བོན་པོའི་བཀའ་འགྱུར།

Ⅰ ༆ འདུས་པ་རིན་པོ་ཆེའི

上一章
下一章
1-1b

༄༅། །གཡུང་དྲུང་ལྷའི་སྐད་དུ་ན། །ཛ་དུར་སོ་ན་ཙི་བི་ཏ། །ཨ་དཀར་ཧ་ཏྲག་མུ་ལ་རམ། །གང་ཟག་མིའི་སྐད་དུ་ན། །འདུས་པ་རིན་པོ་ཆེའི་རྒྱུད། །གཟེར་མིག་ལེའུ་བཅོ་བརྒྱད་པའོ། །འཁོར་བའི་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ། །གཤེན་རབ་སྟོན་པའི་མཆོག་ལ་ཕྱག་འཚལ་ལོ། །སྤྱིར་ན་སེམས་ཅན་གྱི་ལས་ཀྱང་གྲངས་མང་སྟེ་བསམ་གྱིས་མི་ཁྱབ་པའོ། །འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ་སྟེ་གྲངས་མང་ངོ་། །སྟོན་པའི་བཀའ་ཡང་བསམ་གྱིས་མི་ཁྱབ་སྟེ་གྲངས་མང་ངོ་། །སྔོན་དང་པོ་ཡང་སྟོན་པའི་སྐུ་དང་། བསྟན་པའི་བོན་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་དར་ཞིང་རྒྱས་སོ། །

ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་དར་ཞིང་རྒྱས་སོ། །

1-2a

འཇིག་རྟེན་གྱི་ཁམས་དང་། སྲིད་པའི་གྲངས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་ཆགས་ཤིང་ཞིག་གོ། །སེམས་ཅན་གྱི་ལུས་དང་། བྱེ་བྲག་གི་ལས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་ཅིང་ཐར་རོ། །དུས་འདིའི་གོང་སྲིད་པ་འདིའི་སྔོན། འབྱུང་བ་འདིའི་ཐོག་མ། བསྐལ་པ་འདིའི་དང་པོ་ལ། ལྷའི་ཐུགས་རྗེས་བཟུང་ནས། ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན་གྱི་ཐུགས་རྗེས་བཟུང་ངོ་། །བོན་གྱི་བསྟན་པ་གང་དར་ན། སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་དར་རོ། །སྲིད་པའི་རྒྱུད་འཕེལ་ན། ཡེ་མུ་ཁྱུང་དཀར་པོའི་རྒྱུད་འཕེལ་ལོ། །དུས་དེ་ཙམ་ན་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱིས་དུག་ལྔའི་ནད་ཀྱིས་ཟིན་པའི་སེམས་

1-2b

ཅན་རྣམས་ལ། ཐུགས་རྗེ་ཆེན་པོ་རབ་ཏུ་བསྐྱེད་ནས། སྐུ་ཡིས་འདུལ་བ་རྣམས་ལ་བསྟན་པ་སྐུའི་དཔེའུ་ཙེ་བསྟན། བསྟན་པ་དེའི་ཡོན་ཏན་གྱིས། སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་བ་ལས་ཐར་པ་ཐོབ་བོ། །སྡུག་བསྔལ་ལས་བདེ་གནས་རྙེད་དོ། །གསུང་གིས་འདུལ་བ་རྣམས་ལ། བསྒྲགས་པ་གསུང་གི་དཔེའུ་ཙེ་བསྟན། བསྟན་པ་དེའི་ཡོན་ཏན་གྱིས་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་བ་ལས་ཐར་པ་ཐོབ་བོ། །སྡུག་བསྔལ་ལས་བདེ་གནས་རྙེད་དོ། །ཐུགས་ཀྱིས་འདུལ་བ་རྣམས་ལ་སྒྲུབ་པ་ཐུགས་ཀྱི་དཔེའུ་ཙེ་བསྟན། བསྟན་པ་དེའི་ཡོན་ཏན་གྱིས། སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་བ་ལས་ཐར་པ་ཐོབ་བོ། །སྡུག་བསྔལ་ལས་བདེ་གནས་རྙེད་དོ། །དུས་དེ་ཙམ་ན་ཡང་། སྟོན་པའི་སྐུ་དང་གསུང་དང་ཐུགས་དང་། ཞལ་མངོན་སུམ་དུ་བཞུགས་ནས་འདྲེན་པའི་སྟོན་པ་མཛད་ཀྱང་། 

