བུ་སྟོན་ཆོས་འབྱུང་།

༣.ཤེས་བྱ་ལ་ལྟོས་ནས་གསུམ་དུ་བཞག་པར་བསྟན་པ།

上一章
下一章
14a

(༣.ཤེས་བྱ་ལ་ལྟོས་ནས་གསུམ་དུ་བཞག་པར་བསྟན་པ།)

གསུམ་པ་ནི། ཆོས་དང་དོན་བརྗོད་པའི་ཕྱིར་མདོ་སྡེ་སྟེ། དེས་ཚིག་དོན་ལ་བྱང་བར་བྱེད་དོ། །ཆོས་དང་དོན་མངོན་དུ་བྱ་བའི་གཞིའི་གནས་ཀྱི་ཕྱིར་འདུལ་བ་སྟེ། དེས་འདུལ་བའི་སྡེ་སྣོད་ནི། བསླབ་པ་སྒྲུབ་པས་རབ་ཏུ་ཕྱེ་པས་ཚུལ་ཁྲིམས་དག་པས་ཏིང་ངེ་འཛིན་སྐྱེ། དེས་ཉོན་མོངས་འདུལ་བས་ཆོས་དང་དོན་མངོན་དུ་བྱེད་དོ། །མངོན་པ་ལ་བརྟེན་ནས་ཕན་ཚུལ་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལས་གྱུར་པའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་བ་ལ་རེག་པར་གནས་པར་འགྱུར་ཏེ། དེར་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ལ་སོགས་པའི་ཆོས་ཉིད་ལ་བྱང་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་སྡེ་སྣོད་གསུམ་ལ་ཐོས་པ་བྱས་པས་བག་ཆགས་འཇོག་གོ །བསམས་པས་དོན་རྟོགས་པར་བྱེད་དོ། །བསྒོམས་པས་ཞི་གནས་ཀྱི་སེམས་ཀྱིས་ཉོན་མོངས་པ་ཞི་བར་བྱེད་ལ་ལྷག་མཐོང་གིས་ཆོས་ཉིད་རབ་ཏུ་རྟོགས་པས་ས་བོན་ལས་གྲོལ་བར་བྱེད་དོ། །དེ་དག་ལ་དགོངས་ནས་མདོ་སྡེ་རྒྱན་ནས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་སོ། །