༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ལྔ་པ། འདོད་ལྷ་རིགས་དྲུག་བསྟན་པ།
上一章
下一章

(ལེའུ་ལྔ་པ། འདོད་ལྷ་རིགས་དྲུག་བསྟན་པ།)

འདོད་ཁམས་སྐྱེ་བའི་རྒྱུ་རྐྱེན་ངོ་བོ་དང་༔ ངེས་ཚིག་འདོད་ཡོན་རྣམ་ལྔ་ལ༔ ཆགས་ཤིང་ཞེན་པས་འདོད་ཁམས་སོ༔ དབྱེ་ན་གནས་རིས་ཉི་ཤུ་དང་༔ བསྡུ་ན་འགྲོ་བ་རིགས་དྲུག་གོ༔ རྒྱས་པར་བཤད་ན་རིགས་བདུན་ཏེ༔ ལྷ་དང་ལྷ་མིན་མི་རྣམས་དང་༔ བར་སྲིད་བྱོལ་སོང་ཡི་དྭགས་དམྱལ༔ ལྷ་ལ་འདོད་ལྷ་རིགས་དྲུག་སྟེ༔ ཚུལ་ཁྲིམས་རྣམ་པ་

4-14b

བདུན་འབྲས་བུ༔ དམན་དང་འབྲིང་དང་གྱ་ནོམ་དང་༔ བདེ་བ་ཆུང་འབྲིང་ཆེན་པོ་གྲུབ༔ དེ་ལ་གནས་གཉིས་རི་རབ་བརྟེན༔ གཞི་ནི་སྤྲིན་ཕུང་ལྟ་བུར་གནས༔ དེ་ལ་རྒྱལ་ཆེན་བཞི་རྣམས་ཀྱི༔ གནས་གཞན་བཞི་ལ་བཅུ་བཅུ་སྟེ༔ འཕྲེང་ཐོགས་ཡོལ་ཐོགས་རྟག་མྱོས་དང་༔ པི་ཝང་གསུམ་པ་རིམ་ཇི་བཞིན༔ སྲོག་གཅོད་སྤངས་ཤིང་སྦྱིན་ལྡན་པས༔ གནས་རིས་བཞི་བཅུ་དག་ཏུ་སྐྱེས༔ གཟུགས་ཀྱིས་རྟག་མྱོས་མེ་ལོང་ཚལ༔ རྒྱལ་ཆེན་མིག་མི་བཟང་གནས་སོ༔ ཡུལ་འཁོར་སྐྱོང་ནི་ཤར་ཕྱོགས་ཏེ༔ ལུས་ངན་བྱང་ཕྱོགས་ལྕང་ལོ་ཅན༔ གཞན་ཡང་ཡུལ་ས་འཕགས་པ་སྐྱེས༔ སྣ་ཚོགས་གཟུགས་དང་ལྕང་ལོ་ཅན༔ ངོས་ལ་ཉིས་བརྒྱ་ལྔ་བཅུ་པ༔ གཉའ་ཤིང་འཛིན་སྟེང་གནས་པ་སྟེ༔ དཔག་མེད་བཀོད་པ་ལོངས་སྤྱོད་ལྡན༔ དེ་འཁོར་ཀུན་ཏུ་རྒྱུ་བའི་ལྷ༔ བྱེ་བ་ཕྲག་ནི་སུམ་ཅུ་དྲུག༔ དེ་རྣམས་གནས་ལ་གཞལ་ཡས་ཁང་༔ གཟའ་སྐར་ཞེས་ཀྱང་འཇིག་རྟེན་གྲགས༔ ཉི་ཟླ་གཉིས་ནི་ལྷ་གནས་ཏེ༔ དཔག་ཚད་ལྔ་

