༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གཅིག་པ། བསྟན་པ་ཅིག་ཅར་བའི་སྐབས།
上一章
下一章

(ལེའུ་བཅུ་གཅིག་པ། བསྟན་པ་ཅིག་ཅར་བའི་སྐབས།)

གཉིས་པ་ཅིག་ཅར་བ་ཡི་ལོ་རྒྱུས་ནི༔ དེ་བཞིན་གཤེགས་པ་ང་ནི་འདས་གྱུར་ཀྱང་༔ བསྟན་པའི་བཀའ་ནི་ཚད་མ་འགྱུར་བ་མེད༔ ང་ནི་ཡོངས་སུ་མྱ་ངན་འདས་པའི་འོག༔ འོད་སྲུངས་ལ་སོགས་དགེ་སློང་གནས་བརྟན་འདུ༔ ཀུན་དགས་ཐུབ་པའི་བསྟན་པ་གང་གསུངས་བ༔ དེ་སྐད་འདྲི་ན་འདི་སྐད་ལུང་སྟོན་ཅིག༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ སྟོན་པ་གནས་དང་དུས་དང་འཁོར་དང་ཆོས༔ རྣམ་གྲངས་གང་གསུངས་

5-26a

༄༅༔       ༔ཁྱོད་ཀྱིས་སྨྲོས་ཤིག་ལས༔ མཇུག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ༔ མངོན་པར་བསྟོད་དོ་བྱ་བ་གྱིས་ཤིག་གསུངས༔ སངས་རྒྱས་མྱང་འདས་དགྲ་བཅོམ་ཐུགས་མེ་ཕྱུང་༔ ཕུང་པོ་མི་སྣང་སོལ་བ་མི་སྣང་འདས༔ འོད་སྲུངས་བཀའ་བསྡུ་མཛད་ཕྱིར་བཀའ་ཁྲིམས་བཅས༔ དགེ་སློང་གནས་བརྟན་གྲོང་ཁྱེར་རྩ་མཆོག་འཚོགས༔ དགྲ་བཅོམ་ལྔ་བརྒྱར་གཅིག་གིས་མ་ལོངས་པས༔ ལྷ་གནས་བ་ལང་བདག་འབོད་གང་པོ་བཏང་༔ བ་ལང་བདག་གིས་དྲི་བ་ལྔ་དྲིས་འདས༔ ལྷུང་བཟེད་ཆོས་གོས་དགེ་འདུན་རྣམས་ལ་ཕུལ༔ དེ་ནས་ཀུན་དགའ་བོ་ལ་ཚབ་མ་བྱས༔ དགའ་བོས་དགྲ་བཅོམ་མ་ཐོབ་མ་ཐར་བས༔ འོད་སྲུངས་ཀྱིས་ནི་སྤྱོ་བ་བརྒྱད་སྨྲས་པ༔ ཉོན་མོངས་ཅུང་ཟད་མ་སྤངས་ཀུན་དགའ་བོ༔ ཁྱོད་མཆོག་འདུས་པའི་ནང་འདིར་མ་འདུག་ཅིག༔ དགའ་བོ་བྲེད་ནས་འོད་སྲུངས་ཆེན་པོ་དགོངས༔ ཚུལ་ཁྲིམས་ཉམས་པའི་ལས་

