(ལེའུ་གཉིས་པ། ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་བསྟན་པའི་ལེའུ།)
ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བཀའ་སྩལ་པ༔ ཉོན་ཅིག་གསོན་ཅིག་ལོ་པཎ་རྗེ་འབངས་རྣམས༔ བཀའ་འདུས་རྩ་བའི་རྒྱུད་ལས་སུ༔ ཉན་པའི་འཁོར་རྣམས་དམའ་བའི་ས་ལ་འདུག༔ ཞྭ་ཐོད་སྐྲ་ལོ་ལ་སོགས་མདུན་དུ་ཕབ༔ མིག་གི་དབང་པོས་ཆོས་སྨྲའི་ཞལ་ལ་བལྟ༔ རྣ་བའི་དབང་པོས་མ་ཡེངས་
གསུངས་ལ་ཉོན༔ ཡིད་ཀྱི་དབང་པོས་ཚིག་བཟུང་དོན་ལ་འཆང་༔ ཞེས་གསུངས་པས༔ བསླབ་བྱ་དེ་ལྟར་ལྡན་པར་བྱ་འཚལ་ལོ༔ དང་པོ་ཆོས་སྐུའི་ཞིང་ཁམས་བསྟན་པ་ནི༔ བརྗོད་མེད་བསམ་འདས་མཁའ་དབྱིངས་རྣམ་པར་དག༔ མ་བཅོས་སྤྲོས་མེད་ཤེས་རབ་དབྱིངས་སུ་གྲོལ༔ དབྱེར་མེད་ལྷུན་རྫོགས་སྙིང་པོ་ཀ་ནས་དག་༔ ཀུན་བཟང་དགོངས་པ་ཆོས་སྐུའི་ཞིང་ཁམས་ཡིན༔ དཔེར་ན་ནམ་མཁའ་མཐའ་དབུས་མེད་པ་བཞིན༔ ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་བསྟན་པ་ནི༔ ནམ་མཁའ་མཐའ་དབུས་མེད་པའི་ཀློང་ཡངས་སུ༔ རླུང་གི་དཀྱིལ་འཁོར་རྡུལ་ཕྲན་ཉིད་ཀྱིས་བསྐོར༔ རླུང་གི་དཀྱིལ་འཁོར་ཆེན་པོའི་འོག་མ་ནི༔ གཞི་ཉིད་ཀུན་ལ་ཁྱབ་པ་ཞེས་བྱ་སྟེ༔ རིན་ཅེན་འོད་འཕྲོ་འབར་བ་ཁྱབ་བརྡལ་ཅིང་༔ རླུང་གི་དཀྱིལ་འཁོར་ཀུན་གྱི་གོང་མ་ནི༔ གཟི་བརྗིད་དཔལ་གྱི་སྙིང་པོས་ཁྱབ་པར་བརྡལ༔ དེ་ཡི་སྟེང་ན་རྒྱ་མཚོ་གནས་པ་ཡིན༔ མིང་ནི་ནོར་བུ་སྣང་ཡས་རྒྱ་མཚོ་ཞེས༔
༄༅༔ ༔དེ་ལས་པདྨའི་སྡོང་པོ་ཆེན་པོ་འཁྲུངས༔ མིང་ནི་སྤོས་ཀྱི་རྒྱལ་པོ་འོད་ཟེར་ལགས༔ ཡལ་ག་རིན་ཅེན་སྣ་ཚོགས་ཞེས་བྱ་འབྱུང་༔ དེ་ལ་མེ་ཏོག་པདྨ་སྣ་ཚོགས་སྐྱེས༔ མེ་ཏོག་རེ་རེའི་སྟེང་ན་རྒྱ་མཚོ་ཆགས༔ རྒྱ་མཚོའི་སྟེང་ན་འཇིག་རྟེན་རྡུལ་སྙེད་གྲུབ༔ ཡར་བལྟས་མར་བལྟས་རྒྱ་དར་བརྩེགས་པ་འདྲ༔ ཕན་ཚུན་བལྟས་ན་ཟ་འོག་གུར་ཁྱིམ་འདྲ༔ ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་ལས༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་འདི༔ རྣམ་སྣང་གངས་ཅན་མཚོ་ཡི་ཞིང་ཁམས་ཡིན༔ དེ་ཡི་བ་སྤུའི་ཁུང་རེར་སྤྲུལ་སྐུའི་ཞིང་༔ འོད་ཟེར་ཕྱོགས་བཅུར་ཉི་མའི་ཟེར་ལྟར་འཕྲོ༔ འོད་ཟེར་རེ་རེའི་རྩེ་ལ་སྤྲུལ་སྐུའི་ཞིང་༔ ཞིང་ཁམས་འདི་ཉིད་མཉམ་གཞག་ཕྱག་གི་མཐིལ༔ ལྷུང་བཟེད་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་༔ སྤོས་ཆུའི་རྒྱ་མཚོ་ཟེ་ཀུན་འབྱུང་བ་ས༔ འོད་ཟེར་མཐའ་ཡས་ཞེས་བྱའི་སྟེང་ན་ནི༔ ནོར་བུའི་རྒྱལ་པོ་བྱང་ཆུབ་ཤིང་ཆེན་སྐྱེས༔ རྒྱལ་
བའི་རྒྱན་ཞེས་བྱ་བའི་པདྨོ་བྱུང་༔ ཕྱོགས་བཅུ་བརྗོད་དུ་མེད་པའི་ཞིང་ཁམས་བཀོད༔ དཔེར་ན་མེ་ཏོག་ཧ་ལོའི་སྡོང་པོ་འདྲ༔ མེ་ཏོག་གཅིག་གི་ཟེའུ་འབྲུ་གཅིག་ལ་ཡང་༔ ཞིང་ཁམས་ཉི་ཤུ་རྩ་ལྔ་ཆགས་པ་ཡི༔ བཅུ་གསུམ་པ་དེ་མི་མཇེད་འཇིག་རྟེན་འདི༔ སྤྲུལ་སྐུ་ཤཱཀྱ་ཐུབ་པའི་གདུལ་ཞིང་ཡིན༔ ཞིང་ཁམས་འདི་ཉིད་ཇི་ལྟར་ཆགས་ཚུལ་ནི༔ སྟོང་གསུམ་འཇིག་རྟེན་ཁམས་འདི་བྱུང་བ་ཡང་༔ རྒྱུ་རྐྱེན་དཔག་ཏུ་མེད་པ་ལས་གྲུབ་སྟེ༔ སངས་རྒྱས་མཐུ་དང་སེམས་ཅན་ལས་དང་ནི༔ འབྱུང་ལྔ་འདུས་པའི་རྐྱེན་ལས་གྲུབ་པ་ཡིན༔ མཁའ་ལ་རླུང་གི་དཀྱིལ་འཁོར་ཆེན་པོ་བཞི༔ རྒྱུན་མི་ཆད་པར་བྱུང་བས་རྒྱུ་བྱེད་དེ༔ ཡོངས་སུ་འཛིན་པས་ཆུ་ཕུང་འཛིན་པར་བྱེད༔ ཡོངས་སུ་གཞོལ་བས་གཞལ་མེད་ཁང་རྣམས་ནི༔ རྣམ་པར་དགོད་པས་སྟོང་གསུམ་འཇིག་རྟེན་གྱི༔ སེམས་ཅན་ཀུན་གྱི་ལས་རྣམས་འབྱེད་པར་བྱེད༔ གཞན་ཡང་རླུང་གི་དཀྱིལ་འཁོར་ཆེན་པོ་བཞི༔ བརྟན་དང་