4-15a

༄༅༔       ༔བཅུ་གཅིག་དང་བཅས༔ འཁོར་ལོ་རླུང་གིས་འདྲེན་པ་ཡི༔ ནམ་ཕྱེད་ཉི་མ་ནུབ་པ་དང་༔ ཉི་མ་ཕྱེད་དང་འཆར་དུས་གཅིག༔ ཉི་མའི་འོད་དང་རང་གྲིབ་ལ༔ བརྟེན་ནས་ཟླ་བ་འཕེལ་འགྲིབ་བྱེད༔ སྟོད་ལ་ཉི་མའི་ཞལ་དུ་སོང་༔ འདི་ནི་ཚུལ་ལྡན་བརྩེ་བ་ཅན༔ ཁྱད་པར་སྒྲོན་མ་བྱིན་པའི་མཐུས༔ འཇིག་རྟེན་སྐྱོང་བ་བཞི་པོ་ནི༔ ཚུལ་ཁྲིམས་བསོད་ནམས་གཞན་ལས་ལྷག༔ འདི་ཡི་ཚེ་ནི་མི་རྣམས་ཀྱི༔ ལྔ་བཅུ་ལོ་ལ་ཞག་གཅིག་སྟེ༔ རང་ལོ་ལྔ་བརྒྱ་མི་ལོ་ནི༔ ས་ཡ་གཅིག་དང་འབུམ་ཕྲག་བརྒྱད༔ དེ་ནས་སུམ་ཅུ་རྩ་གསུམ་དུ༔ སྐྱེ་འགྱུར་རྒྱུ་འབྲས་རྣམ་པར་དབྱེ༔ གང་གིས་ཚུལ་ཁྲིམས་རྣམ་པ་བདུན༔ མ་རལ་སྐྱོན་མེད་བསྲུངས་པ་དང་༔ དགྲ་བཅོམ་ཕོ་མོ་བསམ་གཏན་པ༔ མཆོད་བྱས་སྲོག་སྦྱིན་སྟོང་ཕྲག་གིས༔ མིག་སྟོང་ལྡན་པ་སྐྱེ་བར་འགྱུར༔ དེ་ནི་ལྷ་ཡི་དབང་ཕྱུག་སྟེ༔ བྱ་བ་དགུ་བཅུ་རྩ་དགུ་ཡི༔ ལྷ་མོ་མཛེས་མ་རྣམས་ཀྱིས་མཆོད༔ དེ་རྣམས་མཆོག་གི་བདེ་སོགས་ཏེ༔

4-15b

དེ་སོགས་ལྷ་ཡི་རིན་ཅེན་རྣམས༔ བླ་ན་མེད་པར་དབང་བྱེད་ཡིན༔ ལྷུན་པོའི་རྩེ་ལ་བརྒྱད་ཁྲི་སྟེ༔ ལྟ་ན་སྡུག་དབུས་ཆོས་བཟང་གནས༔ དཔག་ཚད་ལྔ་བརྒྱ་རིན་ཅེན་གྱི༔ རང་བཞིན་སྐྱེད་ཚལ་བཞི་དང་ལྡན༔ བུད་མེད་དགའ་ཚལ་ཀུན་དགའི་ཚལ༔ དཔེ་མེད་ཐམས་ཅད་འབྱོར་པའི་གཞི༔ དེ་སོགས་ཉེ་བའི་ཚལ་དང་བཅས༔ གནས་རིགས་སུམ་ཅུར་སྐྱེ་བའི་རྒྱུ༔ སྲོག་གཅོད་མ་བྱིན་ལེན་སྤངས་དང་༔ སྦྱིན་དང་གུས་བ་བསྐྱེད་པ་ཡིན༔ ཤར་ཕྱོགས་ཤིང་རྟ་སྣ་ཚོགས་ཏེ༔ ལྷོ་ནུབ་རྩུབ་འགྱུར་འདྲེས་ཚལ་དང་༔ བྱང་ན་གྲོང་ཁྱེར་དགའ་བས་བརྒྱན༔ ཡོངས་འདུ་བྱང་ཤར་མཚམས་ན་གནས༔ གཞན་རྣམས་ཕྱོགས་ཀུན་བསྐོར་བར་གནས༔ ཕྱོགས་མཚམས་བརྩེགས་མ་བཞི་ལ་ནི༔ ལག་ན་རྡོ་རྗེ་འཆང་བ་གནས༔ ཁྱད་པར་སུམ་ཅུ་རྩ་གསུམ་ན༔ བག་མེད་མྱོས་དང་ལྷ་མིན་གྱི༔ གནོད་པ་ཟློག་པའི་རྔ་བོ་ཆེ༔ གཟུགས་མེད་ཆོས་སྒྲ་འབྱིན་པ་ནི༔ རྒྱལ་བའི་འཕྲིན་ལས་ཁྱད་པར་ཡིན༔ ཚེ་ནི་མི་ལོ་བརྒྱ་ཕྲག་གཅིག༔ ཞག་

