བོན་པོའི་བཀའ་འགྱུར།

Ⅴ ༄། །གཉིས་པ།

上一章
下一章
1-23a

གིས་འདུལ་བའི་དུས་ལ་བབ་ལགས་སམ། དུས་ལ་བབས་ན་འགྲོ་བ་ཇི་ལྟར་འདུལ། །རྗེ་གཅིག་ལྷ་ཡིས་ངེས་པར་བསྟན་ཏུ་གསོལ། །གཤེན་ལྷ་ཡིས་བཀའ་སྩལ་པ། རིགས་ཀྱི་བུ་ཞུས་སམ་གསོལ་པ་ནི། ཤིན་ཏུ་ཡང་ལེགས་སོ། །རབ་ཏུ་ཡང་ལེགས་སོ། །དུས་འདི་ལ་ལྷ་གཤེན་སྲིད་པ་གསུམ་གྱི་བསྟན་པ་འབྱུང་སྟེ། ལྷ་བདག་དང་། གཤེན་ཁྱོད་གཉིས། སྲིད་པ་སངས་པོ་འབུམ་ཁྲི་དང་གསུམ། ལས་ཀྱིས་བསྟན་པ་འབྱུང་བ་ཡིན་ཏེ། ངས་ནི་ལོངས་སྤྱོད་རྫོགས་པའི་སྐུ་བྱ་བ་ལས་མ་ཐོབ་པས། སྔོན་ཚེ་སྦྱངས་པའི་འཕྲོ་ཅན་བར་ལྷ་འོད་གསལ་བྱ་བ་ཡེ་གཤེན་གཡུང་དྲུང་སེམས་དཔའ། ཤེས་བྱའི་སྒྲིབ་པས་བསྒྲིབས་ནས། ས་མ་ཐོབ་པ་རྣམས་སྒྲིབ་པ་བསལ་ནས་ས་ཐོབ་པར་བྱ་བའི་འདྲེན་སྟོན་ཙམ་ལས་མི་ནུས་སོ། །ཉིད་ཀྱིས་ནི་ཅིར་ཡང་སྤྲུལ་པའི་སྐུ་བྱ་བ་ཐོབ་པ་ལགས་སོ། །དེ་ནི་ཤེས་བྱའི་སྒྲིབ་པ་བྱང་བས་སོ། །འདུལ་བའི་དུས་ཀྱང་འདི་ལགས་སོ། །ད་སྐྱེ་བ་ཡང་ལྷ་རིགས་འོད་དང་རྫུ་འཕྲུལ་དུ་སྐྱེ་བ་རྣམས་ལ་ཡང་མ་གཤེགས་ཤིག །ཡེང་པོ་ཁ་སངས་ཀྱི་སྲིད་པ་ལགས་ཏེ། ཤིན་ཏུ་འདུལ་བའི་རྒྱ་ཆུང་ལ། འཁོར་བའི་སེམས་ཅན་གདུལ་དཀའ་བས། སྐྱེ་བ་དེ་ལ་ཡང་མ་གཤེགས་ཤིག །བྱ་རིགས་སྒོ་ང་ལས་

