༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་དགུ་པ། མཐའ་མའི་དུས་སུ་ཇི་ལྟར་འབྱུང་ཚུལ་ལེའུ།
上一章
下一章

(ལེའུ་བཅུ་དགུ་པ། མཐའ་མའི་དུས་སུ་ཇི་ལྟར་འབྱུང་ཚུལ་ལེའུ།)

ཐ་མའི་དུས་སུ་ཇི་ལྟར་བྱུང་བ་ནི༔ སློབ་དཔོན་པདྨ་འབྱུང་

2-133a

༄༅༔      ༔གནས་ཞལ་སྔ་ནས༔ ད་སྟེ་མི་ལོ་དགུ་བཅུའི་འོག་རོལ་དུ༔ རྗེ་ཉིད་རྒྱུད་ལ་བདུད་ཀྱི་རྒྱལ་པོ་འབྱུང་༔ དམ་པའི་ཆོས་དང་བསྟན་པའི་བར་ཆོད་ཆེ༔ རྒྱལ་བུ་ཐ་ཆུང་རྒྱལ་སར་བཏོན་ན་ལེགས༔ སྟོན་པའི་དམ་ཆོས་ཁྲི་གདུགས་བརྡལ་བ་འདྲ༔ རྒྱལ་པོའི་མངའ་ཐང་ལོ་ཏོག་རྒྱས་པ་འདྲ༔ འབངས་ཀྱི་ཆབ་སྲིད་ཆར་གྱི་རྒྱུན་འབབ་འདྲ༔ བདུད་ཀྱི་སྤྲུལ་པ་གླང་གི་མིང་ཅན་དུས༔ རྒྱལ་པོའི་རྒྱལ་སྲིད་གཉིས་སུ་གྱུར་པ་ནི༔ འོད་སྲུང་ཡུམ་བསྟན་ཞེས་བྱའི་སྐུ་རིང་ལ༔ མངའ་རིས་གཅིག་ལ་ཕྱོགས་རིས་གཉིས་སུ་ཆད༔ སྤྱི་མཐུན་བསོད་ནམས་སོས་ཀའི་ཆབ་རོམ་འདྲ༔ རྒྱལ་པོའི་བསོད་ནམས་ལོངས་སྤྱོད་མངའ་ཐང་དབུལ༔ ལྷ་གཅིག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི༔ རྒྱལ་བུ་ཐ་ཆུང་རལ་པ་ཅན་ཞེས་གྲགས༔ འཛམ་གླིང་གསུམ་གཉིས་ཆབ་སྲིད་མངའ་རུ་འདུས༔ དཀོན་ཅོག་རྟེན་བཙུགས་དབུ་རྩེ་དགུ་ཐོག་བཞེངས༔

2-133b

ལོ་པཎ་མཐའ་རྒྱས་དམ་ཆོས་དར་བར་འབྱུང་༔ དེ་ནས་མི་རབས་དགུ་ཡི་འོག་རོལ་དུ༔ རྗེ་གཅིག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དེས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པ༔ ལོངས་སྤྱོད་རྫོགས་སྐུ་བསམ་ཡས་ལྷོ་ཕྱོགས་སུ༔ མཁོ་མཐིང་གཙུག་ལག་ཁང་གི་ཤར་ཕྱོགས་སུ༔ ལོངས་སྤྱོད་རྫོགས་སྐུ་དབུ་སྐྲ་ལྕང་ལོར་འཁྱིལ༔ གསང་སྔགས་རྒྱུད་སྡེ་རྒྱ་མཚོར་མངའ་བརྙེས་པ༔ སྐྱེས་མཆོག་འབྲུག་ལོ་ཉི་མའི་འོད་ཟེར་ཞེས༔ ལོངས་སྤྱོད་རྫོགས་སྐུ་མངའ་བདག་རྒྱ་མཚོས་བསྐོར༔ དེ་ཕྱིས་མེ་ཏོག་པདྨའི་ཞིང་ཁམས་སུ༔ འདུས་པའི་འཁོར་ཚོགས་རིགས་ལྔའི་ཚོམ་བུས་བསྐོར༔ བདེ་བ་ཅན་དུ་མངོན་རྫོགས་རྒྱལ་པོར་འགྱུར༔ རྗེ་གཅིག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དེ༔ སྤྲུལ་སྐུས་དོན་མཛད་བསམ་ཡས་བྱང་ཤར་མཚམས༔ ཆོས་ཀྱི་འབྱུང་གནས་འབྲི་ཞེས་གྲགས་པ་རུ༔ སྐྱེས་མཆོག་ཕག་མོ་རིན་ཅེན་དཔལ་ཞེས་པ༔ སྤྲུལ་སྐུའི་

2-134a

༄༅༔      ༔སེམས་དཔའ་འབུམ་ཕྲག་ཚོགས་ཀྱིས་བསྐོར༔ དེ་ཕྱིས་མངོན་པར་དགའ་བའི་ཞིང་ཁམས་སུ༔ བདེ་གཤེགས་དྲི་མེད་དཀར་པོ་ཞེས་བྱ་བའི༔ མངོན་དགའི་ཞིང་དུ་མངོན་རྫོགས་རྒྱལ་པོར་འགྱུར༔ རྒྱལ་སྲས་མཇིང་ཡོན་ལེགས་པའི་བློ་གྲོས་ནི༔ བདག་གིས་མཚན་གསོལ་མུ་ཏིག་བཙན་པོ་ཞེས༔ འདས་དང་མ་འོངས་ད་ལྟའི་དུས་ལ་ནི༔ བསྐལ་པ་བརྒྱད་ཁྲི་བཞི་སྟོང་གོང་རོལ་དུ༔ བདེ་གཤེགས་ཀླུ་རིགས་སྒྲོལ་མའི་སྤྱན་སྔ་རུ༔ ནོར་བུ་དབང་གི་རྒྱལ་པོ་ཕུལ་པའི་དུས༔ འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུས་བླངས་པ༔ འདིར་བྱོན་འདིར་སྐྱེས་བརྗོད་ལས་འདས་ན་ཡང་༔ བསྐལ་པ་བརྒྱད་ཁྲི་བརྒྱད་ཀྱི་གོང་རོལ་དུ༔ སྟོང་གསུམ་སྙིང་པོ་འདི་ཡི་ཤར་ཕྱོགས་སུ༔ ཞིང་ཁམས་འོད་ཟེར་མཐའ་ཡས་ཞེས་པ་རུ༔ འཁོར་ལོས་སྒྱུར་རྒྱལ་ལག་ན་བེ་ཅོན་ཞེས༔ གླིང་བཞིར་གསེར་གྱི་འཁོར་ལོས་སྒྱུར་བར་འཁྲུངས༔ དེ་དུས་

2-134b

རྒྱལ་སྲས་འཇིག་རྟེན་སྟོན་པ་ནི༔ བདེ་གཤེགས་རྒྱལ་བ་ཉི་མའི་སྒྲོལ་མ་ཞེས༔ སྐྱེས་བུ་འདུལ་དང་ཁ་ལོ་སྒྱུར་བ་ཡི༔ ལྷ་མིའི་སྟོན་པ་དྲུག་ཁྲི་འདུས་པ་སྐྱོང་༔ སྐྱེ་རྒུའི་སེམས་ཅན་ཚེ་ཚད་དགུ་ཁྲི་ཐུབ༔ དེ་ཚེ་འཇིག་རྟེན་ཁམས་དེའི་ཁ་ལོ་སྒྱུར༔ དེ་ནས་བསྐལ་ཆེན་བར་བསྐལ་ཕྱེད་ཙམ་དུ༔ བདག་གིས་མི་ཤེས་འཇིག་རྟེན་གཞན་དག་ཏུ༔ འཁོར་ལོས་སྒྱུར་དང་སེམས་དཔར་ལུས་བླངས་ནས༔ དེ་ནས་ཤི་འཕོས་མེ་ཏོག་བརྒྱན་པ་ཡི༔ སྟོང་གསུམ་འཇིག་རྟེན་འདི་ཡི་ལྷོ་ཕྱོགས་སུ༔ ཞིང་ཁམས་རྣམ་དག་སྤྲིན་གྱི་སྙིང་པོ་ཅན༔ རིན་ཅེན་གཞོང་ཐོག་ཞེས་བྱའི་ཞིང་ཁམས་སུ༔ སེམས་ཅན་ཚེ་ལོ་བྱེ་བ་བདུན་ཐུབ་དུས༔ འཁོར་ལོས་སྒྱུར་རྒྱལ་གསེར་ཆེན་སྟོང་ཞེས་པ༔ ཟངས་ཀྱི་འཁོར་ལོ་གླིང་གསུམ་སྒྱུར་བར་འཁྲུངས༔ དེ་དུས་སྲས་ཀྱི་ཐུ་བོ་སྟོན་པ་ནི༔ བདེ་གཤེགས་རྒྱལ་བ་མུན་པ་སངས་པ་ཞེས༔ སྐྱེས་བུ་འདུལ་དང་ཁ་ལོ་སྒྱུར་བ་ཡི༔