4-16a

༄༅༔       ༔ཡིན་དེར་སྐྱེ་རང་ལོ་སྟོང་༔ མི་ལོ་བྱེ་བ་ཕྲག་གསུམ་དང་༔ ས་ཡ་དྲུག་ཏུ་བརྗོད་པ་ཡིན༔ དེ་ལྟར་རི་རབ་སྟོང་གི་ཆ༔ བརྒྱ་བྱིན་དབང་བྱེད་གནས་སུ་གསུངས༔ དེ་ནས་གཞན་ཡང་འཐབ་བྲལ་གྱི༔ གནས་དང་རྒྱུ་འབྲས་བཤད་པར་བྱ༔ དེ་རྣམས་མངའ་བདག་རྒྱལ་པོ་ནི༔ མུ་ས་ལུ་དྷ་ཞེས་བྱ་སྟེ༔ ཚུལ་ཁྲིམས་རྣམ་བདུན་སྐྱོན་མེད་པར༔ ལྷག་པའི་སྦྱིན་ལ་བརྩོན་པས་འགྲུབ༔ བརྒྱ་བྱིན་ལས་ནི་བརྒྱ་ཕྲག་དག༔ དུ་མས་འཕགས་པའི་ལས་ལས་བྱུང་༔ འོད་དང་གཟི་བརྗིད་གཟུགས་བརྩོན་འགྲུས༔ བདེ་དང་སྤྲོ་བ་ལྷག་པ་ཡིན༔ དེར་གནས་ལྷ་རྣམས་ཐམས་ཅད་ཀྱང་༔ སྲོག་གཅོད་མ་བྱིན་ལེན་སྤོང་བ༔ སྔ་མ་བྱིན་ཏེ་ཁྱད་པར་དུ༔ འདོད་ལོག་སྦོང་བའི་ཚུལ་ཁྲིམས་ནི༔ རྣམ་པར་དག་པའི་རྒྱུ་ལས་བྱུང་༔ གནས་དེ་ཁྱད་པར་འཕགས་པས་ཏེ༔ རི་རབ་ལས་ནི་འབུམ་ཕྲག་ཁྲི༔ བརྒྱ་སྟོང་སྟེང་གི་ནམ་མཁའ་ལ༔ རླུང་གིས་སྤྲིན་ཕུང་བཏེག་ལྟར་གནས༔ དེ་ལ་གནས་རིས་ཉི་ཤུ་བདུན༔ རྩ་གསུམ་

4-16b

གནས་ལས་བཅུ་དྲུག་འགྱུར༔ ཁྱད་པར་ཡུལ་དུ་གྱུར་པ་ཡིན༔ དེ་ན་འགྲོ་ལ་ཕན་གཟིགས་པ༔ རྣམ་པར་གཟིགས་དང་གཙུག་ཏོར་ཅན༔ འཁོར་བ་འཇིག་དང་གསེར་ཐུབ་དང་༔ འོད་སྲུངས་ཞེས་བྱ་རྒྱལ་བ་ཡི༔ མཆོད་རྟེན་རིན་ཅེན་ལས་བྱས་ཡོད༔ དེ་ལ་ལྷ་རྣམས་ཕན་བྱེད་པའི་༔ མདོ་རྣམས་རིན་ཅེན་གྱིས་བྲིས་པ༔ ལྷ་དབང་དེ་ཡི་སྟེན་པར་བྱེད༔ མི་ལོ་ཉིས་བརྒྱ་ཞག་གཅིག་སྟེ༔ དེ་བགྲངས་རང་ལོ་ཉིས་སྟོང་ཡིན༔ བྱེ་བ་བཅུ་བཞི་ས་ཡ་བཞི༔ མི་རྣམས་ལོ་གྲངས་ཡིན་པར་འདོད༔ དེ་ནི་མཚོ་མ་ཞེས་བྱ་བའི༔ ལྷ་ཡི་གནས་གཞན་ཡིན་པར་བརྗོད༔ དེ་ལས་གཞན་ཡང་དགའ་ལྡན་གྱི༔ ཕྱོགས་མཚམས་རབ་ཏུ་དབྱེ་བར་བྱེད༔ སྔ་མའི་གནས་གཞན་ཇི་སྙེད་པ༔ དེ་སྟེང་བྱང་ཆུབ་སེམས་དཔའ་ནི༔ འགྲོ་བ་ཀུན་ལ་ཕན་མཛད་པ༔ བྱམས་པ་བདག་ཉིད་ཆེན་པོ་བཞུགས༔ དེར་གནས་ལྷ་ནི་རྣམ་གཉིས་ཏེ༔ འཕགས་པ་དང་ནི་ཕལ་པ་སྟེ༔ ཕལ་པ་དེ་རྣམས་སྔོན་གྱི་ལས༔ ཁྲིམས་ལྔ་ལྡན་པར་དག་