༄༅༔ ༔གནས་དང་མི་ཉམས་སྙིང་པོར་ལྡན༔ ཆུ་ཡི་ཕུང་པོ་འཛིན་ཅིང་རྟག་པར་བྱེད༔ ས་ནི་དེ་ལ་གནས་ཤིང་མི་འཇིག་གོ༔ ཕྱོགས་བཅུ་ཀུན་འདུས་རླུང་གི་དཀྱིལ་འཁོར་ནི༔ མཁའ་ལ་མཐོ་འཁོར་མཐོ་འཁོར་བྱེ་བ་ཆགས༔ རླུང་གི་དཀྱིལ་འཁོར་དེ་དག་རེ་རེ་ལ༔ རྔམས་སུ་ས་ཡ་རེ་དང་ཐད་ཀ་རུ༔ འབུམ་ཕྲག་དྲུག་སྟེ་མཐའ་སྐོར་གྲངས་མེད་དོ༔ དེ་སྟེང་ཆུ་ཡི་དཀྱིལ་འཁོར་འབྱུང་བ་ནི༔ གཅིག་ཏུ་སྟུག་ཅིང་ཐ་མི་དད་པ་ཡི༔ སྤྲིན་ལས་ཆར་པའི་རྒྱུན་ཆེན་འབབ་པ་ནི༔ སྟོང་གསུམ་གྲུབ་པའི་རླུང་གི་དཀྱིལ་འཁོར་ལས༔ ས་གཞན་ཕྱོགས་ཀྱིས་ཟིན་པར་མི་འགྱུར་རོ༔ གཞན་ཡང་སྤྲིན་ཆེན་ཆར་པ་ལྔ་འབབ་སྟེ༔ རབ་ཏུ་ཞི་བར་བྱེད་པའི་སྤྲིན་ཆེན་ཆར༔ མེ་ཡི་ཕུང་པོ་རབ་ཏུ་ཞི་བར་བྱེད༔ འབྱུང་བ་བྱེད་པ་ཞེས་བྱའི་སྤྲིན་ཆེན་ཆར༔ དེ་ལས་ཆུ་ཡི་ཕུང་པོ་དེ་དག་བྱུང་༔ ཡོངས་སུ་སྤྱོད་པ་ཞེས་བྱའི་སྤྲིན་ཆེན་ཆར༔ ཆུ་ཡི་ཕུང་པོ་དེ་དག་ཡོངས་སུ་སྤྱོད༔ ཡོངས་སུ་གྲུབ་པ་ཞེས་བྱའི་སྤྲིན་
ཆེན་ཆར༔ ནོར་བུ་རིན་ཆེན་མང་པོ་གྲུབ་པར་བྱེད༔ རྣམ་པར་བྱེད་པ་ཞེས་བྱའི་སྤྲིན་ཆེན་ཆར༔ སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཁམས་རྣམས་འབྱེད༔ སྤྲིན་པ་གསེར་གྱི་སྙིང་པོ་ཅན་ལས་ནི༔ ཆུ་ནི་ཤིང་རྟ་འཁོར་ལོ་ཙམ་དུ་འབབ༔ ཆུ་ཡི་དཀྱིལ་འཁོར་བྱེ་བ་ཆགས་པའི་རྔམས༔ འབུམ་ཕྲག་བཅུ་གཅིག་སྟོང་ཕྲག་གཅིག་ཏུའོ༔ ཞེང་དུ་འབུམ་ཕྲག་བཅུ་གཉིས་སྟོང་གསུམ་པ༔ ཕྱེད་དང་ལྔ་བརྒྱ་མཐའ་སྐོར་གྲངས་མེད་དོ༔ བར་མཚམས་རླུང་གིས་བཅད་པས་མི་འདྲེའོ༔ དེ་སྟེང་གསེར་གྱི་ས་གཞིའི་ཚུལ་དུ་ནི༔ རླུང་གི་དཀྱིལ་འཁོར་རབ་ཏུ་གནས་པ་ཡི༔ ས་གཞི་ཆེན་པོ་ཀུན་ནས་གནས་པར་བྱེད༔ སྤྲིན་པའི་རྒྱ་མཚོ་རླུང་གིས་བསྐྱོད་པ་ཡིས༔ ཆུ་རླུང་དྲོས་པས་རྦ་འཚུབ་རབ་ཏུ་འཁྲུག༔ དཔེར་ན་མར་འདོད་འོ་མ་དཀྲོགས་པ་བཞིན༔ ལྡེག་ལྡེག་འུར་འུར་བར་བསྐལ་ཕྱེད་དུ་གཡོས༔ ལྦུ་བ་བྱུང་བས་རྒྱ་མཚོའི་སྟེང་རྣམས་མཆོད༔ འབྱུང་བ་ཐེར་སྦུངས་ལྦུ་བ་འཁྱོམས་པ་ལས༔ སྡོད་པའི་
