༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་བདུན་པ། དུས་གསུམ་མཁྱེན་པས་ད་ལྟ་ཅི་ཡིན་གསུངས་པའི་སྐབས།
上一章
下一章

(ལེའུ་ཉེར་བདུན་པ། དུས་གསུམ་མཁྱེན་པས་ད་ལྟ་ཅི་ཡིན་གསུངས་པའི་སྐབས།)

ད་ལྟ་བོད་ཀྱི་རྒྱལ་ཁམས་འདིར༔ བདག་དོན་སྒྲུབ་པ་ལོངས་སྐུའི་བསྟན༔ གཞན་དོན་མཛད་པ་སྤྲུལ་སྐུའི་བསྟན༔ བསྟན་པ་གཉིས་ལྡན་བོད་དུ་ཆགས༔ བསོད་ནམས་སྟོབས་ཀྱང་རབ་ཏུ་ཆེ༔ མདུན་མ་དགེ་བའི་ཕྱོགས་སུ་བྱེད༔ དད་པ་ཆེ་བས་ལྷ་ཆོས་དྲན༔ སྙིང་རུས་ཆེ་བས་མཐའ་རུ་ཐོན༔ དམ་ཚིག་གཙང་བས་ལྷ་སྲུང་དགྱེས༔ སྦྱིན་ཤུགས་བཏང་བས་ལོངས་སྤྱོད་ཆེ༔ ཁྲིམས་ལ་གནས་པས་འདུན་སྟངས་གཅིག༔ བསམ་པ་དག་པས་ཅི་བྱས་འགྲུབ༔ སྨོན་ལམ་མཐུ་བཙན་དམ་ཆོས་དར༔ ལུས་ངག་ཡིད་གསུམ་དཀོན་ཅོག་སྒྲུབ༔ རིག་པ་ཡོད་པས་སྡིག་པར་འཛེམ༔ བསགས་པ་ཡོད་པས་བདེ་སྐྱིད་འབྱུང་༔ ཡ་རབས་

5-88a

༄༅༔       ༔དམ་པའི་སྤྱོད་ཚུལ་མང་༔ སངས་རྒྱས་སྤྲུལ་པ་བོད་དུ་བྱོན༔ དམ་པའི་ལྷ་ཆོས་བོད་ན་དར༔ བསྟན་པ་འཛིན་སྐྱོང་བསྲུང་དང་གསུམ༔ རྒྱ་བོད་ཧོར་གསུམ་དབང་དུ་འདུ༔ བོན་རྩིས་སྨན་སོགས་འཇིག་རྟེན་སྒྲུབ༔ སྡེ་སྣོད་ཡོ་ག་སྔགས་ཕྱི་ནང་༔ ཐེག་པ་རིམ་དགུ་བཅུའམ་གཉིས༔ ཟབ་རྒྱའི་དམ་ཆོས་མ་ལུས་བསྒྱུར༔ སྡོམ་གསུམ་མཁན་པོས་བསྟན་པ་འཛིན༔ བསྟན་སྐྱོང་རྒྱལ་པོ་ཆེན་པོ་ཉིད༔ སྨོན་ལམ་དབང་གིས་རྒྱལ་པོར་འཁྲུངས༔ བོད་འབངས་འདུན་མ་གཅིག་ཏུ་བསྡུས༔ རྒྱལ་བློན་འབངས་གསུམ་ཁྲིམས་ལ་བཙུད༔ དགེ་བའི་ཕྱོགས་སུ་བརྩོན་པ་བསྐྱེད༔ མཐའ་ཡི་རྒྱལ་པོ་དབང་དུ་འདུས༔ གཙུག་ལག་ཁང་ཆེན་བརྒྱ་རྩ་གྲུབ༔ ས་གཞི་བྱིན་ཕབ་སྡེ་རུ་ཚུགས༔ དཀར་ནག་མཁས་བཙུན་བཟང་གསུམ་གྱི༔ ལོ་པཎ་མང་པོ་གདན་དྲངས་ནས༔ ཆོས་བཤད་འབྲི་ཀློག་ཁ་ཏོན་སྒོམ༔

5-88b

ཆོས་སྤྱོད་བཅུ་ལ་སོགས་པ་ཡི༔ དམ་པ་ཆོས་ཀྱི་ཉི་མ་ཤར༔ ཟས་ནོར་ལོངས་སྤྱོད་ཀུན་ལ་སྤེལ༔ ཡུལ་བདེ་ས་འཇམ་བྱམས་པའི་ཞིང་༔ བོད་ཁམས་བདེ་སྐྱིད་ལྷ་དང་མཉམ༔ བསྟན་པ་འཕེལ་འགྲིབ་མེད་པར་བསྐྱངས༔ ཆོས་པ་རྣམས་ཀྱང་རྫུ་འཕྲུལ་ལྡན༔ ངོ་མཚར་ཕྲིན་ལས་བསམ་མི་ཁྱབ༔ སྐུ་ཚེ་རིང་པོ་བྱུང་བ་ཡིན༔ བོད་གྲགས་ཆོས་རྒྱལ་མང་བྱོན་ཀྱང་༔ མངའ་ཐང་ཁྱོད་ཙམ་བྱོན་པ་མེད༔ མ་འོངས་མི་རྣམས་ཇི་སྙམ་སེམས༔ དབུ་རྩེ་རིགས་གསུམ་ཁྱད་འཕགས་འདི༔ སངས་རྒྱས་དཀོན་ཅོག་རྟེན་དུ་མཚར༔ རྒྱ་གར་ཆོས་སྐད་བོད་དུ་བསྒྱུར༔ ཆོས་ནི་དཀོན་མཆོག་བོད་ན་བཞུགས༔ བསོད་ནམས་གསོག་པའི་ཞིང་དམ་པ༔ དགེ་འདུན་དཀོན་མཆོག་བོད་ན་བཞུགས༔ བདག་དོན་སྒྲུབ་པའི་བྱིན་རླབས་ཀྱིས༔ གྲུབ་པ་ཐོབ་པ་མང་པོ་བྱུང་༔ དུས་གསུམ་མཁྱེན་པས་ད་ལྟ་ཅི་ཡིན་གསུངས་པའི་སྐབས་ཏེ་

5-89a

༄༅༔       ༔ཉེར་བདུན་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