བུ་སྟོན་ཆོས་འབྱུང་།
༣. སྐྱོན་གསུམ་བསྟན་པ།
(༣. སྐྱོན་གསུམ་བསྟན་པ།)
གསུམ་པ་ལ་དཔེར་ན་ཆར་བབ་ཀྱང་ཆུའི་བྱ་བ་མི་བྱེད་པའི་
སྣོད་ཀྱི་སྐྱོན་གསུམ་སྟེ། ཁ་ཕུབ་བམ་བཅད་པས་མི་འབབ་པ་དང་། མི་གཙང་བས་བབས་ཀྱང་སྐྱོན་ཅན་དུ་གྱུར་བ་དང་། པུ་ག་དང་བཅས་པས་བབས་ཀྱང་མི་གནས་པའོ། །དེ་བཞིན་དུ་ཆོས་ཀྱི་ཆར་བབས་ཀྱང་ཆོས་ཀྱི་ཆུའི་བྱ་བ་མི་བྱེད་པའི་སྐྱོན་གསུམ་སྟེ། རྣམ་གཡེང་དང་གཉིད་རྨུགས་ཀྱིས་མི་ཉན་པས་མི་འབབ་པ་དང་། ཚུལ་བཞིན་ཡིད་ལ་མི་བྱེད་པས་བབས་ཀྱང་སྐྱོན་ཅན་དུ་གྱུར་པ་དང་། དྲན་པ་བརྗེད་ངེས་པའི་ཕྱིར་མི་གནས་པའོ། །དེའི་གཉེན་པོར། བཅོམ་ལྡན་འདས་ཀྱིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ཞེས་གསུངས་སོ། །གཞན་ཡང་ནད་པ་སྨན་པའི་ལུང་མ་ཤེས་པ་དང་ལོག་པར་ཤེས་པ་དང་ལེགས་པར་ཤེས་ཀྱང་སྨན་ཆུད་གསན་པ་དང་འདྲ་བ་དང་། ནད་པ་ཟས་མི་ཟ་བ་དང་། མི་འཕྲོད་པ་ཟ་བ་དང་། འཕྲོད་པ་ཟོས་པ་སྐྱུག་པ་གསུམ་རིམ་པ་བཞིན་ནོ། །དེས་ན་འཆད་པ་པོ་སྣོད་ལ་མཁས་པས་ཉན་པོ་རྣམ་པར་གཡེངས་ན། མི་རྣམས་ཚེ་ནི་ལོ་བརྒྱ་ལ། །མཚན་མོ་ཉལ་བས་ཕྱེད་དུ་བྱས། །དེ་ནི་ཉིན་པར་ཡང་ཉལ་བས། །དེ་ཡི་ཕྱེད་ཀྱང་དུམ་བུར་བྱས། །ཞེས་པ་ལ་སོགས་པ་སྐྱོ་བའི་གཏམ་བྱ། གཉིད་རྨུགས་ཅན་ལ་སེམས་གསལ་བར་བྱ་བའི་ཕྱིར་ཡ་མཚན་གྱི་གཏམ་དང་། བོང་བུ་དང་རྟེའུ་འམ། སེང་གེ་དང་ཝའམ། རྒན་ཞུགས་དང་བུད་མེད། རྒན་མོ་དང་རྐུན་མོ་དང་། ལུས་སྐྱེས་ངུས་པའི་གཏམ་རྒྱུད་བཤད་ལ། དགའ་བའི་གཏམ་བྱའོ། །