1-23b

འཁྲུངས་པའི་སྐྱེ་བ་དེ་ལ་ཡང་མ་གཤེགས་ཤིག །སངས་པ་མུ་ཕྱོ་བྱ་བའི་སྲིད་པ་ལགས་ཏེ། ཤིན་ཏུ་སེམས་ཅན་འདུལ་དཀའ་ལ། རབ་ཏུ་ཐར་པ་ཐོབ་པ་དཀའ་བས། སྐྱེ་བ་དེ་ལ་ཡང་མ་གཤེགས་ཤིག །འབུ་རིགས་དྲོད་ལས་སྐྱེ་བ་སྐྱེ་བ་དེ་ལ་ཡང་མ་གཤེགས་ཤིག །འཐོན་པོ་སྐྱབས་མེད་ཀྱི་སྲིད་པ་ཡིན་ནོ། །ཤིན་ཏུ་གདུལ་དཀའ་ཞིང་ཐར་པ་ཐོབ་པ་ཉུང་ངོ་། །སྐྱེ་བ་རྣམ་པ་བཞི་ལས་ཁུངས་ཞིང་མཆོག་གཙང་བ། མི་ལུས་རིན་པོ་ཆེ་ལགས་ཏེ། ཐར་ལམ་གོ་འབྱེད་ཀྱི་སྲིད་པ་ཡིན་ནོ། །གཙང་མ་མི་རུ་སྐྱེ་བ་ལ་གཤེགས་ཤིག །རིགས་རྒྱལ་རིགས་ལྟ་བུའི་སྐུ་ལས་སྤྲུལ་ལ་གཤེགས་ཤིག །(དེ་ནི་དུས་)ད་ལྟ་རྒྱལ་རིགས་བཀའ་བཙན་པའི་ཕྱིར་རོ། །འགྲོ་བ་རིགས་དྲུག་ལ་ཡང་ལྷའི་ཡུལ་དུ་སྟོན་པ་ལ་མ་གཤེགས་ཤིག །ལྷ་རྣམས་ལོངས་སྤྱོད་ལ་གཡེངས་ནས། བསྟན་པའི་བོན་ལ་ཉན་དུ་མི་ཁོམ་པས་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་དཀའ་འོ། །ལྷ་མ་ཡིན་དུ་སྟོན་པ་ལ་མ་གཤེགས་ཤིག །ཁོ་འཕམ་དང་བདག་རྒྱལ་གྱི་སྡུག་བསྔལ་གྱིས་གཡེངས་ནས། བསྟན་པའི་བོན་ཉན་དུ་མི་ཁོམ་པས་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་དཀའ་འོ། །བྱོལ་སོང་གི་ཡུལ་དུ་སྟོན་པ་ལ་མ་གཤེགས་

1-24a

ཤིག །བྱོལ་སོང་རྣམས་ནི་གླེན་ལྐུགས་ཀྱིས་མྱོས་ནས་མུན་པའི་གཏིབས། གཅིག་གིས་གཅིག་(ཤ་)ཟ་བའི་སྡུག་བསྔལ་གྱིས་འཇིགས་ཤིང་འབྲོས། དེ་ལྟ་བུའི་སྡུག་བསྔལ་གྱིས་ཟིན་པས་བསྟན་པའི་བོན་ཉན་མི་ཁོམ་མོ། །ལས་འཕྲོ་ཅན་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་དཀའ་འོ། །ཡི་དྭགས་ཀྱི་ཡུལ་དུ་སྟོན་པ་ལ་མ་གཤེགས་ཤིག །ཡི་དྭགས་རྣམས་ནི་ཞེན་ཅིང་ཆགས་པའི་འདོད་པས་བརྒྱལ། བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་ནི་ཟིན། དེ་ལྟ་བུའི་སྡུག་བསྔལ་གྱིས་གདུང་པས་བསྟན་པའི་བོན་ཉན་དུ་མི་ཁོམ་མོ། །ལས་འཕྲོ་ཅན་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་དཀའོ། །དམྱལ་བའི་ཡུལ་དུ་སྟོན་པ་ལ་མ་གཤེགས་ཤིག །དམྱལ་བ་རྣམས་ནི་ཚ་གྲང་གི་བཙོ་སྲེག་དང་། སྡུག་བསྔལ་གྱིས་བཤའ་གཏུབ་དང་། བཀོལ་སྤྱད་ཀྱི་སྡུག་བསྔལ་གྱིས་བརྡུང་བཙོག་དང་། དེ་ལྟ་བུའི་སྡུག་བསྔལ་གྱིས་ཟིན་པས་ལས་འཕྲོ་ཅན་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་དཀའ་འོ། །འགྲོ་བ་རིགས་དྲུག་ལ་ཡང་མི་ཡི་ཡུལ་དུ་སྟོན་པ་ལ་གཤེགས་ཤིག །མི་རྣམས་ལ་ཡང་སྐད་གཅིག་མ་ཐ་མའི་སེམས་བསྐྱེད་ལེགས་པས་མི་ལུས་ནི་ཐོབ། སྔོན་དུ་སྡིག་པ་སྣ་ཚོགས་སྤྱད་པས་ཀུན་གཞི་ལ་