1-3a

སེམས་ཅན་གྱི་ལས་ཀྱང་བསམ་གྱིས་མི་ཁྱབ་པས་སེམས་ཅན་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་བ་ལས་ཐར་པ་ཐོབ་པར་མ་གྱུར་ཏོ། །སྡུག་བསྔལ་ལས་བདེ་གནས་རྙེད་པར་མ་གྱུར་ཏོ། །སྟོན་པས་ཀྱང་ཐུགས་རྗེས་ཟིན་ཅིང་དྲངས་པར་མ་གྱུར་ནས། སྟོན་པ་ཡང་ཤིན་ཏུ་ཐུགས་ཆད་དོ། །སྟོན་པ་ཡང་རབ་ཏུ་ཐུགས་ཆད་དོ། །ཤིན་ཏུ་ཡང་སྒྱིད་ལུག་གོ། །རབ་ཏུ་ཡང་སྒྱིད་ལུག་གོ། །དེ་ནས་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱིས། འོད་ཆེན་འཁོར་ལོ་གླིང་བརྩེགས་ཀྱི་གཡུ་ཁང་པདྨའི་གཞལ་ཡས་ན། ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན་བཞུགས་པའི་སྤྱན་སྔར་ཐལ་གྱི་བྱོན། པུས་མོ་བཙུགས་སོ། །ཐལ་མོ་སྦྱར་ཏོ། །ཞལ་ནས་འཛུམ་པ་ཕྱུང་། དབུ་བཏུད་ལྷ་ཕྱག་ལན་གསུམ་འཚལ། མེ་ཏོག་པདྨ་འདབ་བརྒྱད་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །ཡེ་ལྷ་ཐུགས་ཀྱི་ཡེ་ཤེས་ཅན། བདག་ཀྱང་སྐྱེ་

1-3b

བ་སྔ་མ་ལ། སྲིད་པ་ཡེ་སངས་ཀྱི་གནས་ན་མཆིས་ཙམ་ན། ཡབ་ནི་ཁྲི་འོད་དོ། །ཡུམ་ནི་ཀུན་ཤེས་སོ། །བདག་ཅག་ཁྱེའུ་སྤུན་གསུམ་མཆིས་པ་ནི། གཅིག་ནི་ཁྱེའུ་དག་པའོ། །གཅིག་ནི་ཁྱེའུ་གསལ་བའོ། །གཅིག་ནི་ཁྱེའུ་ཤེས་པའོ། །བདག་ཅག་ཁྱེའུ་སྤུན་སུམ་གྱིས། གཡུང་དྲུང་བོན་གྱི་སྒོར་ཞུགས་ནས། སེམས་བསྐྱེད་པའི་སློབ་དཔོན་ནི།གཏོ་འབུམ་ཁྲི་གློག་གི་ལྕེ་ཅན་ལ། སྲིད་པ་སྟོང་རྩིས་ཀྱི་བོན་མཉན་པས། སྲིད་པའི་གཏོ་ཡིས་ཁམས་གསུམ་གྱི་སེམས་ཅན་གྱི་ལས་ལ་བརྟགས་པས། ཤིན་ཏུ་སྡུག་ཅིང་ཤིན་ཏུ་བསྔལ་བར་མཐོང་། སེམས་ཅན་གྱི་ལས་ནི་ལ་ལ་སྐྱེ། ལ་ལ་ནི་ན། ལ་ལ་ནི་རྒས། ལ་ལ་ནི་འཆི། ལ་ལ་ནི་གསོད། ལ་ལ་ནི་བཤའ། ལ་ལ་ནི་འཚོད། ལ་ལ་ནི་བསྲེག །ལ་ལ་ནི་བཀྲེས། ལ་ལ་ནི་སྐོམ། ལ་ལ་ནི་འདོད། ལ་ལ་ནི་འཁོལ། ལ་ལ་ནི་སྤྱོད། ལ་ལ་ནི་འཐབ། ལ་ལ་ནི་རྩོད། ལ་ལ་ནི་འབྲོས། ལ་ལ་ནི་འདེད། བསྡུས་པས་ཤིན་ཏུ་སྡུག་ཅིང་རབ་ཏུ་བསྔལ་བར་མཐོང་། སྤུན་གསུམ་ངུས་པས་མཆི་མ་ཁྲག་ཏུ་ཁོལ། སེམས་བསྐྱེད་སློབ་དཔོན་ཞལ་ནས་རེ། ཕེ་ཤ་ཨེ་མ་ངོ་མཚར་ཆེ། །དག་པ་གསལ་བ་ཤེས་པ་གསུམ། །

