༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་བརྒྱད་པ། མ་ཧཱ་ཡོ་གའི་ཐེག་པ་བསྟན་པ།
上一章
下一章

(ལེའུ་ཉེར་བརྒྱད་པ། མ་ཧཱ་ཡོ་གའི་ཐེག་པ་བསྟན་པ།)

མ་ཧཱ་ཡོ་གའི་ཐེག་པར་གསུམ༔ ངོ་བོ་ངེས་ཚིག་དབྱེ་བའོ༔ ངོ་བོ་མ་ཧཱའི་ལྟ་སྤྱོད་བསྡོངས༔ ངེས་ཚིག་ཏིང་འཛིན་རྣམ་གསུམ་གྱིས༔ ལྷ་ཡི་སྐུ་རུ་བསྐྱེད་པའོ༔ གསུམ་པ་མ་ཧཱའི་དབྱེ་བ་བཅུ༔ དང་པོ་མ་ཧཱའི་དམ་ཚིག་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ དེ་བཞིན་ང་རྒྱལ་ཕྲག་དོག་དང་༔ རྣལ་འབྱོར་ཆེན་པོའི་དམ་ཚིག་ནི༔ ལུང་དང་མཐུན་པར་ཤིན་ཏུ་གསུངས༔ གཉིས་པ་མ་ཧཱའི་སྤྱོད་པ་ནི༔ སྦྱོར་བ་དང་ནི་སྒྲོལ་བ་དང་༔ མ་སྦྱིན་པ་ནི་གང་ལེན་པ༔ འདི་ནི་དམ་ཚིག་སྤྱོད་པ་ཡིན༔ རྣལ་འབྱོར་པས་ནི་དང་དུ་བླངས༔ གསུམ་པ་མ་ཧཱའི་ལྟ་བ་ནི༔ སངས་རྒྱས་སེམས་ཅན་ཐམས་ཅད་དང་༔ མཚན་མར་བཏགས་པ་ཐམས་ཅད་ཀུན༔ དབྱིངས་སུ་མ་གྱུར་གང་ཡང་མེད༔ དེ་བས་སྐུ་གསུང་ཐུགས་ཀྱི་བདག༔ མཚན་མར་གྱུར་པ་ཐམས་ཅད་ནི༔ མཉམ་པའི་ངང་དུ་རབ་ཏུ་གསལ༔ བཞི་པ་མ་ཧཱའི་ཡེ་ཤེས་ནི༔ ཉན་ཐོས་མདོ་རྒྱུད་ཐམས་ཅད་དང་༔ ཀྲི་ཡ་

4-71a

༄༅༔       ༔ཡོ་གའི་ཁྱད་པར་གྱིས༔ རང་གིས་བློ་ལ་ཤིན་ཏུ་གསལ༔ དག་པའི་ཡེ་ཤེས་དམ་པའོ༔ ལྔ་པ་མ་ཧཱའི་ཚོགས་མཆོད་ནི༔ ལེགས་པའི་ཡོན་ཏན་མི་བརྗོད་ཅིང་༔ མཚན་མའི་ཉེས་པ་མི་སྨོད་པར༔ ཐམས་ཅད་མཉམ་པ་ཉིད་དུ་གནས༔ འདི་ནི་ཚོགས་མཆོད་ཁྱད་པར་འཕགས༔ དྲུག་པ་མ་ཧཱའི་སངས་རྒྱས་ནི༔ གཟུགས་སུ་སྣང་བ་རྣམ་སྣང་མཛད༔ ཚིག་གི་དངོས་པོ་སྣང་མཐའ་ཡས༔ རྣམ་པར་ཤེས་པ་རྡོ་རྗེ་སེམས༔ ཡིད་བཞིན་རིན་ཅེན་འབྱུང་ལྡན་གཙོ༔ འཕྲིན་ལས་རྣམ་པ་དོན་ཡོད་གྲུབ༔ བདུན་པ་མ་ཧཱའི་འཕྲིན་ལས་ནི༔ ཏ་ན་དང་ནི་ག་ན་ཚོགས༔ བཞི་བཅུ་དང་ནི་ལྡན་པའི་ཚེ༔ དབང་ཕྱུག་ཆེན་པོའི་སྤྱོད་པ་ནི༔ ཅི་ལ་ཡང་ནི་ཐོགས་མེད་སྤྱོད༔ འཕྲིན་ལས་རྣམ་བཞི་རྫོགས་པར་མཛད༔ བརྒྱད་པ་མ་ཧཱའི་སྒྲིབ་པ་ནི༔ ཅི་ཡང་ཐོགས་པ་མེད་པར་སྤྱོད༔ ཕྱི་ཡི་ཡུལ་དང་ནང་གི་སེམས༔ ཐམས་ཅད་མཉམ་པ་ཉིད་དུ་གནས༔ འདི་ལ་སྒྲིབ་

4-71b

དང་མི་སྒྲིབ་མེད༔ མཉམ་པའི་རྒྱལ་པོ་ཡོངས་ལ་གྲུབ༔ དགུ་པ་མ་ཧཱའི་རིག་འཛིན་ནི༔ སྐུ་གསུང་ཐུགས་དང་དབང་ཕྱུག་གནས༔ ཕུང་པོ་ལྔ་དོན་ཡེ་ཤེས་ལྔ༔ ཐམས་ཅད་དབྱིངས་སུ་གྱུར་པའི་ཚེ༔ རིག་འཛིན་ས་ཡི་རང་བཞིན་ནོ༔ བཅུ་པ་མ་ཧཱའི་ཆད་པ་ནི༔ ཉན་ཐོས་རང་རྒྱལ་ཨུ་པ་དང་༔ དེ་བཞིན་ཀྲི་ཡ་ཡོ་ག་རྣམས༔ རྣལ་འབྱོར་ཆེན་པོའི་ཁྱད་པར་དུ༔ མ་གཏོགས་པ་ནི་གཅིག་ཀྱང་མེད༔ ལོ་པཎ་བཀའི་ཐང་ཡིག་ལས་མ་ཧཱ་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