བོན་པོའི་བཀའ་འགྱུར།

Ⅵ ལྷ་མོ་སུམ་བརྒྱ་ལ་ཕྱག་བཙལ་བའི་ལེའུ།

上一章
下一章
1-27a

ཟེར་བོན་གདང་སྙན། ལོ་བོན་གཏོ་ཆེན། རྫི་བོན་ངར་གྲུ། (ངང་དྲུག །) དེ་རྣམས་ནི་གཤེན་རབ་ཀྱི་འཁོར་འབྲིང་པོ་རུ་ཆས་སོ། །འབྲིང་པོ་བ་ནི་སྟོན་པས་འགྲོ་བའི་དོན་དུ་སྲིད་པར་བསྐྱེད་ནས་ཆས་སོ། །འཁོར་ཐ་མ་ལ་བསྐྱེད་བོན་གཡར་སྙན་དང་། (དབྱར་སྙན།) གཉན་བོན་ཐང་ཐང་དང་། རྒྱལ་བོན་བོངས་སོ་དང་། སྨན་བོན་འབྲིང་དང་། (འབྲིམ་ཏང་།) དང་། གཟེད་བོན་ལ་ཚ་དང་། སྲི་བོན་ཡ་ངལ།འདྲེ་བོན་གླུད་(ཀླུ་)དབོན་གྱེར་མཁས་དང་། སྲིན་བོན་མུ་འཕན་པེའུ་དང་། (མུན་པ་ཕེའུ་ར།) བྱུར་བོན་ལི་བྱིན་སྣ་བོན་དང་། གཤིན་རྗེའི་བོན་པོ་སྟེ་བོན་བྱོན་ཁྲི་དང་། ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་དང་། དེ་རྣམས་ནི་འཁོར་ཐ་མ་ལགས་སོ། །ཐ་མ་བ་ནི་གཤེན་རབ་ཀྱི་ཐུགས་རྗེ་དང་སྤྲུལ་པ་དང་། བྱིན་རླབས་དང་འོད་ཟེར་ལས་སྲིད་ནས་འགྲོ་བའི་དོན་དུ་སྟོན་པའི་སྒྲོན་མར་གཤེགས་སོ། །དེ་ནས་རི་རབ་ཀྱི་རྩེ་མོ་ལ་བྱོན། འཁོར་རྣམ་པ་གསུམ་དང་། མི་ཡུལ་གླིང་བཞི་ལ་གཟིགས་ནས། དགོངས་ཚད་རྣམ་པ་ལྔ་ཐུགས་ལས་ཕྱུང་ནས། ཡུལ་རྒྱ་ཆེ་ཞིང་གླིང་གྲངས་མང་ན་ཡང་།ལྷོའི་འཛམ་བུ་གླིང་སོག་ཀ་སྣོད་ཀྱི་འཇིག་རྟེན་འོལ་མོ་ལུང་རིང་ལ་གཟིགས་ནས་བྱོན། དེ་ཅིའི་ཕྱིར་བྱོན་ན། གླིང་ཕྱི་མ་ནི་མཐོ་རིས་སུ་འགྲོ་བའི་དགེ་བ་མེད། ངན་སོང་དུ་ལྟུང་བའི་

1-27b

སྡིག་པ་མེད། སྟོན་པའི་བསྟན་པ་མི་འཕེལ་བའི་གླིང་ཡིན་ནོ། །ཁོང་དག་གི་ཚེ་ནམ་ཟད་ཙམ་ན་ལས་ཀྱི་དབང་གིས་བཟོད་(སྡོད་)འཕེན་ནོ། །སྨོན་ལམ་ནི་ལྷོའི་སོགས་ཀར་འདེབས་སོ། །ལྷོའི་འཛམ་བུ་གླིང་ན་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་ཐར་པ་ཐོབ། དགེ་བཅུའི་སྒོར་ཞུགས་ན་མཐོ་རིས་སུ་སྐྱེ། མཚམས་མེད་པ་ལྔ་སྤྱད་ན་མནར་མེད་པར་སྦྱོང་། སྡིག་པ་བཅུའི་སྒོར་ཞུགས་ན་ངན་སོང་དུ་སྐྱེ། སྟོན་པའི་ཐུགས་རྗེས་སེམས་ཅན་ཁ་ལོ་བསྒྱུར་སླ་བས་(དགོངས་ནས་)བྱོན་ནོ། །མཁར་མང་ན་ཡང་བར་པོ་སོ་བརྒྱད་ལ་དགོངས་ནས་བྱོན། དེ་ཅིའི་ཕྱིར་དགོངས་ན། མཁར་སླད་མ་ནི་ས་རྡོ་དང་རྩི་ཤིང་ལས་བརྩེགས་པ་ཡིན་པས་བཞུགས་པས་ཉམས་མི་དགྱེས། བར་པོ་སོ་བརྒྱད་ནི་རིན་པོ་ཆེ་འབར་བའི་མཁར་ཡིན་པས་བཞུགས་པར་དགེས་ལ་དགོངས་པར་ཡིད་སྤྲོ་བས་དགོངས་ནས་བྱོན་ནོ། །ནོར་ལ་དགོངས་པ་ན་རིན་པོ་ཆེའི་གཏེར་ལ་དགོངས་ནས་བྱོན། ཅིའི་ཕྱིར་དགོངས་ན་ནོར་ཕྱི་མ་ནི་ཟད་པ་དང་། ཤི་བ་དང་སྟོར་བ་ཅན་ཡིན་ནོ། །རིན་པོ་ཆེའི་གཏེར་ནི་ནོར་གྱི་ལྷ་ཨརྱ་འཛམ་བྷ་ལ་བྱ་བ་བཞུགས་པས་དེ་ལྟ་བུ་མི་སྲིད་པས་བྱོན་ནོ། །ཡབ་ལ་དགོངས་ན། མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་ལ་དགོངས་ནས་བྱོན། དེ་ཅིའི་