2-135a

༄༅༔      ༔བླ་མེད་སྟོན་པ་སྟོང་ཁྲི་འདུས་པ་སྐྱོང་༔ སྐྱེ་རྒུའི་ཚེ་ཚད་བྱེ་བ་ཐུབ་པའི་དུས༔ སྟོང་གསུམ་འཇིག་རྟེན་འདི་ཡི་ནུབ་ཕྱོགས་ན༔ ཞིང་ཁམས་རྣམ་དག་རང་བྱུང་སྤོས་ལྡན་ཞེས༔ རྣམ་གྲོལ་སྤོས་དང་ལྡན་པའི་ཞིང་མཆོག་དེར༔ འཁོར་ལོས་སྒྱུར་རྒྱལ་བྱང་ཆུབ་སྙིང་པོ་ཅན༔ སྟོབས་ལྡན་དཔའ་བོ་འབྱུང་གནས་ཞེས་སུ་འཁྲུངས༔ དེ་དུས་ལྕགས་ཀྱི་འཁོར་ལོས་སྒྱུར་བ་ཡི༔ ཆོས་མཆོག་རྒྱལ་པོ་ཆོས་ལ་མངའ་བརྙེས་པ༔ དེ་དུས་སྲས་མཆོག་སངས་རྒྱས་འཁྲུངས་པ་ནི༔ རྒྱལ་བ་སྨན་གྱི་བདེ་བ་མཆོག་ཅེས་པ༔ སྐྱེས་བུ་འདུལ་དང་ཁ་ལོ་སྒྱུར་བ་ཡི༔ ལྷ་མིའི་སྟོན་པ་བྱེ་བ་འདུས་པ་སྐྱོང་༔ སྐྱེ་རྒུའི་ཚེ་ཚད་བྱེ་བ་གསུམ་ཐུབ་དུས༔ སྟོང་གསུམ་སྙིང་པོ་འདི་ཡི་བྱང་ཕྱོགས་སུ༔ ཞིང་ཁམས་རྣམ་དག་རབ་མཆོག་དགའ་བ་ཡི༔ རྣམ་རྒྱལ་ཞིང་ཁམས་ཀུན་ཡངས་བདེ་བ་རུ༔ འཁོར་ལོས་སྒྱུར་བའི་རྒྱལ་པོར་འཁྲུངས་པ་

2-135b

ནི༔ ཀུན་ཁྱབ་རྒྱལ་པོ་མྱ་ངན་མེད་ཅེས་བྱོན༔ གསེར་གྱི་འཁོར་ལོ་ལ་སོགས་རིན་ཅེན་བདུན༔ དཔུང་ཚོགས་བསམ་འདས་འཇིག་རྟེན་ཁེངས་པ་བྱུང་༔ དེ་ཡི་དུས་ཀྱི་རྒྱལ་སྲས་སངས་རྒྱས་ནི༔ བདེ་གཤེགས་སྟོན་པ་ཆོས་མཆོག་སྐྱོབ་པ་བྱོན༔ སྐྱེས་བུ་འདུལ་བའི་འདུས་པ་སུམ་སྟོང་ལ༔ སྐྱེ་རྒུའི་ཚེ་ལོ་བྱེ་བ་གསུམ་ཐུབ་དུས༔ དེ་ལྟར་སྔོན་འདས་དུས་ཀྱི་སྐྱེས་ལུས་རྣམས༔ གྲངས་ལས་འདས་ཤིང་བརྗོད་ཀྱིས་རྫོགས་པ་མིན༔ འཁོར་ལོས་སྒྱུར་རྒྱལ་ལུས་བླངས་མངོན་མཚོན་ཙམ༔ འདོད་ཁམས་རྒྱལ་པོ་བྱང་ཆུབ་སེམས་དཔའི་ལུས༔ བརྗོད་ཀྱིས་མི་རྫོགས་གྲངས་ཀྱིས་མི་ལང་ཡང་༔ འཛམ་གླིང་འདི་རུ་ལུས་བླངས་ཟུར་ཙམ་བརྗོད༔ མི་མཇེད་འཇིག་རྟེན་ལྷོ་ཡི་འཛམ་གླིང་འདིར༔ བསྟན་པའི་བདག་པོ་འཛམ་གླིང་ཤཱཀ་ཐུབ་ཀྱིས༔ བཀའ་ཡི་འཁོར་ལོ་རྣམ་གསུམ་གསུངས་པའི་དུས༔ ཉན་ཐོས་ཆེན་པོ་མ་འགགས་པ་ཞེས་བྱོན༔ སྟོན་པའི་གཙོ་བོ་མྱ་ངན་འདས་པའི་རྗེས༔

2-136a

༄༅༔      ༔བཀའ་ཡི་དགོངས་པ་འགྲེལ་པ་ཐོགས་མེད་ཅེས༔ འཛམ་གླིང་འདི་ཡི་ཉི་མ་བྱང་ཕྱོགས་སུ༔ ཞིང་ཁམས་ཆོས་ཀྱི་མཛེས་པ་ཞེས་བྱ་བར༔ དེ་བཞིན་གཤེགས་པ་དཔལ་བཟང་བྱོན་པའི་དུས༔ འཕགས་པ་ཀུན་མཛེས་མུ་ཏིག་འོད་འབར་ཞེས༔ བོད་ཁམས་ཁ་བ་ཅན་གྱི་ལྗོངས་འདི་རུ༔ པདྨ་འབྱུང་གནས་བདག་ཉིད་བྱོན་པའི་ཚེ༔ སད་ན་མཇིང་ཡོན་མུ་ཏིག་བཙན་པོ་ཞེས༔ བོད་ཁམས་ཁ་བ་ཅན་གྱི་ལྷོ་ཕྱོགས་སུ༔ རྒྱ་གར་གྲོང་ཁྱེར་ཤིང་ཐགས་ཅན་ཞེས་པར༔ རྒྱལ་པོ་ཆེན་པོ་པནྟྲི་ཤེས་རབ་ཅེས༔ དེ་ཕྱིས་བོད་ཁམས་རི་བོ་རྩེ་ལྔ་རུ༔ དངོས་གྲུབ་བརྙེས་པ་ཤཱཀྱ་པྲ་བྷ་ཞེས༔ བོད་ཁམས་འདི་ཡི་ཉི་མ་ལྷོ་ཕྱོགས་སུ༔ རྒྱ་གར་གྲོང་ཁྱེར་མ་ག་དྷ་ཞེས་པར༔ ཁྱིམ་བདག་རྒྱལ་པོ་ནོར་སྦྱིན་དཔལ་ཞེས་འབྱུང་༔ འཛམ་གླིང་དབུས་ཀྱི་རྡོ་རྗེ་གདན་དྲུང་དུ༔ དགེ་སློང་དཔལ་མོ་ཞེས་བྱ་འབྱུང་བར་འགྱུར༔ རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་

2-136b

སུ༔ རྫུས་སྐྱེས་སྤྲུལ་སྐུའི་སེམས་དཔའ་འབྱུང་བར་འགྱུར༔ རྒྱ་གར་དཔལ་གྱི་རི་བོ་ཞེས་པ་ལ༔ སྤྲུལ་པའི་སྐྱེས་མཆོག་དགེ་སློང་ཞེས་བྱ་འབྱུང་༔ བོད་ཁམས་གངས་རི་རྩེ་དགུའི་བྱང་ཕྱོགས་སུ༔ མུ་ཏིག་དགོངས་པ་གསལ་བ་ཞེས་བྱ་འབྱུང་༔ བོད་ཁམས་གངས་རི་རྩེ་དགུའི་ནུབ་བྱང་དུ༔ ཆོས་སྐྱོང་རྒྱལ་པོ་ཧ་འུ་ཀ་ཞེས་འབྱུང་༔ བོད་ཁམས་གངས་ཅན་ལྗོངས་ཀྱི་དབུས་འདི་རུ༔ སྟོན་པ་བསྙེན་རྫོགས་གསང་བ་ཞེས་བྱ་འབྱུང་༔ གངས་རི་རྩེ་དགུའི་ནུབ་བྱང་མཚམས་སུ་ཡང་༔ འདོད་ཁམས་རྒྱལ་པོ་འཇའ་འོད་ཅེས་བྱ་འབྱུང་༔ བོད་ཡུལ་ཁ་བ་ཅན་གྱི་ལྗོངས་འདི་རུ༔ ཚུལ་ཁྲིམས་སྒོམ་པ་ཞེས་བྱ་འབྱུང་བར་འགྱུར༔ བོད་ཁམས་འདི་ཡི་ཉི་མ་ཤར་ཕྱོགས་ཀྱི༔ རྒྱ་ནག་ཁྲི་ཞེས་བྱ་བའི་ཡུལ་ཁམས་སུ༔ འདོད་ཁམས་རྒྱལ་པོ་ཟིན་ཁྲི་ཞེས་བྱ་འབྱུང་༔ བོད་ཁམས་གངས་རི་རྩེ་དགུའི་འདབས་རོལ་དུ༔ འདོད་ཁམས་རྒྱལ་པོ་རིན་ཅེན་