5-26b

ཀྱང་ངས་མ་བྱས༔ སྤྱོད་ལམ་ལྟ་བ་འཚོ་བ་ཉམས་མ་བྱས༔ དགེ་འདུན་ལ་ཡང་ཉེས་པ་ཞིག་མ་བྱས༔ བཙུན་པ་འོད་སྲུངས་བདག་ལ་ཅི་ཕྱིར་གསུངས༔ འོན་ཀྱང་ཉེས་པ་བདག་བཟོད་གསུང་བར་ཞུ༔ བཙུན་པ་འོད་སྲུངས་སྨྲས་པ་ཀུན་དགའ་བོ༔ ཁྱོད་ཀྱིས་སངས་རྒྱས་ཐབས་སུ་རྟག་འདུག་ནས༔ ཚུལ་ཁྲིམས་ལ་སོགས་མ་ཉམས་ཅི་ངོ་མཚར༔ ལོངས་ལ་ཚུལ་ཤིང་གཟུང་ཞིག་ཁྱོད་ཉེས་བསྟན༔ ཁྱོད་ཀྱིས་སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་༔ བསྟན་པ་ལྔ་བརྒྱ་ནུབ་པས་དང་པོར་ཉེས༔ ཀུན་དགའ་བོ་ཡིས་དེ་ལ་ལན་བཏབ་པ༔ འཁོར་ནི་རྣམ་བཞི་མ་ལོངས་ཁ་སྐོང་དང་༔ ནུ་མ་བསྣུན་པས་མ་དྲིན་ཆེ་བའི་ཕྱིར༔ འོད་སྲུངས་ཞལ་ནས་འདི་སྐད་གསུངས༔ ཐུབ་པའི་ཉེ་གནས་ཀུན་དགའ་བོ༔ སངས་རྒྱས་བསྟན་པ་གཉེན་ཕྱིར་ཁྱོད་འཚོང་ངམ༔ དེ་གཅིག་མ་འཚལ་ནོངས་གྱུར་བཟོད་པར་གསོལ༔ ཡང་ནི་ཁྱོད་ཀྱིས་ཁྱིམ་པའི་འཁོར་རྣམས་ལ༔ འདོམས་ཀྱི་སྦ་བ་ནུབ་པ་བསྟན་པས་ཉེས༔

5-27a

༄༅༔       ༔དགའ་བོས་དེ་ཡང་བཟོད་པར་གསོལ་ལོ་གསུངས༔ ཁྱོད་ཀྱིས་ཤེས་རབ་ཕར་ཕྱིན་མ་བསྒོམས་ཉེས༔ སངས་རྒྱས་ཞབས་འབྲིང་བགྱིད་པས་མ་ཁོམ་གསུངས༔ ཞབས་འབྲིང་རབ་ནི་སྒོམ་པ་ཁོ་ན་ཡིན༔ དེ་ཡ་ནོངས་པ་གྱུར་པས་བཟོད་པར་གསོལ༔ ཁྱོད་ཀྱིས་བདུད་ཀྱིས་བར་གཅོད་བགྱིས་པ་ལ༔ མྱ་ངན་མི་འདར་གསོལ་བ་མ་བཏབ་ཉེས༔ བདུད་ཀྱིས་རྣ་བ་བཀག་ནས་མ་ཐོས་གསུངས༔ སྟོང་པ་ཉིད་ལ་དགག་ཏུ་ཅི་ཡོད་ཅེས༔ དེ་ཡང་ནོངས་ན་བཟོད་པར་གསོལ་ལོ་གསུངས༔ སྐུ་གསེར་བཙོ་མའི་ཁ་དོག་བུད་མེད་བསྟན༔ མཆིལ་མས་དྲི་མ་ཅན་དུ་བྱས་པས་ཉེས༔ འོད་སྲུངས་བཅོམ་ལྡན་འདས་ཀྱི་སྐུ་མཐོང་ན༔ སེམས་ཅན་དད་པ་སྐྱེས་ནས་ཁ་དོག་ལྡན༔ ཁྱོད་ཀྱིས་གཞན་སེམས་མི་ཤེས་ཅི་ཆར་ཡོད༔ དེ་ཡང་ནོངས་ན་བཟོད་པར་གསོལ་ལོ་གསུངས༔ སངས་རྒྱས་ཞལ་སྐྱེམས་ཆུ་རྙོགས་དྲངས་པས་ཉེས༔ འོད་སྲུངས་རྒྱལ་པོ་

