བུ་སྟོན་ཆོས་འབྱུང་།
༤.སྡེ་སྣོད་སོ་སོའི་ངེས་ཚིག།
(༤.སྡེ་སྣོད་སོ་སོའི་ངེས་ཚིག།)
བཞི་པ་ནི། མདོ་སྡེ་རྒྱན་ནས། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །
རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཅེས་པས་དོན་ཞེས་པ་སྒྲ་དོན་ནམ་ངེས་ཚིག་ཡིན་གྱི། མཚན་ཉིད་དུ་འཆད་པ་ནོར་བ་ཡིན་ནོ། །བློ་དང་ལྡན་པ་བྱང་སེམས་ཀྱིས་སྡེ་སྣོད་གསུམ་མ་ལུས་པ་ཤེས་པས་རྣམ་མཁྱེན་ཐོབ་བོ། །ཉན་ཐོས་ཚིགས་བཅད་གཅིག་གི་དོན་ཤེས་པས་འབྲས་བུ་འཐོབ་སྟེ། ཤཱ་རིའི་བུའམ་ལམ་ཕྲན་བསྟན་བཞིན་ནོ། །དེ་ལ་མདོའི་སཾསྐྲྀ་ཏ་ལ་སཱུ་ཏྲ་ཞེས་པ། མགོ་སྨོས་པར་འགྱུར་ཏེ། རྒྱལ་པོའི་ཁབ་ན་ཞེས་པ་ལྟ་བུ་གནས་སྨོས་པ་དང་། སའི་མཚན་ཉིད་ནི། སྲ་བའོ་ཞེས་པ་ལྟ་བུ་མཚན་ཉིད་སྨོས་པ་དང་། ཆོས་ཀྱི་ཚིག་སྨོས་པ་དང་དོན་སྨོས་པས་མདོ། དེ་འདྲའི་ཚོགས་སུ་གྱུར་པས་སྡེའོ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་སོ། །མངོན་པ་ལ། སཾ་སྐྲྀ་ཏ་ལ་ཨ་བྷི་ཞེས་པའི་ཨ་བྷི་མུ་ཁྱ་ཞེས་པ་མངོན་དུ་བྱུར་པ་སྟེ། དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པས་མངོན་པ་སྟེ། མངོན་པ་མཚན་ཉིད་པའོ། །ཨ་བྷི་ཀྵ་ན་ཞེས་པ་ཡང་ཡང་སྟེ། ཕུང་ཁམས་སྐྱེ་མཆེད་རྫས་ཡོད་བཏགས་ཡོད་ལ་སོགས་སྒོ་དུ་མ་ནས་ཡང་ཡང་སྟོན་པས་མངོན་པ་སྟེ། གཞུང་ལུགས་སོ༏ ༏ཨ་བྷི་བྷུ་ཞེས་པ་ཟིལ་གནོན་ཏེ། དེ་ལས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ལུས་པ་ཤེས་པས་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་གཞན་ཟིལ་གྱིས་གནོན་པའམ་སྨྲ་བ་ངན་པ་རྣམས་ཟིལ་གྱིས་གནོན་པའོ། །ཨ་བྷི་ས་མ་ཡ་ཞེས་པ་རྟོགས་པ་སྟེ། ཤེས་བྱ་ཇི་སྙེད་པ་རྫས་བཏགས་སོགས་རྟོགས་པས་མངོན་པའོ། །མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །འདུལ་བ་ལ། བི་ན་ཡ་ཞེས་པའི་བི་པཏྟི་ཞེས་པ། རྣམ་པར་ལྟུང་བ་སྟེ། ལྟུང་བ་སྟོན་ཅིང་ངེས་པར་བྱེད་པས་འདུལ་བ་ཞེས་པ་ལ་སོགས་པའམ། བི་ནི་ཤྩ་ཡ་ཞེས་པ། རྣམ་པར་ངེས་པས་འདུལ་བ་ཞེས་སོགས་བཞི་ཚན་གཉིས་གསུངས་ཏེ། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་

དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་སོ། །