2-137a

༄༅༔      ༔རྩལ་ཞེས་འབྱུང་༔ དཔལ་གྱི་བསམ་ཡས་བྱང་ཤར་མཚམས་སུ་ཡང་༔ ཆོས་མཆོག་རྒྱལ་པོ་རིན་ཅེན་ཞེས་བྱ་འབྱོན༔ འཛམ་གླིང་འདི་ཡི་སྟོང་གསུམ་ཤར་ཕྱོགས་སུ༔ ཞིང་ཁམས་རྡུལ་དང་བྲལ་བ་ཞེས་བྱ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ ལྷ་མིའི་སྟོན་པ་བྱེ་བའི་འདུས་པ་སྐྱོང་༔ བདེ་གཤེགས་དྲི་མ་མེད་པའི་རྒྱལ་མཚན་ཞེས༔ ཡོན་ཏན་མཐའ་ཡས་རྫོགས་པའི་རྒྱལ་བ་འབྱུང་༔ གཞན་ཡང་ཐ་མའི་དུས་སུ་འབྱུང་བ་ནི༔ རྒྱལ་པོ་མཇིང་ཡོན་མུ་ཏིག་བཙན་པོ་འདི༔ མ་འོངས་སྐྱེ་བ་བཅུ་གཉིས་ཐ་མ་ལ༔ གསང་སྔགས་ཟབ་རྒུ་གཅིག་དང་འཕྲད་པར་འགྱུར༔ གསང་སྔགས་ཟབ་མོ་དགོངས་པའི་གཏིང་ཕྱུངས་པ༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཀློང་ནས་གསུངས༔ བདེ་གཤེགས་རིགས་ལྔ་འདུས་པའི་འཁོར་གྱིས་ཉན༔ གསང་སྔགས་བདག་ཉིད་རྡོ་རྗེ་སེམས་དཔའ་ཡིས༔ དགའ་རབ་རྡོ་རྗེའི་ཐུགས་

2-137b

སུ་བརླབས་ནས་བཤད༔ དགའ་རབ་རྡོ་རྗེས་ཤྲཱི་སིང་ཧ་ལ༔ རིགས་འཛིན་རིག་པ་བརྡ་ཡིས་བརྒྱུད་ཅིང་བཤད༔ ཤྲཱི་སིང་ཧས་པདྨ་བདག་ཉིད་ལ༔ སྙན་གྱི་གའུར་བྱིན་གྱིས་བརླབས་ཤིང་བཤད༔ པདྨ་ཐོད་འཕྲེང་རྡོ་རྗེ་གཤོག་རྒོད་ཀྱིས༔ མངའ་བདག་རྒྱལ་པོ་མུ་ཏིག་བཙན་པོ་ལ༔ བཀའ་ཡི་རྒྱ་ནན་ཡི་གེར་བཀོད་ནས་གཏད༔ ཆོས་སྐྱོང་རྒྱལ་པོ་མུ་ཏིག་བཙན་པོ་བདག༔ འདུ་འཛི་གཡེང་བའི་དམག་ཚོགས་དཔོན་ལ་གཡེངས༔ ལས་ཀྱི་ཤུགས་དབང་སྨོན་ལམ་མཐུ་བཙན་ལ༔ གསང་སྔགས་ཟབ་མོའི་སྙིང་པོ་ཉམས་ལེན་རྣམས༔ ཤོག་བུའི་ལོགས་ལ་ཟིན་བྲིས་ཡི་གེར་བཏབ༔ མི་རླག་བཅས་ནི་རྒྱ་རིམ་བདུན་གྱིས་གྲིལ༔ སློབ་དཔོན་སྒྲུབ་གནས་བྲག་དམར་ཟངས་གཡག་ལ༔ སྦ་བར་བཀའ་བགྲོས་ཚོགས་འཁོར་མཛད་པའི་དུས༔ འཇིག་རྟེན་མཁྱེན་པའི་སློབ་དཔོན་ཞལ་སྔ་ནས༔ ནམ་ཞིག་སྙིགས་མའི་དུས་ལ་བབས་པའི་ཚེ༔ རྒྱལ་སྲས་སྐྱེ་ལུས་བཅུ་གཉིས་

2-138a

༄༅༔      ༔ཁ་འཐོར་མཐའ༔ བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ༔ རྗེ་རིགས་རྒྱལ་པོ་གདུག་པའི་ཚོགས་རྣམས་འདུལ༔ རྒྱལ་པོའི་མཚན་ལྟས་ལེགས་པ་ལྔ་དང་ལྡན༔ ཐུགས་སྒམ་བཀའ་བཙན་ཁོང་རྒྱུད་ཡངས་པ་དང་༔ ཟུངས་ཐུབ་དཔྱད་པས་ཐུགས་སྟོབས་རབ་ཏུ་ཆེ༔ རྒྱལ་པོའི་དཔུང་ཚོགས་ལོངས་སྤྱོད་དུ་མ་ལྡན༔ ཁ་བ་ཅན་དུ་དུས་ཀྱི་མཐའ་ལ་འབྱུང་༔ དེ་ཡི་དུས་སུ་གདམས་པ་འདི་དང་འཕྲད༔ སྒྱུ་མའི་སྐྱེས་བུ་རྗེ་རིགས་རྣལ་འབྱོར་པ༔ ཐ་མལ་མོན་བུ་ལྷ་སྲིན་དེད་དཔོན་གཅིག༔ ཐ་བྲག་རི་བོའི་ཁྲོད་ནས་འོངས་ཞེས་པ༔ ཉི་མའི་ཟེར་ལ་དམར་ཐག་དུས་སུ་འབྱུང་༔ སྔགས་ཀྱི་དངོས་གྲུབ་འདོད་པ་ཡོད་དམ་ཞེས༔ སྔོན་དུས་རྒྱལ་པོ་ད་ལྟ་ཡོད་དམ་ཞེས༔ སྔོན་དུས་རྒྱལ་པོ་མན་ངག་ལོང་ཞེས་ཟེར༔ གསང་སྔགས་རྒྱ་མཚོའི་ནང་གི་སྙིང་པོ་རྣམས༔ རིག་པའི་བརྡ་ཡིས་ཆར་གྱི་ཚུལ་དུ་འབེབས༔ རྒྱལ་པོའི་ཕྱག་དཔེ་མན་ངག་སྙིང་པོ་ནི༔ རྫོགས་ཆེན་སེམས་

2-138b

མདོ་བཅོ་བརྒྱད་སྙིང་ཕྱུངས་པ༔ བསྟན་པ་བུ་གཅིག་སྙིང་ཐིག་མན་ངག་བཅས༔ ལྟ་སྒོམ་སྤྱོད་གསུམ་ཞུས་ལན་སྒོམ་ཁྲིད་དང་༔ རྒྱུ་འབྲས་རྣམ་འབྱེད་དགེ་སྦྱོང་འགྲོ་བ་འདུལ༔ ཐུགས་རྗེ་ཆེན་པོ་བཏགས་གྲོལ་མཐོང་གྲོལ་དང་༔ ངག་ཏུ་མ་བཏོན་མག་ངག་མཐར་ཐུག་གསུམ༔ འཁོར་ལོ་བཞི་སྒྲུབ་འཁོར་ལོ་གསུམ་སྒྲུབ་དང་༔ ཡང་གསང་གཏེར་སྒྲུབ་མན་ངག་ཡང་ཏིག་རྣམས༔ བཀའ་ཡིས་རྒྱ་ནན་རིམ་པ་དགུ་རུ་བརྩེགས༔ རྒྱལ་པོའི་ཐུགས་དམ་འཇིག་རྟེན་དབང་ཕྱུག་དང་༔ དེ་ཉིད་སྔགས་ཀྱི་ཐེམས་ཡིག་མན་ངག་བཅས༔ ཅིག་སྐོར་ཡིད་བཞིན་ནོར་བུ་ཁ་ཚར་བཅས༔ གཏུམ་པོ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་དང་༔ ཡང་བཅུད་དྲེགས་པ་སྲོག་གི་འཁོར་ལོ་དང༔ ཀླུ་ཡི་དེད་དཔོན་ནག་པོ་ཏི་པ་ཙ༔ ནཱ་ག་རཀ་ཤ་ནོར་བུ་སྒྲུབ་པར་བཅས༔ དབང་ཕྱུག་ཆེན་པོ་བྷི་ཤ་འཇོམས་པ་དང་༔ རླུང་གི་མངོན་ཤེས་རྒྱུན་ཁྱེར་མན་ངག་དང་༔ པྲ་མོ་རྣོ་མཐོང་སྲིད་གསུམ་གསལ་བྱེད་དང་༔ གཅེས་

