བུ་སྟོན་ཆོས་འབྱུང་།
གཞོན་ནུའི་རོལ་རྩེད་ཀྱི་མཛད་པ།
(གཞོན་ནུའི་རོལ་རྩེད་ཀྱི་མཛད་པ།)
དེ་ནས་ཡར་སྐྱེས་ནས་ཤཱཀྱའི་ཁྱེའུ་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ་ཡི་གེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱི་གྲྭར་བྱོན་ཏེ། ཀྱེ་སློབ་དཔོན་ཚངས་པའི་ཡི་གེ་ལ་སོགས་པ་དྲུག་ཅུ་རྩ་བཞི་ལས་བདག་གང་ལ་བསླབ། སློབ་དཔོན་ངོ་མཚར་ཏེ། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབ་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ནི་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་སྨྲས་སོ། །དེ་ནས་གཞོན་ནུ་ནགས་རྒྱུར་སོང་ཞིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་དང་པོ་ནས་བཞི་པའི་བར་ལ་མཉམ་པར་བཞག་པས་ཕྱི་རོལ་པའི་དྲང་སྲོང་རྫུ་འཕྲུལ་ཅན་ལྔས་ནམ་མཁའ་ལ་འགྲོ་མ་ནུས་པར་ཕྱག་དང་བསྐོར་བ་བྱས་སོ། །དེའི་ཚེ་ཤིང་གཞན་གྱི་གྲིབ་མ་འཕོས་ཀྱང་། དེའི་མ་འཕོས་པས་ཡབ་ངོ་མཚར་ཏེ། ཐུབ་པ་གང་ཚེ་བལྟམས་པ་དང་། །གང་ཚེ་འོད་ལྡན་བསམ་གཏན་མཛད། །འདྲེན་པ་འདི་ལྟར་ལན་གཉིས་སུ། །མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་སོ། །