1-28a

ཕྱིར་དགོངས་ན་ཡབ་ཕྱི་མ་ནི་ཇི་ལྟ་བུ་ལ་ཡང་རྒྱུ་དུག་ལྔའི་ཤས་ཀུན་གཞི་ལ་ཡོད་ན། མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་ལ་ཉོན་མོངས་པའི་ཤས་མེད་པ་དང་། རིགས་རྒྱལ་རིགས་དྲ་མ་ཆེན་པོ་ཡིན་པ་དང་། སྔོན་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ཀྱང་སྐུ་འཁོར་བ་དང་མྱ་ངན་ལས་འདའ་བའི་དུས་ན། མེས་པོ་དམུ་རྒྱལ་ལ་ཞལ་ཆེམས་བཞག་པའི་རྗེས་ཡིན་པས་ཀྱང་དགོངས་ནས་བྱོན་ནོ། །ཡུམ་ལ་དགོངས་ན་མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་མ་ལ་དགོངས་ནས་བྱོན། དེ་ཅིའི་ཕྱིར་དགོངས་ན་ཡུམ་ཕྱི་མ་ལ་ནི་ཇི་ལྟ་བུ་ལ་ཡང་རྒྱུ་དུག་ལྔའི་ཤས་ཡོད་ན། མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་ནི། ལྷ་མོའི་སྐུ་ཡིན་པས་རྒྱུ་ལྔའི་ཤས་ཏིལ་གྱི་འབྲས་བུ་ཙམ་ཡང་མེད་ལ། སྙིང་རྗེའི་སེམས་དང་ལྡན་པ་བྱམས་པ་ཆེན་པོ་མཛད་པས་དགོངས་ནས་བྱོན་ནོ། །དེ་ནས་སྟོན་པས་བྱོན་ཀར་རི་རབ་རིའི་རྩེ་མོ་ལ། གསས་མཁར་ལྷ་རྩེ་དགུང་ནམ་བཞེངས་ནས། འཁོར་རྣམ་པ་གསུམ་ལ་བཀའ་སྩལ་པ། ང་འཇིག་རྟེན་མིའི་ཡུལ་དུ་སྟོན་པའི་སྒྲོན་མ་ལ་འགྲོ་ཡིས། རྒྱལ་པོའི་སྲས་སུ་སྐྱེ་བ་ནམ་བཞེས་ཙམ་ན། ཁྱོད་རྣམས་ཀྱང་ནམ་མཁའ་ལས་ཆར་བཞིན་དུ་བོབས་ཤིག །ས་གཞི་ལས་