2-139a

༄༅༔      ༔འཕྲེང་ལྔ་བཅུའི་མན་ངག་སྡེ་ཚན་བཅས༔ གནོད་སྦྱིན་རྒྱལ་པོ་ནམ་མཁའ་མཛོད་ཀྱི་རྒྱུད༔ སྒྲུབ་ཐབས་དབང་གི་རྒྱལ་པོ་མན་ངག་བཅས༔ ནོར་གྱི་བདག་པོ་གནོད་སྦྱིན་ཛཾ་བྷ་ལ༔ ཚོགས་བདག་སྤྲེའུ་སྣ་ཡི་སྒྲུབ་ཐབས་བཅས༔ རྡོ་རྗེ་བདུད་འདུལ་ཚོགས་བདག་གླང་པོའི་སྣ༔ གནོད་སྦྱིན་ནག་པོ་གཏེར་སྐྱོང་དུང་འཛིན་དང་༔ གཉན་ཆེན་ཐང་ལྷ་ཤམ་པོ་མ་སངས་དང་༔ སྔགས་བདག་དྲེགས་པ་བཅོ་བརྒྱད་སྒྲུབ་ཐབས་བཅས༔ གཞན་གྱིས་མི་ཐུབ་འཇིག་རྟེན་སྐྱོང་བྱེད་དང་༔ ལྷ་མོ་ནོར་རྒྱུན་དབང་སྡུད་ཀ་ཁ་སྒྲིགས༔ མི་སྟེགས་དབང་སྡུད་ཉི་ཤུ་རྩ་གཅིག་དང་༔ སྨེ་བ་བརྩེགས་པ་ཡུལ་ཁམས་དབང་སྡུད་བཅས༔ མཁའ་འགྲོའི་ལུང་སྐོར་ཁྲོས་མ་ནག་མོ་དང་༔ དབང་སྡུད་ལས་ལ་ཕྱི་སྒྲུབ་སྒོས་སྒྲུབ་གཉིས༔ ཐེམས་ཀྱི་རྒྱུད་དང་ཁ་ཚར་བརྒྱ་རྩ་བརྒྱད༔ དྲེགས་པ་བཅུ་གསུམ་གཟའ་གདོང་ཉིང་ཁུ་དང་༔ དོན་དམ་ཟབ་མོ་མན་ངག་གནད་ཀྱི་ཆོས༔ མན་ངག་ཀུན་གྱི་ལྟོ་ཚིལ་

2-139b

བསྡུས་པའི་དོན༔ རྒྱུད་སྡེ་ཀུན་གྱི་ཁོང་སྙིང་བཏོན་པ་ཡིན༔ གཞན་གྱི་དོན་དུ་སྤྱོད་པའི་ཆོས་སྡེ་ལ༔ སྐྱབས་འགྲོ་སེམས་བསྐྱེད་གཏོར་མ་བསྙེན་གནས་དང་༔ དྲང་དོན་དགེ་བསྐུལ་ཆོས་སྤྱོད་ཉི་ཤུ་གཅིག༔ བཀའ་སྩལ་རྐྱང་པ་ན་རཀ་དོང་སྤྲུགས་དང་༔ དམ་ཚིག་བསྲུང་མཚམས་སྐྱོན་མཚང་འདོན་པ་དང་༔ འགྲོ་བ་འདུལ་བའི་རྒྱུད་དང་བསྙེན་སྒྲུབ་དང་༔ སྨན་སྒྲུབ་ཆོས་སྦྱོད་ཁ་ཚར་སྤྱོད་པའི་ཆོས༔ སློབ་དཔོན་རྒྱལ་པོའི་རྣམ་ཐར་ཆེན་མོ་དང་༔ སྣང་སྲིད་གཏན་འབེབས་ཐང་ཡིག་འདི་ཉིད་དང་༔ རྒྱལ་པོའི་ཐུགས་དམ་བསམ་ཡས་དཀར་ཆག་དང་༔ མེ་ཏོག་བརྒྱན་པ་བསྡུས་པའི་ལུང་བསྟན་སྐོར༔ སློབ་དཔོན་རྣམས་དང་ལོ་པཎ་སྐྱེས་རབས་རྣམས༔ རྒྱལ་པོའི་བླ་མཆོད་ལུང་བསྟན་གཏེར་དུ་བཅས༔ ཁཪྶཱ་པ་ཎི་སྒྲུབ་པ་སྒྲོམ་འཇུག་དང་༔ གསུང་སྒྲུབ་དམར་པོ་ཉམས་ལེན་མཐིལ་གྱི་ཆོས༔ སྲོག་སེར་གཏད་གསུམ་འཕྲེང་སེལ་ཞུ་ལན་སྐོར༔ སྤྱི་ལ་དགོས་པའི་

2-140a

༄༅༔      ༔སྲོག་ཁྱིམ་གཏེར་ཁྱིམ་དང་༔ མཐར་ཐུག་སྣང་སྲིད་ལྷ་སྲིན་སྒྲུབ་ཐབས་དང་༔ བསྐལ་པ་དུམ་བུའི་ལེ་ལག་ཀུན་ལ་དགོས༔ གཉེར་དུ་གཏད་པ་མགོན་པོ་ཏྲག་ཤད་དང་༔ ནག་པོ་ནག་མོ་དྲག་སྔགས་སྡེ་ཚན་ལ༔ དྲག་སྔགས་གཅིག་ཆོད་གཤོར་དུ་སྒྲུབ་པ་དང༔ བཤན་པ་ར་མགོ་མ་ར་སྙིང་ཟན་དང་༔ སྲིན་པོའི་དམོད་པ་ད་ར་དི་ར་དང་༔ སྤུ་གྲི་ནག་མོ་སྲོག་གི་བཤན་པ་དང་༔ རྡོ་རྗེ་ལེགས་པ་ཡམ་ཤུད་དམར་པོ་དང་༔ ནག་པོ་སྤྱན་གཅིག་བདུད་ཀྱི་དྲག་སྔགས་དང་༔ སྤུ་གྲི་རེག་གཅོད་ངག་འགྲོལ་ཟློག་གསད་དང་༔ སྲིད་པའི་རྒྱལ་མོ་སྔགས་ཀྱི་སྲུངས་མ་དང་༔ དུག་སྦྲུལ་ནག་པོ་ནཱ་ག་གུར་ལིང་དང་༔ ཏྲི་ཝང་འབྱུང་བ་བཞི་ཡི་མནན་པ་དང་༔ ཕྲ་མེན་འགོམ་ཆོག་སྐྱེས་བུ་འཕུང་སེལ་དང་༔ རིན་ཅེན་གཟོ་ཡིག་རིག་པ་བཟོ་ཡི་གནས༔ བདུད་རྩི་སྨན་དཔྱད་རིན་ཅེན་བསྡུས་པ་དང་༔ རྒྱ་ཡི་སྨན་དཔྱད་ནོར་བུ་དོན་བསྡུས་དང་༔ སྙིང་རླུང་བཅོས་དང་སྐྲན་

2-140b

དང་དམུ་ཆུ་དང་༔ དུག་གི་འཁྲེན་འདྲེན་སྨན་གྱི་བྱ་ར་དང་༔ སྨན་གྱི་སྦྱོར་བ་བདུད་རྩི་ལྗོན་ཤིང་དང་༔ རིག་པའི་སྨན་ལ་ལུས་ཀྱི་གསོས་སུ་བཅས༔ དུག་བྱེད་རྫུ་འཕྲུལ་ཨག་ནི་བྱ་བ་དང་༔ རྫི་དུག་རླུང་ཞོན་བྱུག་པ་རེག་འཕུང་དང་༔ གདུག་པའི་རྫས་ལ་རིག་པའི་འཕྲུལ་དང་བཅས༔ ས་ཡི་སྟེང་དུ་དཀོན་པའི་མན་ངག་ཡོད༔ སློབ་དཔོན་བཀའ་ཡི་རྒྱ་ནན་བཅས་པ་ལ༔ རྡོ་རྗེ་སློབ་དཔོན་སྐུ་ཡི་སྒྲུབ་པ་དང་༔ གསང་སྔགས་ཟབ་མོ་ལྟ་བའི་རྫོང་འཕྲེང་དང་༔ རྒྱལ་སྲས་ཞུས་ལན་ལྟ་བ་རྫོང་འཕྲེང་དང་༔ བར་ཆད་བདུད་དཔུང་འཇོམས་པའི་འཕྲེང་སེལ་དང་༔ རྫོགས་ཆེན་སྒོམ་མོད་སྒོམ་མེད་རྣམ་པ་གཉིས༔ རྗེ་འབངས་ཉི་ཤུ་རྩ་ལྔའི་ཞུས་ལན་དང་༔ ཟབ་མོ་ཉམས་ལེན་གོ་འབྱེད་བརྡ་ཡི་སྐོར༔ བཀའ་ཡི་རྒྱ་ནན་བཅས་པའི་གདམས་པ་ཀུན༔ ཁོང་སྙིང་དོན་དམ་མིག་གི་འབྲས་བུ་ལྟར༔ གཅེས་པའི་གདམས་པ་གསང་བ་སེམས་ཀྱི་གཏེར༔ རྫོགས་ཆེན་

2-141a

༄༅༔      ༔ཉལ་ཆོག་མན་ངག་ཟབ་མོ་དང་༔ རྨི་ལམ་གཉིད་དང་འཕོ་བ་གྲོང་འཇུག་དང་༔ བར་དོའི་གནད་དང་གསང་ལམ་གདམས་ངག་དང་༔ ལྟ་སྒོམ་སྤྱོད་གསུམ་དྲི་མེད་ཀ་དག་བདུན༔ གཅེས་པའི་གདམས་ངག་གསང་བ་སེམས་ཀྱི་གཏེར༔ རྩ་རླུང་ཟབ་མོ་གནད་ཀྱི་གདམས་ངག་དང་༔ གཏུམ་མོའི་དྲོད་དང་རྫས་ཀྱི་མེ་གོས་དང་༔ ཆུ་དང་རྡོ་ཡི་དཀའ་ཐུབ་ཏིང་འཛིན་དང་༔ ཚན་དང་ཅོང་ཞི་བཅུད་ལེན་རྣམ་པ་བདུན༔ བཀའ་ཡི་རྒྱ་ནན་གསང་བ་སེམས་ཀྱི་གཏེར༔ སེམས་ཉིད་ངོ་སྤྲོད་མེ་ལོང་རྣམ་གཉིས་ལ༔ རྒན་པོ་མཁར་ཐོགས་རྒན་མོ་མཛུབ་ཚུགས་དང་༔ ཁྱད་འཕགས་བུད་མེད་བདུན་གྱི་ཞུས་ལེན་དང་༔ སྙིང་གཏམ་བཀའ་རྒྱའི་གལ་ཆེན་གཏད་རྒྱ་དང་༔ ཞུས་ལན་བཏབ་དང་རྒྱ་ནན་བཀའ་ཡི་གསུང་༔ གཅེས་པར་གདམས་པ་གསང་བ་སེམས་ཀྱི་གཏེར༔ སྒོམ་ཁྲིད་རིན་ཅེན་སེམས་ཀྱི་འཕྲེང་བ་དང་༔ ཉམས་ལེན་དྲི་མེད་ཤེལ་ཕྲེང་ནོར་བུ་