4-17a

༄༅༔       ༔པ་ནི༔ བླ་ན་མེད་པ་བསྲུང་བ་དང་༔ དྲག་པོའི་ལྷ་ལྡན་ཆགས་རྣམས་དང་༔ ཕ་མ་ནད་པ་དབུལ་པོ་ལ༔ སྔ་མ་རྣམས་ལས་ལྷག་པ་དང་༔ སྦྱོར་དངོས་རྗེས་གསུམ་དག་པར་སྦྱིན༔ དེར་སྐྱེས་ཚེ་རབས་དྲན་པར་འབྱུང་༔ ལུས་དང་གཟི་བརྗིད་འོད་དང་ནི༔ སྤྲོ་བ་སྔ་མ་འཐབ་བྲལ་ལས༔ ཁྱད་པར་དུ་མས་འཕགས་པར་འགྱུར༔ མི་རྣམས་ལོ་ནི་བཞི་བརྒྱ་ལ༔ ཞག་ཡིན་དེ་བགྲངས་རང་ལོ་ནི༔ སྟོང་ཕྲག་བཞི་ཡིན་མི་ཡི་ལོ༔ བྱེ་བ་ལྔ་བཅུ་རྩ་བདུན་དང་༔ ས་ཡ་དྲུག་གི་ཚད་དུ་འདོད༔ དེ་ནས་གཞན་ཡང་འཕྲུལ་དགའ་ནི༔ རང་གི་འཕྲུལ་པའི་བདེ་བ་ལ༔ སྤྱོད་བྱེད་གནས་དེར་སྐྱེ་བ་ཡིན༔ རྒྱུ་ནི་ཚུལ་ཁྲིམས་དག་པ་སྟེ༔ སྦྱིན་སོགས་དགེ་བ་དེ་དག་ཀུན༔ སྔ་མའམ་ནི་ཕུལ་བྱུང་བས༔ གང་གི་འཕྲུལ་དགའི་བདག་པོ་ནི༔ དེ་དག་ཀུན་ཕུལ་བྱུང་བ་ཡི༔ བསོད་ནམས་མཐུ་ཡིས་ཐོབ་པ་ཡིན༔ ལུས་དང་འོད་དང་སྟོབས་རྣམས་ཀུན༔ བརྒྱ་བྱིན་འབུམ་པས་ལྷག་པ་ཡིན༔ གནས་དེར་ལོངས་

4-17b

སྤྱོད་དཔག་མེད་ཀྱང་༔ རང་གི་ཡིད་ཀྱིས་གང་སྤྲུལ་པ༔ དེ་དང་དེ་འདྲར་དབང་བྱེད་འགྱུར༔ ལྷ་རྣམས་དཔག་མེད་གྱུར་པ་ལ༔ འཕྲུལ་དགའི་བདག་པོས་ཟློག་པར་བྱེད༔ འདིར་ནི་མི་ལོ་བརྒྱད་བརྒྱ་ལ༔ ཞག་ཡིན་དེ་གྲངས་རང་ལོ་ནི༔ སྟོང་ཕྲག་བརྒྱད་ཡིན་མི་ལོའི་གྲངས༔ བྱེ་བ་ཉིས་བརྒྱ་སུམ་ཅུ་དང་༔ ས་ཡ་ཕྲག་བཞིར་ངེས་པ་ཡིན༔ དེ་ལས་གཞན་འཕྲུལ་དབང་བྱེད་ཀྱི༔ ཕྱོགས་ཙམ་མདོར་བསྡུས་བརྗོད་པར་བྱ༔ དེར་སྐྱེའི་རྒྱུ་ནི་ཚུལ་ཁྲིམས་བདུན༔ མ་རལ་སྐྱོན་མེད་བསྲུངས་པས་ན༔ རྨི་ལམ་ན་ཡང་མི་ཉམས་སོ༔ དེ་བཞིན་རྣམ་དག་སྦྱིན་པ་ནི༔ ཡུལ་ལྔ་མཆོག་ཏུ་གྱུར་པ་ལ༔ གུས་རྗེས་སྦྱོར་དངོས་རྗེས་གསུམ་ལྡན༔ འོན་ཀྱང་དེ་ནི་རིགས་གཉིས་ཏེ༔ བདུད་རིགས་གཏོགས་དང་གཞན་མའོ༔ དེ་ཡང་ཕལ་པ་འཕཊ་རིགས་གཉིས༔ དང་པོ་སྔོན་གྱི་ལོག་ལྟ་དང་༔ འབྲེལ་བའི་སྨོན་ལམ་གྱིས་འབྱུང་སྟེ༔ མཆོད་སྦྱིན་གྱིས་བསྒྲུབས་འབྲས་བུ་ཡིན༔ ལོག་ལྟ་མནར་མེད་