1-28b

རྩི་བཞིན་དུ་འཁྲུངས་ལ། འཕྲུལ་ངག་བདེན་པའི་བོན་གྱི་བསྟན་པ་དེར་སྤེལ་ཅིག་གྱིས་ཉན་དུ་ཤོག་ཅིག །རི་རབ་ལ་གནས་པའི་དཔལ་གྱི་ལྷ་ཚངས་པ་དང་། བརྒྱ་བྱིན་དང་། གཡུང་དྲུང་གི་ལྷ་ཆེན་པོ་ཆེ་བཞི་དང་། རྫུ་འཕྲུལ་གྱི་ལྷ་ལྷེའུ་རྗེ་མཆེད་བདུན། སྲིད་པའི་ལྷ་རྒྱལ་པོ་ཆེན་པོ་བཞི། རོལ་མཚོའི་ཀླུ་དང་། ནམ་མཁའི་གཟའ་སྐར་ཚུན་ཆད་འདུས་ནས་བསྐོར་བ་བྱས།ལྷ་ཕྱག་བཙལ། མེ་ཏོག་ཕུལ་ནས་རི་རབ་ཀྱི་རྩེ་ལ་བཞུགས་པར་ཞུས་ན། སྟོན་པས་བཀའ་སྩལ་པ། བདག་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱི་བཀའ་བཅག་མི་རུང་བས། མིའི་ཡུལ་དུ་སྐྱེ་བ་བཞེས་ནས་བསྟན་པ་སྤེལ་བས། ནམ་བདག་སྐྱེ་པའི་དུས་སུ་ཁྱོད་རྣམས་ཀྱང་ནམ་མཁའ་ནས་ཆར་བཞིན་དུ་བོབས་ལ། བསྟན་པ་ལ་ཉན་དུ་ཤོག་ཅིག་གསུངས་སོ། །དེ་རྣམས་ནི་སྟོན་པའི་ཕོ་ཉའི་འགྱེད་འཁོར་ཡ་ཏའོ། །དེ་ནས་འོད་དཀར་པོ་མདའ་གང་བ་ཞིག་ཏུ་སྤྲུལ་ནས། འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་ཀྱི་གླིང་། ཆུ་བོ་བཞི་འདུས་ཀྱི་འགོ་བོ།ལྷོའི་འཛམ་བུ་གླིང་གི་མིག་འོལ་མོ་ལུང་རིང་། མཁར་བར་པོ་སོ་བརྒྱད་ཀྱི་ནང་ན། ཡབ་རྒྱལ་བོན་ཐོད་དཀར་གཟིམས་པའི་སྤྱི་བོའི་གཙུག་ཏུ་བབས། བབས་པའི་དུས་དེར་ཡབ་ཀྱི་

1-29a

རྨི་ལམ་ན། ཡི་གེ་ཨ་དཀར་པོ་འོད་དང་ལྡན་པ་ཞིག་སྤྱི་བོར་བབས་ནས་སྐུ་ལ་ཐིམ་པ་ཡིས། སྐུ་ལས་འོད་འཕྲོས་སྟོང་གསུམ་གསལ་བ་རྨིས། སད་ནས་ཤིན་ཏུ་སྐུ་བདེ་ཡིན་ཀྱང་རབ་ཏུ་སྤྲོ། དངོས་གྲུབ་མཆོག་ཏུ་དགོངས་ནས་ཤིན་ཏུ་ཡོ་ལ་གསངས། འོད་ལས་ཟེར་འཕྲོས་པས། ཟེར་དམར་པོ་འཕང་ཙམ་ཞིག་ཡུམ་ཡོ་ཕྱི་རྒྱལ་བཞད་ཀྱི་སྤྱི་བོར་བབས་སོ། །བབས་པའི་དུས་དེར་ཡུམ་གྱི་རྨི་ལམ་ན། ཡི་གེ་ཧ་དམར་པོ་འོད་དང་ལྡན་པ་ཞིག །སྤྱི་བོར་བབས་ནས་སྐུ་ལ་ཐིམ་པ་ཡིས། །སྐུ་ལས་སྒྲོན་ཤར་སྟོང་གསུམ་གསལ་བ་རྨིས། །སད་ནས་སྐུ་བདེ་ཡིད་ཀྱང་རབ་ཏུ་སྤྲོ། །དངོས་གྲུབ་མཆོག་ཏུ་དགོངས་ནས་ཤིན་ཏུ་ཡོ་ལ་གསངས། །འོད་ལས་ཟེར་འཕྲོས་པ་དེ་སེམས་ལས་ཡིད་སྤྲུལ་པ་ལགས་སོ། །སེམས་བྱ་བ་པོ་ཀུན་ཏུ་བཟང་པོ་དང་། ཡིད་བྱེད་པ་པོ་ཀུན་ཏུ་བཟང་མོ་ཞེས་ཀྱང་དེ་བྱའོ། །དེ་ནས་འོད་དཀར་པོ་མདའ་ཙམ་དེ། ཡབ་ཀྱི་སྤྱི་བོའི་གཙུག་རུམ་ནས། ཀླད་པ་དུང་གི་རྒྱ་མཚོར་གཤེགས་སོ། །དེ་ནས་ཚིགས་པ་གཡུང་དྲུང་གི་ཐེམ་སྐས་ལས་བབས། རྒྱུང་པ་འདྲེན་པའི་ཆུ་བོ་ལ་ཞོན་ནས། ཡབ་ཀྱི་སྟ་ལ་གཤེགས་སོ། །དེ་ནས་ཟེར་དམར་པོ་འཕང་ཙམ་དེ་ཡུམ་གྱི་སྤྱི་བོའི་གཙུག་རུམ་ནས། ཀླད་པ་