2-141b

དང་༔ གནད་འདུས་དྲི་མེད་བུའི་ནོར་བུའི་འཕྲེང་བ་དང་༔ ཟླ་བ་གཅིག་གིས་མཆོག་གྲུབ་མན་ངག་དང་༔ མཚན་བརྗོད་འདོན་དང་ཡི་གེ་བརྒྱ་པ་དང་༔ ཉམས་ལེན་ཟབ་མོ་ཡི་གེ་ཧཱུཾ་གི་ཆོས༔ རྒྱུད་ལས་བཀོལ་བའི་རབ་འབྲིང་རྣམ་པ་གསུམ༔ ཕོ་ཚོགས་མོ་ཚོགས་ཞལ་སྦྱོར་སྒྲུབ་པ་དང་༔ རྡོ་རྗེ་སློབ་དཔོན་འཁོར་ལོ་བཞི་སྒྲུབ་དང་༔ སློབ་དཔོན་ཚེ་སྒྲུབ་མན་ངག་ཟབ་མོ་དང་༔ སྡེ་སྣོད་སྙིང་པོ་འཁོར་ལོ་གསུམ་སྒྲུབ་དང་༔ ཡང་གསང་མཁའ་འགྲོ་གཏེར་དུ་སྒྲུབ་པ་དང་༔ འཇིག་རྟེན་འདི་རུ་འབྱུང་བར་དཀོན་པ་ཡི༔ ཡེ་ཤེས་མཁའ་འགྲོ་བཀའ་རྒྱའི་མདུད་པ་བཀྲོལ༔ གསང་བའི་སྙིང་ཐིག་ཚིག་ཏུ་བཏོན་པ་རྣམས༔ ལྷ་སྲས་རྒྱལ་པོའི་ཐུགས་ཀྱི་དཀྱིལ་དུ་ཆོངས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་ཀྱིས༔ ཐུགས་དགོངས་གཏིང་དཔག་དཀའ་བའི་ཆོས་གསུངས་ཀྱང་༔ མདོ་དོན་འགག་འདྲིལ་གདམས་པ་འདི་འདྲ་དཀོན༔ དུས་གསུམ་རིགས་

2-142a

༄༅༔      ༔འཛིན་མ་ལུས་ཐམས་ཅད་ཀྱིས༔ བརྡ་དང་ངག་ཏུ་རིམ་པས་བསྟན་གྱུར་ཀྱང་༔ ཉམས་ལེན་གནད་ཀྱི་མན་ངག་འདི་འདྲ་དཀོན༔ མདོ་རྒྱུད་བསྟན་བཅོས་མ་ལུས་ཐམས་ཅད་ཀྱི༔ ཟབ་དོན་སྙིང་པོ་ཀུན་གྱི་བཅུད་ཕྱུངས་ཀྱང་༔ ཉམས་སུ་ལེན་བདེའི་ཟབ་དོན་འདི་འདྲ་དཀོན༔ སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཆོས་ཤེས་ཀྱང་༔ གཅིག་ཤེས་ཀུན་གྲོལ་གདམས་པ་འདི་འདྲ་དཀོན༔ དུས་གསུམ་བདེ་གཤེགས་དགོངས་པ་ལོན་གྱུར་ཀྱང་༔ ཀུན་ཤེས་གཅིག་ཏུ་དྲིལ་བའི་གནད་སྤུངས་པ༔ ཉམས་མྱོང་སྲང་ཚད་གདམས་པ་འདི་འདྲ་དཀོན༔ ནམ་ཞིག་ལྔ་བརྒྱའི་སྙིགས་མར་བབས་པའི་ཚེ༔ སངས་རྒྱས་བསྟན་པའི་དམ་ཆོས་ཉམས་དུས་སུ༔ དེ་ཚེ་བདག་གི་བསྟན་པ་འབྱུང་བར་འགྱུར༔ སྙིགས་མའི་དུས་ངན་བར་གྱི་ཚིགས་པ་ལ༔ རྒྱལ་བརྒྱུད་རང་གི་ཤུལ་ལམ་མི་ཐུབ་དུས༔ གནས་བརྟན་དམག་དཔོན་འདུན་བཤོམ་བྱེད་པའི་དུས༔ དགེ་

2-142b

འདུན་བཟོད་པའི་གོ་ཆ་ཤོར་བའི་དུས༔ སྡེ་འཁྲུགས་གནས་ལ་འཐབ་ར་འཆའ་བའི་དུས༔ དགེ་སློང་གྲི་མཚོན་རྒྱན་དུ་འདོགས་པའི་དུས༔ ལྷ་ཆོས་བཤད་པ་མི་ནག་མཁས་པའི་དུས༔ ལྟ་བ་ཟབ་མོ་ཉ་མས་གླེང་བའི་དུས༔ དགེ་སྦྱོང་བདུད་མོ་བུད་མེད་བསྟེན་པའི་དུས༔ ཆོས་བྱེད་ཁྲེལ་མེད་གླུ་བྲོ་བྱེད་པའི་དུས༔ བདེ་གཤེགས་བཀའ་ལ་རིན་ཐང་གཙོང་བའི་དུས༔ འགོང་པོ་རྒྱབ་སེར་རྒྱང་གླུ་ལེན་པའི་དུས༔ སོ་སོ་སྐྱེ་བོ་ངན་སྔགས་སློབ་པའི་དུས༔ གསང་སྔགས་སློབ་དཔོན་ཁྱི་ལྟར་འཁྱམས་པའི་དུས༔ སློབ་མ་དམ་མེད་སེང་ལྟར་འགྱིང་བའི་དུས༔ དམ་ཉམས་བཀའ་ལོག་བཤགས་པ་མི་བྱེད་དུས༔ ས་ཡི་བཅུད་ཉམས་གཏེར་མཛོད་བརྡོལ་བའི་དུས༔ གསང་སྔགས་དུས་ཉམས་དམ་ཚིག་མི་ཐུབ་དུས༔ སྐྱེ་བོ་ནོར་ཉམས་རྐུ་འཕྲོག་བྱེད་པའི་དུས༔ བུད་མེད་ཁྲེལ་མེད་རང་ལུས་མི་ཐུབ་དུས༔ སེམས་ཅན་ཞེ་སྡང་མེ་ལྟར་འབར་བའི་དུས༔ དེ་དུས་ང་ཡི་

2-143a

༄༅༔      ༔བསྟན་པ་འབྱུང་བ་ནི༔ འདོད་ཁམས་རྒྱལ་པོ་གངས་ཀྱི་འདབས་སུ་འབྱུང་༔ བོད་ཁམས་གླིང་དགུ་སེམས་ཅན་བདེ་བ་ལྡན༔ གསང་སྔགས་ཟབ་མོ་ས་ཡི་སྟེང་དུ་འབྱུང་༔ ཡང་ཅིག་ཐ་མའི་དུས་སུ་འབྱུང་བ་ནི༔ མི་ལོ་དགུ་བརྒྱ་བདུན་ཅུ་འདས་པའི་དུས༔ བོད་ཁམས་རྒྱལ་པོ་ལེགས་བའི་བློ་གྲོས་ནི༔ མི་ལུས་སྐྱེ་བ་བཅུ་བདུན་འཁོར་བའི་དུས༔ སྲིད་པ་ཐ་མ་ཁོང་ཁྲོའི་ཞིང་ཁམས་སུ༔ བྱེ་མ་ཤིང་ལོའི་ཚལ་ཞེས་བྱ་བ་རུ༔ རྒྱལ་པོའི་ཆོས་ཀྱིས་སེམས་ཅན་དོན་མཛད་པ༔ རྒྱལ་པོ་རབ་ཏུ་སྙིང་པོ་བརྙེས་ཞེས་པ༔ བདེ་གཤེགས་སྙིང་པོ་མཆོག་ལ་མངའ་བརྙེས་འབྱུང་༔ དེ་དུས་ང་ཡི་བསྟན་པ་འབྱུང་བ་ནི༔ གྲོང་ཁྱེར་རྡོ་མཆོག་ཅེས་པའི་ཞིང་ཁམས་སུ༔ གསང་སྔགས་སྡོང་པོ་སྐྲ་ཡི་ལྭ་བ་ཅན༔ འདམ་སྐྱེས་པདྨ་མོན་བུ་ཨཱ་ཙཱརྱ༔ ང་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ལ༔ མགོ་བརྙན་ཁྱུང་དང་སེང་གེ་སྟག་དང་ནི༔ དོམ་དྲེད་ལ་