1-24b

དུག་ལྔ་ནི་སྨིན། སྟོན་པས་མི་འདུལ་བའི་མི་ཡང་ཡོད། སྔོན་ནས་དགེ་བཅུ་ཚད་མར་སྤྱད་སྤྱད་པ། མི་ལུས་དེ་ལས་ཐར་པ་ཐོབ་ཀ་མ། སྟོན་པས་འདུལ་མི་དགོས་པ་ཡང་ཡོད། སྡིག་པའི་སློབ་དཔོན་དང་འཕྲད་ནས་ལོག་པར་ཁྲིད་ནས་ངན་སོང་འཁོར་བར་སྐྱེ་ལ། དགེ་བའི་སློབ་དཔོན་དང་འཕྲད་ནས་ངེས་པའི་དོན་བསྟན་ནས་མཐོ་རིས་དང་ཐར་པ་ཐོབ་པའི་སེམས་ཅན་ནི་མང་བར་ཡོད་དོ། །སྤྱིར་ན་མི་རྣམས་ནི་མི་ཁོམ་པའི་འདུ་བྱེད་ཀྱིས་མ་ཟིན་པ་ལགས་པས་སྟོན་པའི་སྐུ་དེར་གཤེགས་ཤིག །བསྟན་པའི་བོན་དེར་སྤེལ་ཅིག །དེ་སྐད་ཅེས་བཀའ་སྩལ་ཏོ། །ཡང་སྲིད་པའི་ཁྱེའུ་གསལ་བས་ཞུས་སམ་གསོལ་པ། ཡེ་ཤེས་ལྷའི་སྟོན་པ་ལགས། སྡུག་བསྔལ་ནི་ངན་སོང་གསུམ་ཆེ་ན་མིའི་ཡུལ་དུ་གཤེགས་ཤིག་བགྱི་བ་ཅི་ལགས། དེ་སྐད་ཅེས་གསོལ་ལམ་ཞུས་པས། ཡང་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱིས་བཀའ་སྩལ་པ། སྲིད་པའི་ཁྱེའུས་ཞུས་པ་ནི་ལེགས་སོ། །སྡུག་བསྔལ་ཕྱི་མ་ཆེ་ཡང་མི་ལས་འདུལ་བར་འབྱུང་།མི་ལ་མི་ཁོམ་པའི་སྡུག་བསྔལ་མེད། དཔེར་ནས་འགྲོ་བ་རིགས་དྲུག་སེམས་ཅན་ནི། ཟོ་ཆུའི་རྒྱུད་མ་བཞིན་དུ་གཅིག་ནས་གཅིག་ཏུ་འཕོ། མི་རུ་སྐྱེ་བའི་འཁོར་བ་རྒྱུན་བཅད་ནས། ཐར་

1-25a

པ་བདེ་བའི་གནས་སུ་སྐྱེ་གྱུར་ན། དཔེར་ན་ཆུ་རྐ་གོང་དུ་བསྒྱུར་ན་འོག་ཏུ་མི་འབབ་པ་དང་འདྲ་སྟེ། སེམས་ཅན་དམྱལ་བ་རྣམས་ཀྱང་རྒྱུན་འཆད་པར་འགྱུར་རོ། །སེམས་ཅན་ཡི་དྭགས་རྣམས་ཀྱང་རྒྱུན་འཆད་པར་འགྱུར་རོ། །སེམས་ཅན་བྱོལ་སོང་རྣམས་ཀྱང་རྒྱུན་ཆད་པར་འགྱུར་རོ། །སེམས་ཅན་ལྷ་མ་ཡིན་རྣམས་ཀྱང་རྒྱུན་ཆད་པར་འགྱུར་རོ། །སེམས་ཅན་ལྷ་རྣམས་ཀྱང་རྒྱུན་འཆད་པར་འགྱུར་རོ། །དེ་རྣམས་རྒྱུན་ཆད་པ་ནི་ཤིན་ཏུ་ཡང་དཀའ་སྟེ་མི་སྲིད་དོ། །དེ་སྐད་ཅེས་བཀའ་སྩལ་པས། དེར་ལོངས་སྤྱོད་རྫོགས་པའི་བྱིན་གྱི་བརླབས་ཀྱིས། ཐབས་དང་ཤེས་རབ་སྦྲེལ་ནས་སེམས་ཅན་དོན་དུ་དགོངས་པའི་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིས་གསོལ་པ། ལྷ་དང་གཤེན་དང་སྲིད་པ་གསུམ། །བསྟན་པ་གཅིག་ལ་འབྱུང་བ་ལ། །ཁམས་གསུམ་སེམས་ཅན་དྲང་སླད་དུ། །གདུལ་བའི་ཞིང་ཁམས་སྟོང་གསུམ་སྟོང་འདི་ཡིན། །སྤྲུལ་སྐུ་མང་པོར་ཕྱུང་ལ་འགྲོ་བའི་དོན་བགྱིས་སྐད། །སྲིད་པས་སྤྲུལ་པའི་སྐུ་ཕྱུང་བ་སྲས་ཕོ་དགུ་མོ་དགུ་དང་། ཕོ་བཅོ་བརྒྱད་མོ་བཅོ་བརྒྱད་དང་། དེ་ཕན་ཆོད་ཐུགས་རྗེའི་སྤྲུལ་པའི་སྲིད་པ་བསམ་དུ་མེད་པ་སྲིད་ནས། འཁོར་བའི་སེམས་ཅན་ཞིག་པ་ལས་ནི་ཆགས་པར་སྲིད། སྡུག་པ་ལས་ནི་སྐྱིད་པར་སྲིད། མེད་པ་ལས་ཡོད་པར་སྲིད། ནག་པ་