1-29b

དུང་གི་རྒྱ་མཚོ་ནང་དུ་གཤེགས་སོ། །དེ་ནས་སྙིང་མཆོང་རི་སྨུག་པོའི་རྩ་བ་དང་། གློ་བ་པདྨ་འདབ་བརྒྱད་པའི་ཚང་ཚིང་དང་། སྲོག་གི་རྩ་བ་ལམ་གྱི་མདོར་བབས་སོ། །སྲོག་རྩ་བའི་སྦུ་གུ་ཁྲིད་ནས། ཡུམ་གྱི་མངལ་དུ་གཤེགས་སོ། །དེ་ནས་ཡབ་ཀྱི་སྟ་ལ་སེམས་ཀྱི་རྒྱུ། ཤེལ་ཀང་ཀ་རི་དཀར་པོ་བཅག་པ་འདྲ་བ། ཡུམ་གྱི་མངལ་ན་ཡིད་ཀྱི་རྒྱུ། འཚལ་དམར་པོ་ཙ་ཏི་ལ་སྦྱངས་པ་འདྲ་བ། དེ་གཉིས་འདྲེས་པ་ཙམ་ན། སེམས་ཉིད་ནི་འོད་རྩེ་མོ་དཀར་བ། རྩ་བ་དམར་བ། དཀྱིལ་ལྗང་བ། མོ་ཁབ་སྒྲེང་པ་ཙམ་ཞིག །སྔོན་གྱི་ལས་ཀྱི་ཐུགས་མཐུན་པས།དཀར་དམར་འདྲེས་པའི་ནང་དུ། ལས་སྦྱོར་བའི་རླུང་གིས་དེད་ནས། རྒྱ་མཚོའི་ཉ་དོ་(རྡོ་)ལ་འཁྲིས་པ་བཞིན་དུ་རིལ་གྱིས་སོང་ངོ་། །སེམས་དང་ལུས་གཉིས་དང་པོ་ལས་ཀྱིས་དེ་ལྟར་འཕྲད་དོ། །དེ་ནས་དགུང་ཞག་བདུན་ཅིག་ལོན་ཙམ་ན། སེམས་ཀྱང་བརྒྱལ་ཞིང་གན་ནོ། །ལུས་ཀྱང་ནུར་ནུར་པོར་ཆགས་སོ། །དགུང་ཞག་བདུན་གཉིས་(ལོན་)ཙམ་ན། སེམས་ཀྱང་རབ་ཏུ་སྔངས་ནས་འཕྲས་པས་ཆུ་ནུར་ནུར་པོ། ཕྱོགས་བཞི་དབུས་དང་ལྔར་དྲངས་སོ། །ལུས་ཀྱང་འདྲེས་ནས་ནལ་ནལ་པོར་ཆགས་སོ། །དེ་ནས་དགུང་ཞག་བདུན་གསུམ་ལོན་ཙམ་ན། སེམས་ཀྱང་འདར་ནས་འཕྲིག་