2-143b

སོགས་སྡེ་ཚན་ལྔ་རུ་སྤྲུལ༔ བོད་ཡུལ་བསྟན་སྲུངས་དྲེད་ཀྱི་གདོང་པ་ཅན༔ གདུག་རྩུབ་ངན་སྔགས་རྒྱལ་པོའི་བསྟན་པ་བསྲུང་༔ སྔགས་ཀྱི་བདག་པོ་སུམ་ཅུ་རྩ་གསུམ་སྐོར༔ ཐུགས་ཀྱི་སྲས་མཆོག་སྔགས་བདག་ཆེན་པོ་བརྒྱད༔ འདུས་པའི་ཚོགས་ལ་དང་པོ་འབྱུང་བར་འགྱུར༔ ཕྱི་མ་འདུས་པ་ཉི་ཤུ་རྩ་ལྔ་ལ༔ ཀུན་ཀྱང་སྔགས་ལ་དངོས་གྲུབ་བརྙེས་པ་འབྱུང་༔ ཡང་ཕྱི་འདུས་པ་སྟོང་དང་བདུན་ཅུ་ལ༔ གསང་སྔགས་འཕྲོ་སད་ཏིང་འཛིན་མངའ་བརྙེས་འབྱུང་༔ ཐོག་མར་དང་པོ་སྔགས་བདག་འབྱུང་བ་ནི༔ ཤར་ཕྱོགས་གཡུ་རུ་གླིང་གི་ཞིང་ཁམས་སུ༔ རྫུས་སྐྱེས་བྱང་ཆུབ་སེམས་དཔའ་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་ཀུན་གྲགས་དབྱངས་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ ལྷ་མིའི་སྟོན་པ་སུམ་སྟོང་འདུས་པ་སྐྱོང་༔ བདེ་གཤེགས་བྱང་ཆུབ་བདེ་ཆེན་ཞེས་བྱར་འགྱུར༔ ཤར་

2-144a

༄༅༔      ༔ཕྱོགས་གཡུ་རུ་བཟང་པོའི་ཞིང་ཁམས་སུ༔ གསང་སྔགས་དོན་དམ་ཐེག་ཆེན་རྣལ་འབྱོར་པ༔ སྤྲུལ་སྐུའི་སེམས་དཔའ་སེང་གེ་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་ཉི་མ་ལྷོ་ཕྱོགས་ཀྱི༔ དབང་ལྡན་ཡེ་དག་ཅེས་བྱའི་ཞིང་ཁམས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ ལྷ་མིའི་སྟོན་པ་འདུས་པ་བདུན་ཁྲི་སྐྱོང་༔ བདེ་གཤེགས་ཟླ་འོད་མྱ་ངན་མེད་ཅེས་འབྱུང་༔ ཤར་ཕྱོགས་དབུ་རུ་འཕན་ཞེས་ཞིང་ཁམས་སུ༔ ཐེག་ཆེན་དོན་དམ་སེམས་ཉིད་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་མགོན་པོ་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་ཉི་མ་ནུབ་ཀྱི་ཕྱོགས༔ ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ ལྷ་མིའི་སྟོན་པ་བདུན་སྟོང་འདུས་པ་སྐྱོང་༔ བདེ་གཤེགས་སྨན་མཆོག་

2-144b

མགོན་སྐྱབས་ཞེས་བྱར་འགྱུར༔ ནུབ་བྱང་དབུ་རུ་རྒྱན་ཞེས་བྱ་བ་ནས༔ ཞིང་ཁམས་རྣམ་དག་རིན་ཅེན་འདུས་པ་རུ༔ གསང་སྔགས་དོན་དམ་ཐེག་ཆེན་རྣལ་འབྱོར་པ༔ སྔགས་བདག་བླ་མ་རྡོ་རྗེ་ཞེས་བྱ་བ༔ གུས་པའི་མཆོག་གྱུར་རྩེ་གཅིག་རྣལ་འབྱོར་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ནུབ་ཀྱི་ཕྱོགས༔ ཞིང་ཁཾས་རྣམ་དག་པདྨ་ཅན་ཞེས་པར༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ ལྷ་མིའི་སྟོན་པ་སུམ་ཁྲི་འདུས་པ་སྐྱོང་༔ བདེ་གཤེགས་ཉི་མའི་འོད་ཟེར་ཞེས་བྱར་འགྱུར༔ ཤར་ལྷོ་གཡུ་རུ་གཞུང་ཞེས་བྱ་བ་རུ༔ གསང་སྔགས་དོན་དམ་རྩེ་གཅིག་རྣལ་འབྱོར་པ༔ བྱང་ཆུབ་སེམས་དཔའ་གྲགས་པ་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ནུབ་ཀྱི་ཕྱོགས༔ པདྨ་བརྩེགས་པའི་ཞིང་ཁམས་རྣམ་དག་ཏུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་

2-145a

༄༅༔      ༔སྒྱུར༔ ལྷ་མིའི་སྟོན་པ་བདུན་ཁྲི་འདུས་པ་སྐྱོང་༔ བདེ་གཤེགས་སཱ་ལའི་མགོན་པོ་ཞེས་བྱར་འགྱུར༔ ཤཱཀྱའི་ཞིང་ཁམས་དབུ་རུ་ལམ་ཞེས་པར༔ གསང་སྔགས་རྣལ་འབྱོར་བདེ་བ་ཞེས་བྱ་འབྱུང་༔ ཐེག་ཆེན་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ནུབ་ཀྱི་ཕྱོགས༔ ཞིང་ཁམས་དག་པ་པདྨ་ཅན་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་སུམ་སྟོང་འདུས་པ་སྐྱོང་༔ བདེ་གཤེགས་ཀུན་བཟང་རྒྱལ་བའི་མཆོག་ཅེས་འགྱུར༔ ཤཱཀྱའི་ཞིང་ཁམས་ལམ་ཞེས་བྱ་བ་རུ༔ མཆོག་གི་སྐྱེས་བུ་བླ་མའི་རྣལ་འབྱོར་པ༔ ངེས་དོན་སྤྱོད་འགྲོས་བདེ་འབུམ་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཛམ་གླིང་འདི་ཡི་ཉི་མ་ལྷོ་ནུབ་ཏུ༔ ཨོ་རྒྱན་ཆུ་གླིང་ཞིང་ཁམས་དག་པ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་

2-145b

སྟོན་པ་ཉི་ཁྲི་འདུས་པ་སྐྱོང་༔ བདེ་གཤེགས་དྲི་མེད་གཙུག་ཏོར་ཅན་ཞེས་འགྱུར༔ ཤཱཀྱའི་ཞིང་ཁམས་དཀར་ཟལ་ཞེས་པ་ནས༔ གསང་སྔགས་དོན་དམ་འབྲས་བུའི་རྣལ་འབྱོར་པ༔ སྔགས་བདག་ནག་མོ་བྱ་འབུམ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ནུབ་ཕྱོགས་སུ༔ ཞིང་ཁམས་རྣམ་དག་བདེ་བའི་སྙིང་པོ་རུ༔ བདེ་གཤེགས་རྔམ་བརྗིད་ཁྲོ་བོའི་རྒྱལ་པོ་ཞེས༔ ལོག་ལྟ་ཚར་གཅོད་དབང་གི་རྒྱལ་པོར་འགྱུར༔ ཝ་དང་ཁྱི་སྤྱང་རྒྱ་འདྲེའི་ཚོགས་ཀྱིས་བསྐོར༔ ཤཱཀྱའི་ཞིང་ཁམས་བསམ་ཡས་ཕུ་གདོང་ནས༔ བྱང་སེམས་གསང་སྔགས་ཐེག་ཆེན་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ནམ་མཁའ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ཤར་ཕྱོགས་སུ༔ ཞིང་ཁམས་རྣམ་དག་མངོན་པར་དགའ་བ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔

2-146a

༄༅༔      ༔བླ་མེད་སྟོན་པ་བྱེ་བ་འདུས་པ་སྐྱོང་༔ བདེ་གཤེགས་བླ་མེད་ནམ་མཁའི་ཀློང་ཡངས་ཞེས༔ ཡང་དག་རྫོགས་པའི་རྒྱལ་བ་འབྱུང་བར་འགྱུར༔ ཤཱཀྱའི་ཞིང་ཁམས་ཡར་ཀླུངས་སྤུངས་ཞེས་སུ༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་སྐལ་ལྡན་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ཤར་ལྷོའི་མཚམས༔ འབྲུག་སྒྲ་དབྱངས་ལྡན་ཞིང་ཁམས་དག་པ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་ལྷ་མིའི་འདུས་པ་སྐྱོང་༔ རྒྱལ་བ་གཟི་བརྗིད་འོད་འཕྲོ་ཞེས་པར་འགྱུར༔ དེ་ཕྱིས་འདུས་པ་ཉི་ཤུ་རྩ་ལྔ་ལ༔ ཤཱཀྱའི་ཞིང་ཁམས་འཕྲུལ་སྣང་གཙུག་ལག་ཁང་༔ སྨོན་ལམ་དག་པས་བྱང་སེམས་གཞན་དོན་མཛད༔ འདུས་པའི་མཆོག་གྱུར་འཕགས་པ་འབྱུང་བར་འགྱུར༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ 