1-25b

ལས་ནི་དཀར་བར་སྲིད། དེ་ལྟ་བུའི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས་སྟོང་གསུམ་གྱི་སྟོང་འདི་ན། སེམས་ཅན་གྱི་དོན་དུ་སྲིད་པ་མཛད་ཅིང་རྒྱུད་སྤེལ་ལོ། །ལྷ་ཡིས་ཀྱང་སྤྲུལ་པ་ཕྱུང་བ་ཐུགས་རྗེ་སྤྲུལ་པའི་ལྷ་རུ་བཞི་དང་དབལ་ཚོགས་འདར་གསས་དང་འཐོར་གསས་ལྷ་འཁོར་དང་། སྨན་འཁོར་བསམ་དུ་མེད་པ་ཞིག་སྤྲུལ་ནས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བར་དུ་གཅོད་བའི་བདུད་དང་རྐྱེན་གྱིས་བསླངས་ནས་གནོད་པའི་གནོད་སྦྱིན་རྣམས་གདུལ་ཞིང་ཟློག་གོ། །གཤེན་གྱི་སྤྲུལ་པ་ཕྱུང་བ་ཡ་ཀིའི་དབུའི་ལྕང་ལོ་ནས། མ་ཀི་ཞབས་ཀྱི་ལོང་བུ་ཡན་ཆད་དུ་འོད་ཟེར་བྱེ་བ་འབུམ་ཕྲག་ཕྱུང་ནས། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་སུ་ཐུགས་རྗེ་སྤྲུལ་པའི་གཤེན། འདུལ་བའི་གཤེན་དྲུག་བྱེ་བ་ཕྲག་བརྒྱ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ན་སྟོན་པ་མཛད་དོ། །བསྟན་པ་སྤེལ་ལོ། །ཁ་ལོ་བསྒྱུར་རོ། །འགྲོ་བ་འདྲེན་ནོ། །སྲིད་པའི་ཁྱེའུ་གསལ་བ་དེ་ཡེ་ཤེས་ལྷའི་སྟོན་པ་ཡིས། ཤེས་བྱའི་སྒྲིབ་པ་བྱང་པ་ཡིས། ཐོགས་མེད་སྤྲུལ་པའི་སྐུར་གྱུར་ཏོ། །སྔོན་གྱི་སྨོན་ལམ་དབང་བཙན་པས། དེ་ནས་མིའི་ཡུལ་དུ་སྟོན་པ་ལ་གཤེགས་སོ། །ལམ་དུ་བར་ལྷ་འོད་གསལ་གྱི་ཡུལ་དུ་གཤེགས་སོ། །ཡེ་གཤེན་གཡུང་དྲུང་སེམས་དཔའ་ས་མ་ཐོབ་