1-4a

སྙིང་རྗེ་ཆེན་པོ་སྐྱེས་ཚོད་ཀྱིས། །ཚད་མེད་བཞི་དང་ལྡན་པར་ངེས། །ཚད་མེད་བཞི་ཡི་ཐུགས་རྗེས་ནི། །འཁོར་བ་ཐར་པར་འདྲེན་པ་ཡིན། །སེམས་ཅན་དོན་ལ་སོང་ཤིག་གསུངས། །སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས། །སློབ་དཔོན་ལྷ་ཡི་བཀའ་ཐོབ་པས། །བདག་ཅག་སྤུན་གསུམ་རྡོད་ནས་མཆིས། །ཡབ་གཅིག་སྲིད་པ་ཁྲི་འོད་དང་། །སློབ་དཔོན་གཏོ་ཡི་ཞལ་ན་རེ། །ཁྱོད་ཅག་སྤུན་གསུམ་དེར་སྡོད་དང་། །ཇི་ལྟར་སེམས་ཅན་སྙིང་རྗེ་ཡང་། །སྟོན་པ་གཉིས་ཀྱིས་བསྟན་པ་བྱེད་མི་སྲིད། །ཇི་ལྟར་སེམས་ཅན་གྲངས་མང་ཡང་། །ཕུང་པོ་གཅིག་གིས་སེམས་གཉིས་སྡུད་མི་སྲིད། །ཇི་ལྟར་མུན་པའི་ཚོགས་ཆེ་ཡང་། །ཉི་མ་ཟུང་གཅིག་གཤིབས་ནས་འཆར་མི་སྲིད། །སྔ་རབས་འདས་པ་རྣམས་ཀྱང་རེ་རེས་བསྟན། །སླད་ཀྱིས་འབྱོན་པ་རྣམས་ཀྱང་རེ་རེས་སྟོན། །ཁྱེད་ཅག་སྤུན་གསུམ་དུས་གསུམ་སྟོན་པར་གཤེགས། །སྟོན་པའི་རང་བཞིན་ཤིན་ཏུ་དཀོན་ན་བཙུན། །གཉིས་ཀྱང་མངས་སོ་བྱོས་ན་གསུམ་ཙམ་གང་དུ་ཆ། །ཕུ་བོ་དག་པ་འཇིག་རྟེན་སྟོན་པ་མཛོད། །སྐུ་ལས་འོད་ཟེར་སྤྲུལ་སྐུ་མང་པོ་ཕྱུངས་ལ། སྟོང་གསུམ་སྟོང་གི་ད་ལྟར་བཞུགས་པའི་འདྲེན་སྟོན་མཛོད་

1-4b

ཅིག་གསུངས་ཏེ། དབང་བསྐུར་ནས་བདག་འདྲེན་པའི་སྟོན་པ་ལ་བཏང་བ་ལགས། བདག་གི་ནུ་བོ་གཉིས་སླར་མགོན་བཙུན་ཕྱྭའི་གྲོང་ཁྱེར་དུ། ཡེ་ཤེས་ལྷ་ལ་གཡུང་དྲུང་བོན་ཉན་དུ་སོང་།སློབ་དཔོན་དང་ཡབ་གཉིས་ཀྱང་བདག་ལ་ནམ་ཞིག་འཁོར་བའི་སེམས་ཅན་མ་དུལ་ན། གྲུབ་པ་གཤེན་གྱི་གནས་མཆོག་སྙོགས་ལ་ཤོགས་ཅིག་གསུངས་ནས། སླར་གཤེན་གྲུབ་པའི་གནས་སུ་གཤེགས་སོ། །དེ་ནས་བདག་གིས་ཀྱང་སྐྱེ་བ་མིའི་ལུས་བླངས། མིང་གཏོ་རྒྱལ་ཡེ་མཁྱེན་དུ་བཏགས། །འཁོར་བའི་སེམས་ཅན་ལ་གདུང་བསྐྱེད། །སྐུ་ཡིས་འདུལ་བ་རྣམས་ལ་སྐུའི་སྤྲུལ་པ་བཀྱེ་ནས། བསྟན་པ་སྐུའི་དཔེའུ་ཙེ་དྲངས་པས། སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་ངན་སོང་ལས་མཐོ་རིས་སུ་བཏངས།འཁོར་བ་ནས་ཐར་པ་རུ་དྲངས་སོ། །གསུང་གིས་འདུལ་བ་རྣམས་ལ་ཚིག་གི་གདམས་ངག་བགྱིས་ནས་བསྒྲགས་པ་གསུང་གི་དཔེའུ་ཙེ་དྲངས་པས། སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་ངན་སོང་ལས་མཐོ་རིས་སུ་བཏངས། འཁོར་བ་ནས་ཐར་པ་རུ་དྲངས། །ཐུགས་ཀྱིས་འདུལ་བ་རྣམས་ལ། ཐུགས་ཀྱི་མན་ངག་བྱིན་ནས་སྒྲུབ་པ་ཐུགས་ཀྱི་དཔེའུ་ཙེ་དྲངས་པས། 

1-5a

སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་ངན་སོང་ནས་མཐོ་རིས་སུ་བཏངས། འཁོར་བ་ནས་ཐར་པ་རུ་དྲངས། འཁོར་བའི་སེམས་ཅན་རྒྱ་ཆེ་གྲངས་མང་བས། སྐུ་གསུང་ཐུགས་ཀྱིས་དྲངས་ཀྱང་འདྲང་པར་མི་འགྱུར་པ་ཅི་ལགས། དེ་སྐད་ཅེས་ཞུས་སམ་གསོལ་པ་དང་། ཡེ་ཤེས་ཀྱི་ལྷ་ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན་གྱིས་བཀའ་སྩོལ་པ། གཏོ་རབས་སྲིད་པའི་བུ་སྐྱེས་བུ་ཆེན་པོ། ཚེ་སྔ་ཕྱི་དྲན་པ་དང་། ལས་དགེ་སྡིག་ཤེས་པ། གནས་མཐོ་དམན་རྟོགས་པ། འཁོར་བ་ལ་སྒྱིད་ལུག་ནས་ཞུས་པ་ལེགས་སོ། །སྐུས་དྲངས་པ་དང་།གསུང་གིས་དྲངས་པ་དང་། ཐུགས་ཀྱིས་དྲངས་པའི་སེམས་ཅན་རྣམས་ནི། སྔོན་ཚེ་བསྐལ་པ་དང་པོ་ནས་ལས་ཁྲེའུ་རུ་སྤྱད་པས། ཀུན་གཞི་ལ་ས་བོན་བཟང་པོ་ཡོད་པ། སེམས་ལ་རིག་པའི་རྩལ་ཡོད་པ། དེ་ལྟ་བུའི་སེམས་ཅན་རྣམས་རྐྱེན་སྟོན་པའི་བཀའ་དྲག་པོ་དང་འཕྲད་ནས། འཁོར་བ་ལས་ཐར་པ་ཐོབ་པ་དང་། སྡུག་བསྔལ་ལས་བདེ་གནས་རྙེད་པ་ནི་ཡོན་ཏན་དེ་ལྟར་ལགས་སོ། །སྟོན་པའི་སྐུ་དང་ངོ་བོ་ཉིད་ཀྱིས་ཞལ་མངོན་སུམ་དུ་བསྟན་ཀྱང་། མ་དྲངས་པའི་སེམས་ཅན་རྣམས་ནི། གཏོ་རབས་སྲིད་པའི་བུ་གཏོ་རྒྱལ་ཡེ་མཁྱེན་