1-30a

ཅིང་འགུལ་བས། ལྗོན་ཤིང་ལས་ཡལ་ག་གྱེས་པ་བཞིན་དུ། རྩ་ཆེན་པོ་ལྔ་ཕྱོགས་བཞི་དབུས་དང་ལྔར་གྱེས་སོ། །ལུས་ཀྱང་ལྟར་ལྟར་པོར་ཆགས་སོ། །དེ་ནས་སེམས་ཀྱང་མངལ་དུ་དུལ་ནས་མྱོས་ཤིང་འཐིབས་སོ། །དེ་ནས་དགུང་ཞག་བདུན་བཞི་ཉི་ཤུ་རྩ་བརྒྱད་ལ། ལྷན་གཅིག་སྐྱེས་པའི་ལྷས་དབང་དུ་བྱས་ནས་འཐིབས་སོ། །དེ་ནས་ཞག་གསུམ་བཅུ་ལོན་ཙམ་ན། ལྷན་གཅིག་སྐྱེས་པའི་འདྲེས་དབང་བྱས་ནས་མྱོས་སོ། །དེ་ལྟར་སེམས་མྱོས་ཤིང་འཐིབས་པས། དགུང་ཟླ་གཅིག་གི་བར་དུ་ལུས་ཀྱང་ཁད་ཀྱིས་གོར་གོར་པོར་ཆགས་སོ། །བར་དེར་མ་ཡང་མགོ་ན་ཞིང་སྐྱུག་བྲོའོ། །དེ་ནས་དགུང་ཟླ་གཉིས་ལོན་ཙམ་ན། སེམས་ཀྱང་མྱོས་པ་སངས་ཏེ། འཕྲས་ཤིང་འགུལ་བས་རྩ་རྣམས་ཀྱང་དར་ཅིང་རྒྱས་པར་གྱུར་རོ། །འབྱུང་བ་མེ་ཆུ་ས་རླུང་ནམ་མཁའ་ལྔ་ཡི་རྟེན་ཡང་དེ་ཡིན་ནོ། །ལུས་ཀྱང་དགུང་ཟླ་གཉིས་ཀྱི་བར་དུ་ཕྱིའི་པགས་པ་ཆགས་སོ། །པགས་པའི་མདོ་འདུས་པ་ལྟེ་བར་ཆགས་སོ། །ལྟེ་བའི་དཀྱིལ་དུ་བུ་ཡིས་སྲོག་ཐག་དང་མའི་སྙིང་ཐག་གཉིས་འབྲེལ་ལོ། །རྒྱུ་རྟེན་འབྲེལ་གྱིས་དེ་ལ་བྱའོ། །ལྟེ་བ་ལས་རྩ་གསུམ་གྱེས་ཏེ། གོང་འོག་བར་དང་གསུམ་དུ་སོང་ངོ་། །དེ་ལྟར་གཟུགས་

1-30b

ཕུང་ལ་ལྟེ་བ་ཆགས་པ་སྔའོ། །དེ་ནས་དགུང་ཟླ་གསུམ་གྱི་ངོ་མཐོང་ནས། ཕྱིའི་པགས་པས་སེམས་ཀྱིས་ཀྱང་འཕྲ་མ་ནུས་སོ། །ལུས་ཀྱང་ཡན་ལག་བཞི་མགོ་བོ་དང་ལྔ་པགས་པས་བཏུམས་སོ། །མ་ཡང་ཤ་འདོད་ཅིང་སྒྱིད་སྐྱུར་རོ། །དེ་ནས་དགུང་ཟླ་བཞིའི་ངོ་མཐོང་ནས། པགས་པའི་འོག་ཏུ་ཆུ་ཐུམ་གྱི་ནང་ན། སེམས་ཀྱང་ཉ་བཞིན་དུ་འཕྱོ་ཞིང་འགྱུར་ནུས་སོ། །བར་དེར་ལུས་ཀྱི་རུས་པ་ལ་ཆགས་པ་སྔ་བ། སྒལ་པའི་གཞུང་ཤིང་རྣམས་ཡིན། དེ་ནས་རྩིབ་མའི་གུར་དང་ཡན་ལག་གི་ལྷུ་དང་། ཀླད་པའི་བུམ་པ་རྣམས་ཆགས་སོ། །དེ་ནས་ལུས་པོ་རྩ་ཆེན་པོ་བཞི་ཡིས་བསྡུས་ནས། འབྱུང་བ་བཞི་གཅིག་ཏུ་འཕུངས་སོ། །དེ་ནས་བཞི་བསྡུས་ཀྱི་ཕུང་པོར་ཐོགས་སོ། །འབྱུང་བ་བཞི་ལ་ཡང་རླུང་གིས་སྤྱིར་ཕུང་པོ་ལ་ཁྱབ་པ་གནས་ཀྱང་། རྟེན་ཅིང་འདེགས་པའི་རླུང་གིས་བུས་སོ། །དེ་ནས་དགུང་ཟླ་ངོ་ལྔ་ལོན་ནས། མ་ཡང་ཉམས་ཆུང་ཞིང་སྐྱུར་འདོད་དོ། །བུའི་སེམས་ཀྱང་འབྱུང་བ་ཆེན་པོ་བཞིས་བགོས་པས་ལུས་ལ་ཆ་མཉམ་མོ། །རྩ་རྣམ་པ་ལྔ་ལས་ཡང་། ནང་གྲོལ་རྣམ་པ་ལྔ་དང་། དབང་པོ་རྣམ་པ་ལྔ་ཆགས་སོ། །ནང་གྲོལ་རྣམ་པ་ལྔ་ལས། སྙིང་ཆགས་པ་སྔའོ། །དབང་པོ་རྣམ་