2-146b

འཇིག་རྟེན་འདི་ཡི་བྱང་ཤར་མཚམས་སུ་ནི༔ ཀུན་མཛེས་བདེ་ཆེན་ཡངས་པའི་འཇིག་རྟེན་དུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བདུན་ཁྲི་འདུས་པ་སྐྱོང་༔ རྒྱལ་བ་འོད་ཟེར་དབྱངས་ཞེས་བྱ་བར་འགྱུར༔ ཤཱཀྱའི་ཞིང་ཁམས་ཡར་འཕྲེང་ཞེས་པ་ནས༔ གསང་སྔགས་ཐེག་ཆེན་དགོངས་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ལྷ་དར་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ལྷོ་ཕྱོགས་སུ༔ ཞིང་ཁམས་རྣམ་དག་བྱ་བ་གྲུབ་པ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ ལྷ་མིའི་སྟོན་པ་ལྔ་ཁྲི་འདུས་པ་སྐྱོང་༔ རྒྱལ་བ་ཡོན་ཏན་བཀོད་པའི་འོད་ཟེར་འགྱུར༔ ཤཱཀྱའི་ཞིང་ཁམས་ལུགས་མདའ་ཞེས་བྱ་རུ༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་འཛིན་པོ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔

2-147a

༄༅༔      ༔སྟོང་གསུམ་འཇིག་རྟེན་འདི་ཡི་ཤར་ཕྱོགས་སུ༔ ཞིང་ཁམས་རྣམ་དག་འགྱུར་ཐང་ཞེས་པ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བདེ་གཤེགས་པདྨའི་རྒྱལ་པོ་ཞེས་པར་འགྱུར༔ ལྷ་མིའི་སྟོན་པ་ཁྲི་ཡི་འདུས་པ་སྐྱོང་༔ ཤཱཀྱའི་ཞིང་ཁམས་དབུ་རུ་ལྗང་ཞེས་ནས༔ གསང་སྔགས་ཐེག་ཆེན་རིག་འཛིན་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རི་རབ་ལྷུན་ཞེས་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་ཞིང་ཁམས་འདི་ཡི་ཤར་ཕྱོགས་ཀྱི༔ ཞིང་ཁམས་རྣམ་དག་མངོན་པར་དགའ་བ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བདུན་ཁྲི་འདུས་པ་སྐྱོང་༔ དེ་བཞིན་གཤེགས་པ་བཟང་མཆོག་ཅེས་པར་འགྱུར༔ ཤཱཀྱའི་ཞིང་ཁམས་སྟོད་ལུང་མཚོ་ཞེས་ནས༔ གསང་སྔགས་ཐེག་ཆེན་ཏིང་འཛིན་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རིན་ཅེན་ཞེས་བྱ་འབྱུང་༔ 

2-147b

དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་བླ་མེད་གོང་གི་ངོས༔ སྟེང་ཕྱོགས་དག་པ་སྔགས་ཀྱི་གཞལ་ཡས་སུ༔ དཀྱིལ་འཁོར་གཙོ་བོ་ཁྲོ་བོའི་རྒྱལ་པོར་འགྱུར༔ ལོངས་སྤྱོད་རྫོགས་པ་ཁྲི་སྤྱོད་སྤྲུལ་པས་བསྐོར༔ ཤཱཀྱའི་ཞིང་ཁམས་གཡུ་རུ་གངས་ཞེས་ནས༔ གསང་སྔགས་ཐེག་ཆེན་སྒྲུབ་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ཡེ་ཤེས་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་ལྷོ་ནུབ་མཚམས་སུ་ཡང་༔ ཨོ་རྒྱན་ཞིང་ཁམས་ཐོར་ཅོག་ཅན་གྱི་གླིང་༔ རིགས་འཛིན་ཚེ་ལ་མངའ་བརྙེས་མགོན་པོ་ཞེས༔ གྲུབ་པའི་རིག་འཛིན་སྟོང་ཕྲག་གསུམ་གྱིས་བསྐོར༔ ཤཱཀྱའི་ཞིང་ཁམས་བསམ་ཡས་ཕུ་ཞེས་སུ༔ གསང་སྔགས་ཆོས་སྤྱོད་ཏིང་འཛིན་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ཤེས་རབ་ཅེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཛམ་གླིང་འདི་ཡི་ཤར་གྱི་ཕྱོགས་

2-148a

༄༅༔      ༔སུ་ནི༔ ཞིང་ཁམས་རང་བྱུང་བདེ་ལེགས་ཞེས་པ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་སུམ་སྟོང་འདུས་པ་སྐྱོང་༔ རྒྱལ་བ་དཔའ་བོ་མུན་སངས་ཞེས་པར་འགྱུར༔ ཤཱཀྱའི་ཞིང་ཁམས་ལོངས་སྟོད་ཅེས་པ་ན༔ བྱང་སེམས་སྨོན་ལམ་གཞན་གྱི་དོན་ལ་བརྩོན༔ མ་འོངས་མཁས་པ་གྲགས་ཞེས་འབྱུང་བར་འགྱུར༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ ཞིང་ཁམས་རྣམ་དག་ནོར་བུ་སྣང་འོད་དུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བཞི་ཁྲི་འདུས་པ་སྐྱོང་༔ རྒྱལ་བ་ལོངས་སྤྱོད་མཐའ་ཡས་ཞེས་བྱར་འགྱུར༔ ཤཱཀྱའི་ཞིང་ཁམས་བཟང་པོ་ཡུལ་ཞེས་ནས༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་དར་པོ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་ལྷོ་ཕྱོགས་སུ༔ ཞིང་ཁམས་རྣམ་དག་

2-148b

ཡོན་ཏན་དཔལ་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བདུན་ཁྲི་འདུས་པ་སྐྱོང་༔ རྒྱལ་བ་མེ་ཏོག་དཔལ་གྱི་སྙིང་པོར་འགྱུར༔ ཤཱཀྱའི་ཞིང་ཁམས་ངན་ལམ་དགོན་ཞེས་ནས༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་དར་མ་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་མི་མཇེད་རྡོ་རྗེ་གདན་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་སེང་གེ་སྒྲ་ཞེས་འབྱུང་༔ འདུས་པའི་ཚོགས་ལ་དང་པོ་བདུན་ཁྲི་སྐྱོང་༔ ཤཱཀྱའི་ཞིང་ཁམས་སྙེ་མོ་ཞེས་པ་ནས༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ཉི་མ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་ཀྱི༔ དཔལ་དབྱངས་སྙིང་པོ་ཞེས་པའི་ཞིང་ཁམས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བཞི་ཁྲི་འདུས་པ་སྐྱོང་༔ 

2-149a

༄༅༔      ༔དེ་བཞིན་གཤེགས་པ་འཇིག་རྟེན་མགོན་ཞེས་འགྱུར༔ ཤཱཀྱའི་ཞིང་ཁམས་གྲྭ་ཕྱི་མཁར་ཞེས་ནས༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ནམ་མཁའ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་བྱང་གི་ཕྱོགས་སུ་ཡང་༔ རྣམ་དག་ཞིང་ཁམས་བྱང་ཆུབ་ཀློང་ཡངས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བཞི་སྟོང་འདུས་བ་སྐྱོང་༔ དེ་བཞིན་གཤེགས་པ་སྐྱབས་སྦྱིན་རྡོ་རྗེར་འགྱུར༔ ཤཱཀྱའི་ཞིང་ཁམས་བསམ་ཡས་ཞེས་པ་ནས༔ ཐེག་ཆེན་སྐྱེས་མཆོག་གསང་སྔགས་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ཁྲི་ཞེས་བྱ་བ་བྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་ལྷོ་ནུབ་མཚམས་སུ་ཡང་༔ ཞིང་ཁམས་རྣམ་དག་རིན་ཅེན་ཆུ་གླིང་དུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བཞི་ཁྲི་

2-149b

འདུས་པ་སྐྱོང་༔ དེ་བཞིན་གཤེགས་པ་དཔལ་བཟང་ཞེས་པར་འགྱུར༔ ཤཱཀྱའི་ཞིང་ཁམས་དབུ་རུ་རྒྱལ་ཞེས་ནས༔ གསང་སྔགས་དོན་དམ་ཐེག་ཆེན་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་བདེ་འབུམ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་ཤར་ལྷོའི་མཚམས་སུ་ནི༔ ཞིང་ཁམས་རྣམ་དག་འབྲུག་སྒྲ་དབྱངས་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བདུན་སྟོང་འདུས་པ་སྐྱོང་༔ རྒྱལ་བ་དཔལ་གྱི་བློ་གྲོས་མགོན་ཞེས་འགྱུར༔ ཤཱཀྱའི་ཞིང་ཁམས་དབུ་རུ་ཞེས་པ་ནས༔ ཞིང་ཁམས་རྣམ་དག་ཆོས་བྱེད་ཅེས་པ་རུ༔ ཐེག་ཆེན་དོན་དམ་གསང་སྔགས་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་དཔལ་ཞེས་བྱ་བ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་བྱང་ཤར་མཚམས་སུ་ནི༔ ཆོས་མཆོག་འབྱུང་གནས་ཞེས་བྱའི་ཞིང་ཁམས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་