1-5b

ལགས། དེ་རྣམས་ནི་ཤིན་ཏུ་འདྲོངས་དཀའ་བ་ལགས་སོ། །རབ་ཏུ་ཡང་འདྲོངས་དཀའ་ལགས་སོ། །སྔོན་ཚེ་བསྐལ་པ་དང་པོ་ནས། ལས་སྡིག་པ་ཅི་ཚུགས་སུ་སྤྱོད་སྤྱོད་པ། ཀུན་གཞི་ལ་དགེ་བའི་ས་བོན་ཏིལ་འབྲུ་ཙམ་ཡང་མེད་པ། དུག་ལྔ་ཁ་ཚང་བའི་ཐ་རམས་ཀྱིས་དམ་དུ་བསྡམས་པ་ཡིན་ཏེ། གཏོ་རྒྱལ་ཁྱོད་བོན་གྱི་བཀའ་བས། བདག་ལྷའི་ཐུགས་རྗེས་ཀྱང་ཟིན་ཅིང་འདྲོངས་པར་མི་གྱུར་ཏོ། །སེམས་ཅན་ལ་ལ་ཞིག་ནི་ཞེ་སྡང་མེ་ལྟར་འབར། སེམས་ཅན་ལ་ལ་ཞིག་ནི་འདོད་ཆགས་ཆུ་ལྟར་འཁོལ། སེམས་ཅན་ལ་ལ་ཞིག་ནི་གཏི་མུག་མུན་ལྟར་སྲོས། སེམས་ཅན་ལ་ལ་ཞིག་ནི་འཕྲག་དོག་ས་ལྟར་སྐྱེས། སེམས་ཅན་ལ་ལ་ཞིག་ནི་ང་རྒྱལ་རླུང་ལྟར་འཚུབ། སེམས་ཅན་ལ་ལ་ཞིག་ནི་རཀྴ་སྲིན་པོའི་རིགས། དེ་ལྟ་བུའི་རིགས་ལ་ཐར་པའི་རྒྱུ་མ་མཆིས། དཔེར་ན་ཉི་མའི་འོད་ཟེར་ཤར་ཀྱང་མུན་པའི་ཁང་པ་ནག །དེ་དང་མཚུངས་པར་སེམས་ཅན་དེའི་རིགས་ལ། ངེས་ཚིག་བསྟན་ཀྱང་མི་ཉན་སྐུར་པ་འདེབས། མི་དགེ་སྣ་ཚོགས་སྤྱད་ན་སེམས་ཅན་དམྱལ་བར་སྐྱེ། དྲངས་ཀྱང་མི་འདྲོངས་གཏོ་རྒྱལ་མི་འདྲོངས་ངེས། ངས་ཀྱང་སྙིང་རྗེ་ཆེན་པོ་བསྐྱེད་ནས། ཁམས་གསུམ་སེམས་ཅན་འདི་ལ་རབ་ཏུ་གདུངས། 