4-18a

༄༅༔       ༔འཁྲིད་པས་ན༔ དེ་བས་རྒྱུ་འབྲས་སོ་སོར་འབྱུང་༔ གཞན་དག་ཡང་དག་ལྟ་དང་ལྡན༔ ལོག་ལྟ་རིང་དུ་སྤངས་པ་ཡིན༔ གནས་འདིར་འདོད་པའི་ལྷ་མོ་རྣམས༔ ཀུན་གྱི་གནས་ལས་ཁྱད་འཕགས་ཏེ༔ གཞན་གྱི་འཕྲུལ་ལས་དབང་བྱེད་ཕྱིར༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡི༔ འདོད་ལྔ་ཡུལ་ལ་དབང་བྱེད་ཡིན༔ གནས་འདིའི་སྲིད་པར་སྐྱེ་བྱེད་ན༔ སུ་ཞིག་མྱ་ངན་འདའ་བར་ནུས༔ དེ་ཕྱིར་དབང་སྒྱུར་བདུད་ཀྱི་ཡུལ༔ འདོད་ཁམས་ཀུན་ལས་ཕུལ་བྱུང་ཡིན༔ གང་ཚེ་བག་མེད་ལ་བརྟེན་ནས༔ སྲེད་དང་མྱོས་དང་འཐབ་པ་དང་༔ ཡིད་འཁྲུགས་གྱུར་པ་སྨོས་ཅི་དགོས༔ དེར་ནི་བདུད་ཀྱི་ཕོ་ཉ་བཞི༔ དེ་རྣམས་དབང་སྒྱུར་མི་དགེ་སྤྱོད༔ འབྲས་བུ་སྔོན་ཆད་ངན་འགྲོར་ལྟུང་༔ དེ་རྣམས་བདུད་ཀྱི་ལྷ་ཞེས་བརྗོད༔ དེ་ལྟར་སྣང་བའི་ལོངས་སྤྱོད་ཀྱང་༔ ཇི་ལྟར་ཤེས་དང་བག་ཡོད་ཅིང་༔ འདོད་ཁམས་དབང་སྒྱུར་ང་རྒྱལ་དང་༔ རློམ་པས་སྒྲིབ་པར་མི་འགྱུར་བར༔ བག་ཆགས་བསམ་