༄༅༔ ༔ས་རྡོ་རི་བྲག་ཐམས་ཅད་གྲུབ༔ དེ་ཉིད་རང་བཞིན་དྲོད་དུ་འབར་བ་ལས༔ བར་བསྐལ་ཕྱེད་དུ་འབྱུང་བ་དྭངས་སྙིགས་འབྱེད༔ ལྕགས་ཐབ་མགར་བའི་ཞུན་ཆེན་བཞུ་བ་ལྟར༔ རིན་ཅེན་རྡོ་ལས་གསེར་གྱི་ས་གཞི་ཆགས༔ རྔམས་སུ་སུམ་འབུམ་ཉི་ཁྲི་ཞེང་དུ་ཡང་༔ འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་བཅུ་དང་ནི༔ ཕྱེད་དང་ལྔ་བརྒྱ་མཐའ་སྐོར་གྲངས་མེད་དོ༔ རི་རབ་རི་བདུན་ཁོར་ཡུག་གྲུབ་ཚུལ་ནི༔ རླུང་གི་དཀྱིལ་འཁོར་ཁྱད་པར་འཕགས་པ་ཡིས༔ རི་ཡི་རྒྱལ་པོ་རི་རབ་དགོད་པར་བྱེད༔ རླུང་གི་རྒྱལ་པོ་བརྟན་པ་ཞེས་བྱ་བས༔ རིན་པོ་ཆེ་ཡི་རི་རྣམས་དགོད་པར་བྱེད༔ རླུང་གི་དཀྱིལ་འཁོར་གཅིག་སྟུག་ཐ་མི་དད༔ ཁོར་ཡུག་ཁོར་ཡུག་ཆེན་པོའི་རི་རྣམས་འཇོག༔ མཁའ་ལ་སྣ་ཚོགས་སྙིང་པོ་ཅན་གྱི་སྤྲིན༔ འདུས་པའི་ཆར་རྒྱུན་གསེར་གྱི་ས་གཞི་ཁེངས༔ ཆུ་ཡི་དཀྱིལ་འཁོར་བྱེ་བ་ཆགས་པ་ནི༔ རླུང་གི་དཀྱིལ་འཁོར་དཀྲུག་བྱེད་འཁྲིག་བྱེད་དང་༔ འཁྲུག་བྱེད་འཐུག་བྱེད་རྣམས་ཀྱིས་དཀྲུགས་པ་
ལས༔ དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་ནི༔ རི་རབ་རིན་ཅེན་རྣམ་པ་བཞི་ལས་གྲུབ༔ ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻ་ཌཱུཪྻ༔ ནུབ་ཕྱོགས་པདྨ་རཱ་ག་བྱང་ཕྱོགས་གསེར༔ རི་བོ་ཁྲི་ཕྲག་དྲུག་ཅུས་རྣམ་པར་མཛེས༔ དེ་ཕྱིར་གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན༔ སེང་ལྡེང་ཅན་དང་ལྟ་ན་སྡུག་རི་དང་༔ ལྟ་ན་དང་ནི་རྣམ་སྡུད་མུ་ཁྱུད་འཛིན༔ དེ་དག་གསེར་གྱི་རི་བདུན་ཁོར་ཡུག་ལྕགས༔ གླིང་དང་གླིང་ཕྲན་བཅས་པའི་ས་ཡིན་ནོ༔ ལྷུན་པོ་རི་བདུན་གླིང་དང་ཁོར་ཡུག་བཅས༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་མཚོར་ནུབ་མཉམ༔ བརྒྱད་ཁྲི་བཞི་སྟོང་ལྷུན་པོ་སྟེང་དུ་འཕགས༔ ལྷུན་པོ་ནས་ནི་རི་བདུན་རིམ་པ་བཞིན༔ འཕངས་དང་ཞེང་དུ་ཕྱེད་ཕྱེད་དབྲི་བ་ཡིན༔ དེ་དག་བར་བར་རོལ་པའི་མཚོ་བདུན་ཏེ༔ རོལ་མཚོ་དང་པོར་ཐད་ཀར་བརྒྱད་ཁྲི་དང་༔ ངོས་ལ་སུམ་འགྱུར་ནང་གི་མཚོ་ཆེན་ཡིན༔ རོལ་མཚོ་གཞན་རྣམས་ཕྱེད་ཕྱེད་དབྲི་བའོ༔ དེ་རྣམས་ཡན་ལག་བརྒྱད་དང་ལྡན་པའི་ཆུ༔ གཙང་དང་དྭངས་དང་
༄༅༔ ༔བསིལ་བ་འཇམ་པ་དང་༔ བསུང་དང་ཞིམ་དང་ངོམས་དང་བདེ་བའོ༔ མུ་ཁྱུད་འཛིན་དང་ཁོར་ཡུག་བར་ན་གླིང་༔ དེ་དག་བར་ན་སྤྱི་མཚོ་བ་ཚྭ་ཅན༔ ཐད་ཀར་འབུམ་ཕྲག་གསུམ་དང་ཁྲི་ཚོ་གཉིས༔ ལུས་འཕགས་པོ་ནི་ཟླ་གམ་ངོས་གསུམ་པ༔ དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་པས་ཏེ༔ ངོས་གཅིག་དཔག་ཚད་ཕྱེད་དང་བཞི་བརྒྱའོ༔ ལུས་ནི་ཤར་གནས་ལུས་འཕགས་ནུབ་ན་གནས༔ སྒྲ་མི་སྙན་ནི་གྲུ་བཞིར་གནས་པ་སྟེ༔ ལོགས་རེ་ལ་ནི་ཉིས་སྟོང་ཉིས་སྟོང་ཡོད༔ སྒྲ་མི་སྙན་ནི་ཤར་གནས་ཟླ་ནི་ནུབ༔ བ་ལང་སྤྱོད་ནི་ཟླུམ་པོ་མཐའ་སྐོར་དུ༔ བདུན་སྟོང་ལྔ་བརྒྱ་ཐད་ཀར་ཕྱེད་དང་གསུམ༔ གཡོ་ལྡན་ཤར་གནས་ལམ་མཆོག་འགྲོ་ནི་ནུབ༔ འཛམ་གླིང་ངོས་གསུམ་སྟོང་ཕྲག་གཉིས་གཉིས་ཏེ༔ ལྷོ་ཕྱོགས་ཕྱེད་དང་བཞི་བརྒྱ་ཤིང་རྟའི་དབྱིབས༔ རྔ་ཡབ་ཤར་གནས་རྔ་ཡབ་གཞན་ནི་ནུབ༔ རླུང་གི་དཀྱིལ་འཁོར་དག་ཅིང་འོད་གསལ་བས༔ གཟུགས་ལ་ལྟ་བ་སྤྱོད་པའི་གཞལ་ཡས་བཀོད༔ རླུང་གི་དཀྱིལ་
འཁོར་དག་ཅིང་འོད་གསལ་བས༔ རྒྱན་བཟང་འདོད་ཡོན་ལྔ་ལ་སྤྱོད་པ་ཡི༔ ལྷ་བུ་རྣམས་ཀྱི་གཞལ་མེད་ཁང་རྣམས་དགོད༔ ལོ་པཎ་བཀའི་ཐང་ཡིག་ལས་ཕྱི་སྣོད་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