1-6a

ཆབ་ཀྱི་གྲམ་པ་ཙམ་ཞིག་ཡར་དྲངས་ཀྱང་། ཆང་འགག་སྦང་མ་ཙམ་ཞིག་མར་ལ་ལྷུང་། གནམ་གྱི་སྐར་མ་ཙམ་ཞིག་ཡར་དྲངས་ཀྱང་། རྩྭ་ཡི་མཆོག་མ་ཙམ་ཞིག་མར་ལ་ལུས། འཁོར་བ་འདི་ལ་གཏིང་ནས་སྒྱིད་པ་ལུག །རིགས་ཀྱི་བུ་གཏོ་རྒྱལ་སྐུ་གསུང་ཐུགས་ཀྱི་བསྟན་པ་རྫོགས་ནས་གྲུབ་པའི་གནས་བསྙེགས་རན། དེ་སྐད་ཅེས་ཡེ་ཤེས་ལྷའི་བཀའ་བསྩལ་ཏོ། །ཡང་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱིས། །གུང་དྲུག་ལྷ་རྩེ་སྲིད་པའི་ཡུལ་དུ་བྱོན། །སྔོན་བུ་གཡུ་རྩེ་ཤེལ་གྱི་མཁར་ནང་ན། །མུ་རྒྱུང་དཀར་པོ་བཞུགས་པའི་སྤྱན་ལམ་དུ། །པུས་བཙུགས་ཐལ་སྦྱར་ཞལ་ནས་འཛུམ་ཕྱུངས་ཏེ། །འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྲིད་པའི་རྒྱལ་པོ་ཡེ་མུ་རྒྱུང་དཀར་པོ་ལགས། བདག་ཀྱང་སེམས་ཅན་དོན་ལ་རབ་ཏུ་དགོངས། སྐུ་ཡི་སྤྲུལ་པས་བསྟན་པ་སྐུ་ཡི་དཔེར་ཙེ་གཟུགས་ཁམས་ལ་བསྟན། གསུང་གི་སྤྲུལ་པས་བསྒྲགས་པ་གསུང་གི་དཔེའུ་ཙེ་འདོད་ཁམས་ལ་བསྟན། ཐུགས་ཀྱི་སྤྲུལ་པས་སྒྲུབ་པ་ཐུགས་ཀྱི་དཔེའུ་ཙེ་གཟུགས་མེད་པའི་ཁམས་ལ་བསྟན། ཁམས་གསུམ་འཁོར་བའི་གནས་སུ། སྐུ་གསུང་ཐུགས་ཀྱི་བསྟན་པ་རྫོགས། ཁམས་གསུམ་ལས་ཀྱིས་འཁོར་བའི་སེམས་ཅན་ཉོན་མོངས་ཀུན། 

1-6b

དྲངས་པས་བདེ་བ་བས་ཀྱང་མ་དྲངས་སྡུག་པ་མང་། ཀྱེ་སྲིད་པའི་རྒྱལ་པོ་ཡེ་མུ་རྒྱུང་དཀར་པོ་ལགས། བསྟན་པ་གཅིག་ལ་གནས་པ་ལགས་ཀྱིས། ཐུགས་རྗེ་མ་ཆུང་དང་། ཁམས་གསུམ་སྟོང་པ་འདྲོངས་པའི་བོན་གཅིག་བདག་ལ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་ཏོ། །དེ་ལ་མུ་རྒྱུང་གིས་བཀའ་སྩལ་པ། གཏོ་རབས་སྲིད་པའི་བུ། གཏོ་རྒྱལ་ཡེ་མཁྱེན། དབང་པོ་ཤིན་ཏུ་གསལ་བ། ཤེས་རབ་རབ་ཏུ་དྭངས་པ། སྙིང་རྗེའི་སེམས་དང་ལྡན་པ། སྐྱེས་བུ་ཆེན་པོར་འཁྲུངས་པ། ཞུས་སམ་གསོལ་བ་ནི། ཤིན་ཏུ་ཡང་ལེགས་ཏེ། ཉིད་བས་ཀྱང་བདག་འགྲོ་བའི་དོན་ལ་རབ་ཏུ་དགོངས་པ་ཞིག་ལགས་སོ། །ཤིན་ཏུ་ཡང་དགོངས་པ་ཞིག་ལགས་ན། ཁམས་གསུམ་དྲངས་ནས་སྟོང་པའི་བོན་ནི་ཤིན་ཏུ་ཡང་མི་སྲིད་པ་ཞིག་ལགས་སོ། །རབ་ཏུ་ཡང་མི་སྲིད་པ་ཞིག་ལགས་སོ། །དེ་སྲིད་པའི་རྒྱུ་ལགས་ཏེ། སྟོན་པའི་ཐུགས་རྗེ་ནི་ཉི་མ་དང་འདྲ་སྟེ། ཀུན་ལ་སྙོམས་ཀྱང་སེམས་ཅན་མ་རིག་པ་ནི། བྲག་ཕུག་ཁ་བྱང་དུ་ལྟས་པ་དང་འདྲ་སྟེ། འཁོར་བའི་སེམས་ཅན་ནི་རྒྱུ་ངན། ཆགས་པའི་དུག་ལྔ་ནི་དབང་ཆེ། ཉོན་མོངས་པའི་འདོད་ཆགས་ཁ་དྲག་གོ། །དེའི་རང་བཞིན་གྱིས་ཉིད་བས་