1-26a

པ་རྣམས་ཀྱིས་མདུན་ནས་བསུ་སྟེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྐྱེས་བུ་ཆེན་པོ་མི་དང་ལྷའི་སྟོན་པ་ཞིག་ལགས་པར་ངེས། ནང་གི་བཅུད་བརྟགས་པས་བསམ་པ་བཟང་པོ་བཙོ་མའི་གསེར་དང་འདྲ་བ་ཞིག་གདའ་འོ། །འདེགས་པའི་ཤོང་ཡངས་ནི་རིན་ཆེན་ས་གཞིའི་སྟོབས་འདྲ་བ་ཞིག་གདའ་འོ། །སྙོམས་པའི་ཐུགས་རྗེ་ནི་ཉི་མའི་ཟེར་འདྲ་བ་ཞིག་གདའ་འོ། །ལྷག་པའི་མངོན་ཤེས་ནི་ཟླ་བ་ཚེས་པ་འདྲ་བ་ཞིག་གདའ་འོ། །(བྱང་) བྱམས་པའི་སེམས་ཉིད་ནི་ནམ་མཁའི་ངོགས་འདྲ་བ་ཞིག་གདའ་འོ། །ཤིན་ཏུ་ནང་གི་བཅུད་བཟང་བ་ཞིག་གདའ་འོ། །ཕྱིའི་ཡུལ་བརྟགས་པས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་གཅིག་ནི་སྐུ་ལུས་ལས་ལྗོན་ཤིང་བཞིན་དུ་སྐྱེས་པ་ཞིག་གདའ་འོ། །ཤིན་ཏུ་ངོ་མཚར་ཆེ་བ་ཞིག་གདའ་འོ། །དེ་སྐད་ཅེས་ཞུས་ནས། ལ་ལས་ནི་བསྐོར་བ་བྱས། ལ་ལས་ལྷ་ཕྱག་བཙལ། ལ་ལས་མེ་ཏོག་གཏོར། སྟོན་པའི་ཞལ་མངོན་སུམ་དུ་མཐོང་ནས། གུས་པས་ཕྱག་བཙལ་བའི་ཡོན་ཏན་གྱིས། ཤེས་བྱའི་སྒྲིབ་པ་བྱང་ནས། སྐད་གཅིག་མ་གཅིག་ལ་འཁོར་བ་ལས་ཐར་པ་ཆེན་པོ་ཐོབ་བོ། །འགྲོ་བའི་དོན་ལ་མོས་པ་རྣམས་ནི། དེ་ནས་སྟོན་པའི་

1-26b

འཁོར་དང་པོ་རུ་སྟོན་པའི་ཕྱི་བཞིན་དུ་ཆས་པ། ནམ་མཁའི་བ་དན་ཅན་དང་། ཁྱུང་གི་རུ་མཚོན་ཅན་དང་། རྨ་བྱའི་ལྡེམ་རྒྱངས་ཅན་དང་། རྒོད་ཀྱི་འཕར་འདབ་ཅན་དང་།ཟོ་བོ་སྦར་ཤད་ཅན་དང་། དབལ་སོ་མདུང་རྩེ་ཅན་དང་། གསས་མདའ་དུང་དབྱུག་ཅན་དང་། རྔ་སྟོང་རི་ཆེམ་པ་ཅན་དང་། གཤང་ཁྲི་ལོ་གནམ་གྲགས་ཅན་དང་། དུང་འཕར་པོ་འཕར་ཆུང་ཅན་དང་། གཤེན་ཡང་རྒྱལ་འབྲུག་སླག་ཅན་དང་། ཆེ་རྒྱལ་རྒོད་ཞུ་ཅན་དང་། གཅོད་པའི་ཁྲ་སླག་ཅན་དང་། བདུད་རྩིའི་ཆར་སླག་ཅན་དང་། (དྲག་པོའི་དབལ་སླག་ཅན་དང་།) དེ་རྣམས་ནི་འཁོར་དང་པོ་རུ་ཆས་སོ། །དང་པོ་བ་ནི་སྔོན་གྱི་སྨོན་ལམ་འགྲོ་བའི་དོན་ལ་བཏབ་པས་ཆས་པའོ། །གཤེན་རབ་ཀྱི་འཁོར་དབུ་མ་རུ་དབལ་བོན་རོམ་པོ། ཡོགས་བོན་གཏོ་རྒྱལ། ཁྲིན་བོན་ཕྱྭ་སངས། གཉེར་བོན་གཏོ་ཆེན། འོ་བོན་འབྲང་ཟུ། འཚམས་བོན་ཡོ་ཀྲུ། བདུད་བོན་ཆུ་ལྕགས། དམུ་བོན་ཡེའུ་ཐན། (ཐེའུ་ཏན།) བཙན་བོན་མཚལ་ལྕགས། སྲིད་བོན་མུ་ཆོ།སྐོས་བོན་གཙུག་སྲས། ཕྱྭ་བོན་ཐེའུ་ལེག །ལྷ་བོན་ཐོད་དཀར། ཟླ་བོན་ཚེས་པ། ཉི་བོན་དྲང་མ། སྐར་བོན་གདང་བཀྲ། སྲིན་བོན་བ་ཐུལ། འཇའ་བོན་ཀུན་ཏ། (གུང་ཏང་།) དལ་བོན་དབུ་དཀར།