4-18b

གཏན་སྤྱོད་པ་གང་༔ འདོད་པའི་ལས་ལ་འདའ་བས་ན༔ བདུད་དབང་མ་གྱུར་ལྷ་ཞེས་བྱ༔ དེ་ཕྱིར་བསྟན་ལ་ཞུགས་པ་རྣམས༔ སྦྱིན་དང་ཚུལ་ཁྲིམས་དག་པ་ལ༔ སྤྱད་ཅིང་མ་ཆགས་སྤྱོད་པ་དང་༔ རང་གི་དོན་ཙམ་མི་ཤེསས་པར༔ བཟོད་དང་བརྩོན་འགྲུས་རབ་ལྡན་པས༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ བསམ་གཏན་གནས་ལ་འདུན་པར་བྱ༔ འདིར་ནི་མི་ལོ་སྟོང་དྲུག་བརྒྱ༔ ཞག་ཡིན་དེ་བགྲངས་རང་ལོ་ནི༔ ཁྲི་དང་དྲུག་སྟོང་ཐུབ་པར་གསུངས༔ མི་ལྟར་བརྩིས་ན་བྱེ་བ་ནི༔ དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་༔ ས་ཡ་དྲུག་སྟེ་འདི་དག་རྣམས༔ ཀུན་ལ་དུས་མིན་འཆི་བ་ཡོད༔ དེ་ལྟར་འདོད་ལྷ་རིགས་དྲུག་གི༔ ཉིན་མཚན་མེ་ཏོག་འབྱེད་འཛུམ་དང་༔ གཉིད་དང་བྱ་སྐད་འབྱིན་མི་འབྱིན༔ ཡིན་ཏེ་མུན་པ་ཡོད་མ་ཡིན༔ ལུས་ཚད་རྒྱང་གྲགས་བཞི་ཆ་ནས༔ ཕྱེད་དང་གཉིས་ཀྱི་བར་དུ་ཡིན༔ མདོར་ན་འདོད་པའི་ཁམས་འདི་ན༔ སྲོག་གཅོད་སྤངས་པས་ཚེ་རིང་ལ༔ བཟོད་བྱས་གཟུགས་

4-19a

༄༅༔       ༔མཆོག་ཕུན་སུམ་ཚོགས༔ མ་བྱིན་ལེན་སྤངས་བདག་ཉིད་ཀྱི༔ ལོངས་སྤྱོད་བསྲུང་བའི་མཆོག་ཡིན་ནོ༔ གཞན་གནོད་འདོད་སྤྱོད་རབ་སྤངས་པས༔ མཚུངས་མེད་ཁྱིམ་བདག་ལྷ་མོ་ལྡན༔ རྫུན་སྤངས་བདེན་པ་ཐོབ་འགྱུར་ཏེ༔ ཕྲ་མ་སྤངས་པས་མི་བརྗེད་ཐོབ༔ ངག་འཁྱལ་སྤངས་པས་ངག་བཙུན་འགྱུར༔ ཚིག་རྩུབ་སྤངས་པས་སྙན་སྨྲ་ལ༔ སྲོག་བྱིན་གཞན་གྱིས་འཚེ་བ་མེད༔ ནོར་བྱིན་ལོངས་སྤྱོད་དུ་མ་འབྱུང་༔ སྨན་བྱིན་ནད་མེད་འཐོབ་པ་ཡིན༔ བཟའ་བཏུང་བྱིན་པས་བཀྲེས་སྐོམས་མེད༔ ཞོན་པ་རྟ་བྱིན་དེ་ཉིད་དང་༔ ངལ་བ་མེད་དང་མགྱོགས་པར་ལྡན༔ སིལ་སྙན་བྱིན་པས་སྒྲ་སྙན་ཏེ༔ སྒྲོན་མེ་བྱིན་པས་འོད་ཐོབ་འགྱུར༔ རྒྱན་དང་མེ་ཏོག་ཕྲེང་མཛེས་བྱིན༔ དེ་ཉིད་དང་ནི་མཛེས་པ་འཐོབ༔ གྲུ་ཟམ་བྱིན་པས་བདེ་ལེགས་འགྲོ༔ ངལ་སྟེགས་བྱས་པས་ངལ་མེད་འགྱུར༔ ཁང་པ་བྱིན་པས་རིན་ཅེན་གྱིས༔ བརྒྱན་པའི་ཁང་བཟང་ཐོབ་འགྱུར་ཞིང་༔ སྐྱེད་ཚལ་ལམ་གཞི་བྱིན་

4-19b

པ་ལས༔ ཐམས་ཅད་ས་ཡི་བདག་པོར་འགྱུར༔ བྲན་དང་འཁོར་བྱིན་དེ་ཉིད་དང་༔ གང་བྱིན་པ་ཡི་འབྲས་བུར་ལྡན༔ དེ་ཕྱིར་བདེ་བ་འདོད་གང་དག༔ བསྒྲིམས་ཏེ་རྒྱུ་འབྲས་བརྟག་པར་བྱ༔ ལོ་པཎ་བཀའི་ཐང་ཡིག་ལས་སྣོད་བཅུད་འདོད་ལྷ་རིགས་དྲུག་བསྟན་པའི་ལེའུ་སྟེ་ལྔ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