1-7a

དུས་གསུམ་ཚང་བའི་སྟོན་པ་འཚོགས་ནས་དྲངས་ཀྱང་འདྲོངས་བར་མི་འགྱུར་རོ། །སྐུ་གསུང་ཐུགས་ཀྱིས་བསྟན་པ་རྫོགས་ནས་ཡང་དག་གྲུབ་པའི་གནས་སྙེག་རན།ངས་ཀྱང་སྲིད་གསུམ་སྐྱེ་ཞིང་འཆི་བའི་ཁམས་གསུམ་དུ། ལེགས་པར་སྲིད་པས་གཏན་ལ་ཕབ་ནས་སྲིད་ན། དཀར་བ་ནི་ནག་པར་སོང་། ཡོད་པ་ནི་མེད་པར་སོང་། གང་བ་ནི་སྟོང་པར་སོང་།བརྟན་པ་ནི་འགྱུར་བར་སོང་། ཆགས་པ་ནི་འཇིག་པར་སོང་། སྐྱེས་པ་ནི་འཆི་བར་སོང་། ཁམས་གསུམ་དད་སྐྱོ། སྲིད་གསུམ་ལ་ཡིད་བྱུང་། འཁོར་བ་ལ་སྒྱིད་ལུག་པས་བདག་ནི་འཇིག་རྟེན་གྱི་ཁམས་འདིར་སྲིད་པའི་རྒྱལ་པོར་མི་བགྱིད་དོ། །སྲིད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེར་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་ཐུགས་ལ་དགོངས་པས། ལྷ་དང་གཤེན་དང་སྲིད་པ་གསུམ།བསྟན་པ་གཅིག་ལ་གནས་པ་ལ། ལྷ་དང་སྲིད་པ་གཉིས་འཁོར་བ་ལ་སྒྱིད་ལུག །ཕྱིར་མི་འོང་བའི་འབྲས་བུ་ལ་འཁོར་བ་དང་མྱ་ངན་ལས་འདས་སོ། །སྔོན་དང་པོ་སློབ་དཔོན་དང་ཡབ་གཉིས་ཀྱི་ཞལ་ནས། ནམ་ཞིག་འཁོར་བའི་སེམས་ཅན་མི་འདུལ་ཙམ་ན། གྲུབ་པ་གཤེན་གྱི་གནས་མཆོག་སྙོགས་ལ་ཤོག་ཅིག་གསུངས་པ། དུས་ད་ལྟ་ཡིན་པར་ངེས། ད་

