཡོད༔ གནམ་ཞལ་གཅིག་རིན་པོ་ཆེའི་བུམ་པའི་ནང་ན་རྩི་བཅུད་སྦྲང་རྩིས་བཀང་སྟེ༔ ཚེ་དབང་བརྙེས་པའི་རིག་འཛིན་པདྨ་ཡིས༔ འཆི་མེད་ལྕགས་ཀྱི་སྲོག་རྩ་བསྒྲུབས་པ་ཡོད༔ གཉེར་དུ་གཏད་པ་རྒྱལ་པོ་དཔེ་ཀར་དང་༔ བདུད་མོ་ནག་མོར་བྱ་དང་ར་ཡིས་མཆོད༔ སྣ་ཚོགས་ཕུད་ཀྱིས་མཆོད་པ་རྒྱས་པར་བྱས༔ སྦལ་གཟུགས་སྤྲེལ་གཟུགས་སྔར་གྱི་ཤུལ་དུ་བཞག༔ རྡོ་ཆོལ་སྒོ་ལ་གདམ་པའི་ཞལ་བ་བྱུག༔ མཚལ་གྱི་གཡུང་དྲུང་རིས་ནི་སྔར་བཞིན་བྲིས༔ རྒྱས་བཏབ་རྗེ་ལ་ལོ་གསུམ་བསངས་ལ་སྤྱད༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཕན་ཡུལ་གོང་མའི་ལེའུ་སྟེ་ཉི་ཤུ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