5-27b

གཟུགས་ཅན་སྙིང་པོ་ཡི༔ བ་ལང་ལྔ་བརྒྱས་ཆུ་ལ་བརྒལ་བས་ན༔ དགའ་བོ་ལྷུང་བཟེད་ནམ་མཁའ་ལ་བཟེད་ན༔ ལྷ་ཀུན་བདུད་རྩིའི་ཆར་གྱིས་འགེང་ཞེས་པས༔ དེ་ཡང་ནོངས་ན་བཟོད་པར་གསོལ་ལོ་གསུངས༔ ཆོས་གོས་རྡོག་པས་མནན་ནས་བཅོམས་པས་ཉེས༔ འོད་སྲུངས་སྣ་བྱིད་འཚེམ་དུ་མ་བཏུབ་གསུངས༔ ཆོས་གོས་ནམ་མཁར་བོར་ན་ལྷ་རྣམས་འཛིན༔ དེ་ཡང་ནོངས་ན་བཟོད་པར་གསོལ་ལོ་གསུངས༔ སོ་སོ་ཐར་པའི་མདོ་བཏོན་རྗེས་ལ་ནི༔ ཚུལ་ཁྲིམས་གློད་ཐབས་བག་ཡོད་བྱར་ཡོད་གསུངས༔ དེ་ཉིད་ཁྱོད་ཀྱིས་མ་ཞུས་པ་ཡིས་ཉེས༔ བདག་ནི་སངས་རྒྱས་དང་ནི་བྲལ་དོགས་པའི༔ མྱ་ངན་ནོན་པས་དྲི་བ་མ་བྱུང་གསུངས༔ སངས་རྒྱས་ཞབས་འབྲིང་ལོ་ནི་ཉེར་གཅིག་བྱས༔ ཁོ་ཐག་མ་ཆོད་མྱ་ངན་ཅི་ལ་ཕན༔ དེ་ཡང་ནོངས་ན་བཟོད་པར་གསོལ་ལོ་གསུངས༔ ཕན་ཚུན་འགྲན་སེམས་བཤོས་ལྷག་མི་ཟ་དང་༔ ན་བཟའ་རྙིང་པ་མི་གྱོན་དམ་

5-28a

༄༅༔       ༔བཅས་ཉེས༔ ལྟོ་དང་གོས་ཀྱི་ཆེད་དུ་མ་ཡིན་གསུངས༔ ལྟོ་གོས་མེད་པའི་ཉེར་གནས་སུ་ཡོད་གསུངས༔ དེ་ཡང་ནོངས་ན་བཟོད་པར་གསོལ་ལོ་གསུངས༔ དེ་ནས་ཀུན་དགའ་བོ་ཡི་ཐུགས་དགོངས་ལ༔ སངས་རྒྱས་གྲོངས་གྲོངས་ཐོ་ཕྱིར་མི་འོང་བར༔ སངས་རྒྱས་བཞུགས་པའི་དུས་ན་ང་དགོས་ལ༔ ད་ནི་སངས་རྒྱས་མ་བཞུགས་ཐམས་ཅད་སྤྱོས༔ ཐུགས་མུག་བཤུམ་ཞིང་ཕྱིར་ལོག་འོངས་པ་ལ༔ མ་འགགས་པས་ནི་ཐུགས་གསོས་ཀུན་དགའ་བོ༔ དགྲ་བཅོམ་མ་ཐོབ་འདི་རུ་ཤོག་དང་གསུངས༔ དེ་ནས་འབྲི་རྫིའི་གྲོང་ཁྱེར་ཁྱིམ་བདག་བུ༔ ཚེ་དང་ལྡན་པ་སྤོང་བྱེད་གཉིས་ལ་ནི༔ ཤེས་རབ་ཕར་ཕྱིན་བཏབ་པས་དགྲ་བཅོམ་ཐོབ༔ རྟག་མཐར་མི་གནས་ཆད་མཐའ་ཡོངས་སུ་བཀག༔ གཉིས་མིན་སྤངས་པ་ཡོད་མེད་མཐར་མི་གནས༔ བསྟན་པ་སྐབས་གཅིག་པའི་སྐབས་ཏེ་བཅུ་གཅིག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