2-150a

༄༅༔      ༔སྒྱུར༔ བླ་མེད་སྟོན་པ་བཞི་སྟོང་འདུས་པ་སྐྱོང་༔ བདེ་གཤེགས་བློ་གྲོས་རིན་ཅེན་ཞེས་པ་འབྱུང་༔ ཤཱཀྱའི་ཞིང་ཁམས་དབུ་རུ་སྟོད་ཅེས་ནས༔ གསང་སྔགས་ཐེག་ཆེན་དོན་དམ་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རིམ་པ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འདི་ཡི་ནུབ་ཀྱི་ཕྱོགས་སུ་ཡང་༔ ཞིང་ཁམས་ཞི་བའི་སྙིང་པོ་དཔལ་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་ཁྲི་ཡི་འདུས་པ་སྐྱོང་༔ བདེ་གཤེགས་རྒྱལ་བ་ཉི་འོད་དཔལ་མགོན་ཞེས༔ འཇིག་རྟེན་མཁྱེན་པའི་སངས་རྒྱས་འབྱུང་བར་འགྱུར༔ ཞིང་ཁམས་རྣམ་དག་ཆོས་མཆོག་འབྲི་ཞེས་ནས༔ སྔགས་ཀྱི་ཏིང་འཛིན་བརྙེས་པའི་རྣལ་འབྱོར་པ༔ དོན་དམ་ཡེ་ཤེས་དགོངས་པ་མངའ་བརྙེས་པ༔ སྔགས་ཀྱི་བདག་པོ་རིན་ཅེན་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་

2-150b

གསུམ་འཇིག་རྟེན་འདི་ཡི་ཤར་གྱི་ཕྱོགས༔ ཞིང་ཁམས་རྣམ་དག་མངོན་པར་དགའ་བ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་ལྷ་དང་མི་ཡི་ལྷ༔ རྒྱལ་བ་ཀློང་ཡངས་རྒྱལ་མཚན་ཞེས་པར་འགྱུར༔ སྔ་ཕྱི་འདུས་པ་འབུམ་ཕྲག་གསུམ་དུ་འབྱུང་༔ ཤཱཀྱའི་ཞིང་ཁམས་ཀོང་པོ་ཆུ་དར་ནས༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རྡོ་རྗེ་མགོན་ཞེས་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་སུ༔ ཞིང་ཁམས་རྣམ་དག་ལྷ་ཡི་གཞལ་ཡས་ཁང་༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་ཁྲི་ཡི་འདུས་པ་སྐྱོང་༔ རྒྱལ་བ་གཡུང་སྙིང་གཙུག་ཕུད་ཅེས་པ་འབྱུང་༔ ཤཱཀྱའི་ཞིང་ཁམས་གཡུ་རུ་གྲྭ་ཞེས་ནས༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ གནས་དཔོན་ཀུན་དགའ་ཞེས་པ་འབྱུང་བར་འགྱུར༔ དེ་ནས་འཕོས་

2-151a

༄༅༔      ༔ཏེ་སྤྱོད་པ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་ལྷོ་ཡི་ཕྱོགས་སུ་ཡང་༔ ཞིང་ཁམས་རྣམ་དག་སྐར་མའི་འོད་ཅེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་རབ་རྫོགས་ཞེས་བྱ་འབྱུང་༔ ཤཱཀྱའི་ཞིང་ཁམས་འགུར་མོ་ཞེས་པ་ནས༔ གསང་སྔགས་ཐེག་ཆེན་དགོངས་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་དཔལ་ཞེས་བྱ་བ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་སྟེང་གི་ཕྱོགས་སུ་ཡང་༔ ཞིང་ཁམས་རྣམ་དག་དགའ་ལྡན་ཞེས་པ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་ལྷ་དང་མི་ཡི་ལྷ༔ རྒྱལ་བ་རྒྱལ་མཛད་མགོན་པོ་ཞེས་པ་འབྱུང་༔ ཤཱཀྱའི་ཞིང་ཁམས་བྱང་ཕྱོགས་ཁམས་ཞེས་ནས༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རྒྱལ་བུ་ཞེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་

2-151b

བྱང་གི་ཕྱོགས་སུ་ནི༔ ཞིང་ཁམས་ཉི་ཟླ་བཀྲམ་པ་ཞེས་པ་རུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་འདུས་པ་སྟོང་ཕྲག་སྐྱོང་༔ རྒྱལ་བ་རིན་ཅེན་རབ་མཆོག་ཅེས་པ་འབྱུང་༔ ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ནས༔ གསང་སྔགས་དོན་དམ་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རྡོ་རྗེ་གྲགས་ཞེས་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་སུ༔ ཞིང་ཁམས་རྣམ་དག་ཙན་དན་ནགས་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་སུམ་སྟོང་འདུས་པ་སྐྱོང་༔ རྒྱལ་བ་ཡེ་ཤེས་ཀུན་བཟང་ཞེས་པ་འབྱུང་༔ ཤཱཀྱའི་ཞིང་ཁམས་མདོ་སྨད་ཅེས་པ་ནས༔ གསང་སྔགས་ངེས་དོན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་བདག་སྒོམ་པ་གཞི་འོད་ཅེས་པ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ འཇིག་རྟེན་འདི་ཡི་ཤར་ལྷོའི་མཚམས་སུ་ནི༔ རྣམ་གྲོལ་ཡེ་དག་ཅེས་བྱའི་ཞིང་ཁམས་

2-152a

༄༅༔      ༔སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་བདུན་སྟོང་འདུས་པ་སྐྱོང་༔ རྒྱལ་བ་བྱང་ཆུབ་ཡེ་ཤེས་བློ་གྲོས་འགྱུར༔ གསང་སྔགས་བསྟན་པ་བྱང་གི་ཕྱོགས་སུ་དར༔ ཉི་ཤུ་རྩ་ལྔ་འདུས་པའི་ཕྱི་མ་ཡིས༔ བྱང་ཕྱོགས་གསང་སྔགས་འདི་ཉིད་དར་ཞིང་རྒྱས༔ གསང་སྔགས་ཆེན་པོའི་སྒྲུབ་པ་མང་པོ་འབྱུང་༔ ཆོས་འདི་སྤྱོད་པའི་གང་ཟག་མང་པོ་འབྱུང་༔ ཐ་མ་བསྟན་པ་བྱང་གི་ཕྱོགས་སུ་དར༔ ཞེས་གསུངས་སོ༔ ཡང་གཅིག་ཐ་མའི་དུས་སུ་འབྱུང་བ་ན༔ ལྷ་མིན་ཤིང་ལོའི་ཚལ་ཞེས་བྱ་བ་རུ༔ རྒྱལ་པོའི་ཆོས་ཀྱིས་སེམས་ཅན་དོན་མཛད་པ༔ དགེ་སློང་རིན་ཅེན་བཙན་པོ་ཞེས་བྱ་ནི༔ ལྔ་ལྡན་དུས་ཀྱི་སྙིགས་མའི་ཐ་ལ་འབྱུང་༔ ནང་བློན་ཕྱི་བློན་གདུག་པའི་ཚོགས་ཀྱིས་བསྐོར༔ བཀའ་རྟགས་འཛིན་པའི་དགེ་སློང་

2-152b

ཆེན་པོ་དགུ༔ ཆོས་ཀྱི་རྒྱལ་སྲིད་ལེགས་པའི་རྒྱལ་མཚན་འཛུགས༔ རེ་རེ་ལ་ཡང་བྱེ་བ་ཕྲག་གིས་བསྐོར༔ ངུར་སྨྲིག་འཛིན་པའི་རྒྱལ་སྲིད་དར་ཞིང་རྒྱས༔ སྐུ་ཡི་གསོལ་ཀ་ཕྱག་ཚང་སྐུ་གཉེར་ལྔ༔ གུས་པས་པུས་བཙུགས་མདུན་ནས་བསྙེན་ཅིང་བཀུར༔ བཀའ་ཡི་ནང་བློན་འཕྲིན་ལས་བྱེད་པ་བཅུ༔ རེ་རེ་ལ་ཡང་སྟོང་ཕྲག་གསུམ་གསུམ་བསྐོར༔ ཕྱི་ནང་བྱ་བྱེད་འཕྲིན་ལས་ཀུན་རྣམས་སྒྲུབ༔ བཀའ་ཡི་ཕྱི་བློན་འཕྲིན་ལས་སྒྲུབ་པ་བརྒྱ༔ རེ་རེ་ལ་ཡང་སྟོང་ཕྲག་རེ་རེས་བསྐོར༔ བསྟན་པའི་འཕྲིན་ལས་དཀའ་བ་དུ་མ་སྤྱད༔ བཀའ་ཡི་བསྟན་སྲུང་མོན་བུ་གཤིན་རྗེའི་གཟུགས༔ ལྷ་སྲིན་མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་བསྐོར༔ བསྟན་པའི་རུ་ཏྲ་གདུག་པའི་ཚོགས་རྣམས་འདུལ༔ སྐུ་ཡི་སྐྱོ་བསངས་སེམས་དཔའ་སེམས་མའི་ཚོགས༔ གུས་ཤིང་དུངས་པས་གདམས་པའི་སྙིང་པོ་ལེན༔ ཐ་མའི་དུས་

2-153a

༄༅༔      ༔སུ་དར་ཞིང་རྒྱས་པར་འགྱུར༔ ཞེས་ཕྱི་མའི་དུས་སུ་བསྟན་པ་ཇི་ལྟར་འབྱུང་བའི་ལེའུ་སྟེ་བཅུ་དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