1-7b

བདག་ཀྱང་འགྲོ་བའི་དོན་སྤངས་ལ། འཁོར་བ་དང་མྱ་ངན་ལས་འདའ་བར་དགོངས་ནས། འདའ་ཀར་ཁམས་གསུམ་གྱི་སེམས་ཅན་ཐུགས་རྗེས་མ་འདྲོངས་ནས། སྡུག་ཅིང་སྦྱང་བ་རྣམས་ལ་ཞལ་གཟིགས་ཏེ། གདུང་ཞིང་བཤུམས་སོ། །ཤིན་ཏུ་ཡང་བཤུམས་སོ། །རབ་ཏུ་ཡང་བཤུམས་སོ། །དེ་ནས་བཤུམས་པའི་མཆི་མ་ཕྱག་གིས་ཕྱིས་ནས། ཞལ་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་ནི་འཁོར་བ་མྱ་ངན་འདའ། །འཁོར་བ་མྱ་ངན་འདས་འོག་ཏུ། །འགྲོ་བ་སེམས་ཅན་དྲང་སླད་དུ། །བར་གྱི་བསྐལ་པ་གཅིག་ལོན་ནས། །ཐུགས་རྗེ་ཅན་གྱི་སྟོན་པ་འབྱོན། །སྟོན་པ་དེ་བྱོན་པའི་དུས་ཙམ་ན། ཁམས་གསུམ་གྱི་སེམས་ཅན་སྡུག་པ་ཁྱེད་རྣམས་ཀྱང་། (དུས་དེར་)སྡུག་བསྔལ་ལས་བདེ་གནས་རྙེད་པར་ཤོག །འཁོར་བ་ལས་ཐར་པ་ཐོབ་པར་ཤོག །འཇིག་རྟེན་གྱི་ཁམས་འདི་ན་ཉོན་མོངས་པའི་ཤས་ཆུང་བ་དམུ་རྒྱལ་ཐེམ་པ་སྐས་དང་། ཕྱྭ་བཟའ་དང་འབྲང་མ་གཉིས་ཡིན་ཏེ། བདག་ནི་སྐུ་མྱ་ངན་ལས་འདས་ཀྱང་།གསུང་དུང་ཤོག་དཀར་པོ་ལ། གཡུ་རིས་སྔོན་པོས་བྲིས་ནས། འཇིག་རྟེན་གྱི་ཁམས་སུ་སྤེལ་བས་གསུང་མ་འདས་ཀྱིས། དེའི་རྗེས་སུ་སེམས་ཅན་རྣམས་ཀྱང་། གསུངས་རབས་ཀྱི་

1-8a

འབྲུ་རྟོགས་ལ་བསྟན་པ་སྲུངས་ཤིག །དགེ་བ་ནི་སྤེལ་ཅིག །སྡིག་པ་ནི་སྤོངས་ཤིག །གསུངས་ནས་སྐུ་འཁོར་བ་དང་མྱ་ངན་ལ་འདས་སོ། །དེ་ནས་མགོན་བཙུན་ཕྱྭའི་ཡུལ་དུ་གཅུང་པོ་གསལ་བ་ལ། འདི་སྐད་ཅེས་གསུངས་སོ། །བདག་གི་ཁམས་གསུམ་སེམས་ཅན་ལ། །སྟོངས་པ་ཙམ་ཞིག་ཡར་དྲངས་ཀྱང་། །གང་བ་ཙམ་ཞིག་མར་ལ་ལུས། །འཁོར་བ་ལ་སྒྱིད་ལུག་ནས། འཇིག་རྟེན་གྱི་ཁམས་ནས་མྱ་ངན་ལས་འདས་ནས་འོངས་པ་ཡིན། ད་ཉིད་འཇིག་རྟེན་གྱི་ཁམས་སུ་འགྲོ་བ་འདྲེན་པའི་སྟོན་པ་ལ། བར་གྱི་བསྐལ་པ་གཅིག་ལོན་ནས་འདུལ་བའི་དུས་ལ་བབ་པ་ཡིན། དེའི་དུས་སུ་གཤེགས་པར་འབྱུང་གསུངས་ནས་གཏོ་རྒྱལ་ཡང་། གྲུབ་པ་གཤེན་གྱི་གནས་མཆོག་དམ་པ་རུ། །འགྲོ་བ་འདུལ་བར་མི་བྱ་བའི་དོན་དུ་གཤེགས་པའོ། །སྔ་རབས་འདས་པའི་ལེའུ་སྟེ་གཅིག་པའོ།། །།