བུ་སྟོན་ཆོས་འབྱུང་།
སྒྲའི་བསྟན་བཅོས་ཀྱི་ལོ་རྒྱུས།
(སྒྲའི་བསྟན་བཅོས་ཀྱི་ལོ་རྒྱུས།)
མདོ་ལང་ཀར་གཤེགས་པར། སྒྲ་བྱེད་པ་ནི་པཱ་ཎི་ནི། །ཞེས་ལུང་བསྟན་ཅིང་འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང་བྱང་ཆུབ་འཐོབ་པར་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ནི་ལ་སོགས་པས་མཛད་པའི་སྒྲའི་བསྟན་བཅོས་ཀྱི་ལོ་རྒྱུས་ནི། དང་པོ་སུམ་ཅུ་རྩ་གསུམ་དུ་སརྦ་ཛྙཱ་ཞེས་པའི་ལྷ་ཞིག་གིས་སྒྲའི་བསྟན་བཅོས་ཆེན་པོ་ཞིག་བྱས་ཏེ་ལྷ་རྣམས་ཀྱིས་སྤྱད་དེ། ནུབ་ནས་འཛམ་བུའི་གླིང་དུ་མ་ཕྱིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྒྲའི་བསྟན་བཅོས་ཞིག་མཛད་དེ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས་པ་དེ་དྲང་སྲོང་ཕུར་བུས་ལེགས་པར་ཤེས་ནས་ལྷའི་བུ་རྣམས་ལ་སྟོན་པས་ལྷའི་བླ་མ་ཞེས་སམ་སྒྲ་མཁན་ཞེས་མིང་དུ་གྲགས་སོ། །དེ་ང་ལས་སྒྲ་མཁས་པ་མེད་སྙམ་དུ་ང་རྒྱལ་བྱེད་པ་ན་ལྷའི་དབང་པོས་རྒྱ་མཚོ་ལས་ཆུ་བུམ་པ་གང་བླངས་ཏེ་དེ་ལས་ཀུ་ཤའི་རྩེས་ཆུ་ཐིགས་པ་གཅིག་བླངས་ཏེ་ཕུར་བུ་ལ། སྒྲ་སྤྱིར་རྒྱ་མཚོ་ཙམ། ངས་ཤེས་པ་བུམ་ཆུ་ཙམ། ཁྱོད་ཀྱིས་ཤེས་པ་འདི་ཙམ་མོ་ཞེས་བརྗོད་པས་ཕུར་བུ་ཡི་མུག་སྟེ་སྒྲ་ཡེ་མི་སློབ་པར་སེམས་པ་ལ། དབང་པོས་འོན་ཀྱང་ཇི་ལྟར་ཤེས་པ་སློབས་ཤིག་ཅེས་བསྒོས་པས་བཀའ་མ་བཅག་པར་དུས་བཟང་བཞི་
༄༅། །ལ་མི་སློབ་གཞན་ལ་སློབ་པར་ཁས་བླངས་པས་བྲམ་ཟེ་རྣམས་དེང་སང་ཡང་། ཚེས་བརྒྱད་སློབ་དཔོན་ངེས་པར་འཇོམས། །བཅུ་བཞི་ལ་ནི་སློབ་མ་འཇོམས། །གནམ་སྟོང་ལ་ནི་རིག་པ་འཇོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། །ཟེར་ནས་དུས་བཟང་བཞི་སྲུང་བ་ཡང་དེ་ཡིན་ནོ། །བསྟན་བཅོས་དེ་འཛམ་བུའི་གླིང་དུའང་ཕྱིན་ཏེ་དར་བར་གྱུར་ཏོ། །དེ་ནས་དེ་ནུབ་པ་དང་བྲམ་ཟེ་པཱ་ཎི་ནི་བྱུང་སྟེ་སྒྲ་བསླབ་པར་འདོད་ནས་ལག་རིས་མཁན་ལ་བསྟན་པས་སྒྲ་མི་ཤེས་པར་འདུག་ཟེར་བ་དང་། མཚོན་རྣོན་པོས་ལག་རིས་བྲིས་ཏེ་སློབ་དཔོན་ཚོལ་དུ་སོང་བས་མ་རྙེད་དོ། །དེ་ནས་མ་ཧཱ་དེ་ཝ་བསྒྲུབས་པས་ཞལ་བསྟན་ནས་ཅི་འདོད་ཟེར་བ་ལ་སྒྲ་ཤེས་པར་འཚལ་ལོ། །ཞེས་སྨྲས་པས། ལྷས་བྱིན་གྱིས་བརླབས་ཏེ་དུས་གཅིག་ཏུ་ཨ་ཨི་ཨུ་ཞེས་བརྗོད་པས་སྒྲ་ཐམས་ཅད་ཤེས་སོ་ཞེས་གྲག་གོ །ནང་པ་རྣམས་སྤྱན་རས་གཟིགས་བསྒྲུབས་པས་ཤེས་པར་འཆད་པ་དེ་ལུང་དང་མཐུན་ཏེ། འཇམ་དཔལ་རྩ་རྒྱུད་ལས། བྲམ་ཟེའི་ཁྱེའུ་པཱ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡི་སྔགས་འགྲུབ་བོ། །ཞེས་པས་སོ། །སློབ་དཔོན་དེས་སྒྲའི་བསྟན་བཅོས་ཤུ་ལོག་ཉིས་སྟོང་ཡོད་པ་ཞིག་བྱས་ཏེ་པཱ་ཎི་བྱཱ་ཀ་ར་ཎ་ཞེས་གྲགས་སོ༏ ༏དེ་ལ་ཀླུའི་རྒྱལ་པོ་ཞིག་གིས་མ་ཧཱ་བྷ་ཥ་ཞེས་པའི་འགྲེལ་པ་ཤུ་ལོག་འབུམ་ཡོད་པ་ཞིག་བྱས་ཏེ་ཤིན་ཏུ་དར་རོ། །དུས་ཕྱིས་རྒྱལ་པོ་བདེ་སྤྱོད་ཀྱི་བཙུན་མོ་སྒྲའི་ཆ་ཤས་ཅུང་ཟད་ཤེས་པ་ཞིག་ཡོད་པ་དེ་དང་རྒྱལ་པོ་ཁྲུས་བྱེད་ཅིང་རྒྱལ་པོས་ཆུ་གཏོར་བས། བཙུན་མོས། མ་མོ་ད་ཀཱ་སིཉྩ། ཞེས་སཾ་སྐྲྀ་ཏའི་སྐད་དུ་བདག་ལ་ཆུ་མ་འཐོར་བྱས་པས། རྒྱལ་བོས་འཕྲལ་སྐད་ཀྱི་ཚིག་ཟུར་དང་སྦྱར་ནས་ཏིལ་གྱི་ཚོད་མ་བླངས་ཞེས་པར་གོ་ནས་བྲན་ཞིག་ལ་ཏིལ་གྱི་ལ་དུ་བསྐུར་བས་བཙུན་མོས་

ཁྲེལ་ཏེ་བ་ལང་འདྲ་བ་འདི་དང་འགྲོགས་པ་བས་ཤི་བླའོ་སྙམ་སྟེ་ལྕེབ་པར་རྩོམ་པ་ན། རྒྱལ་པོས་ཅི་ཡིན་དྲིས་པས་གོང་གི་ལོ་རྒྱུས་བསྙད་དོ། །དེ་ནས་རྒྱལ་པོའི་ཞང་པོ་སརྦ་ཝརྨ་ཞེས་བྱ་བས་རྒྱལ་པོ་ལ་ངས་གཞོན་ནུ་སྨིན་དྲུག་བསྒྲུབས་ལ་ངག་གི་དངོས་གྲུབ་བླངས་ལ་རྒྱལ་པོས་ཀྱང་སྒྲ་ཤེས་པར་བྱ་ཡི་བཙུན་མོ་ལ་དེ་ལྟར་མ་བྱེད་ཅེས་གྱིས་ཤིག །རྒྱལ་པོས་ཀྱང་དེ་ལྟར་བྱས་ཏེ་བཙུན་མོ་སྤྲོ་བསྲིངས་སོ། །སརྦ་ཝརྨས་བསྒྲུབས་པས་གཞོན་ནུ་སྨིན་དྲུག་གི་ཞལ་བསྟན་ནས་ཅི་འདོད་ཟེར་བ་ལ། སྒྲ་ཤེས་པར་འཚལ་ལོ། །ཞུས་པས་སིདྷི་ཝརྞ་ས་མཱ་མྣཱ་ཡ་ཞེས་པ་ནས་ལེའུ་བཅོ་ལྔའི་བར་དུ་བཤད་པ་དང་། དེ་རློམ་པ་སྐྱེས་ཏེ་དེས་འཚལ་ལོ་ཞེས་སྨྲས་པས། སྨིན་དྲུག་གིས་བཞོན་པ་བསྐྱོད་དེ་རྨ་བྱའི་མཇུག་མ་ལོག་སྟེ་བྱུང་བ་དང་ཀ་ལཱ་པ་བཟོད་པར་གསོལ་ཞེས་སྨྲས་སོ༏ ༏ཀ་ལ་པ་ནི་ཆ་བསགས་ཏེ་རྨ་བྱའི་མདོངས་ལ་འཇུག་པས་དེ་བཞིན་གྲགས་སོ། །དེ་ནས་རྒྱལ་པོ་ལ་བསླབ་པས་ཤེས་ནས་བཙུན་མོའང་མགུའོ། །དེ་ལ་སྒྲ་མ་རྫོགས་པར་སརྦ་ཝརྨ་དང་བྲམ་ཟེ་མཆོག་སྲེད་ཀྱིས་བསྣན་ཏེ་ཤུ་ལོག་བཞི་བརྒྱ་ལེའུ་ཉེར་བཞི་ཡོད་པ་ཞིག་བྱས་སོ། །དེ་ལ་པཎྜི་ཏ་བགྲོད་དཀའ་སེང་གེས་འགྲེལ་པ་མཛད་དོ། །པཎྜི་གྲགས་འབྱོར་གྱིས་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་པ་བྱས་སོ། །དེ་ནས་ཙནྡྲ་བྱཱ་ཀ་ར་ཎ་བྱུང་ངོ་། །དེ་ལ་ཙནྡྲ་གོ་མིའི་ཞང་པོ་ཆོས་ཀྱི་འབངས་ཞེས་པས་འགྲེལ་པ་ཤུ་ལོག་སྟོང་ཕྲག་དྲུག་ཡོད་པ་ཞིག་མཇད་དེ། དེ་ལ་སློབ་དཔོན་རིན་ཆེན་བློ་གྲོས་ཞེས་པས་འགྲེལ་བཤད་ཤུ་ལོ་ག་སྟོང་ཕྲག་བཅུ་གཉིས་པ་མཛད། དེ་ལ་པཎྜི་ཏ་ཟླ་བ་གང་བ་ཞེས་པས་འགྲེལ་བཤད་ཀྱི་བཤད་པ་ཤུ་ལོག་སུམ་ཁྲི་དྲུག་སྟོང་པ་ཞིག་མཛད་དོ། །དེ་ནས་པཎྜི་ཏ་རཱ་ཛ་ཤྲཱི་ཞེས་པས་ཀ་ལཱ་པ་དང་ཙནྡྲ་པ་གཉིས་གའི་དོན་བསྡུས་པ་ཞིག་མཛད་དེ་རཱ་ཛ་ཤྲཱི་བྱཱ་ཀ་ར་ཎ་ཞེས་གྲགས་སོ། །དུས་ཕྱིས་པཎྜི་ཏ་སྨྲྀ་ཏིས་བོད་ལ་ཕན་པའི་སྒྲ་སྨྲ་སྒོ་མཚོན་ཆ་མཛད་དོ། །དེ་ལྟར་

༄༅། །སྒྲའི་བསྟན་བཅོས་དང་སྙན་དངགས་དང་ཟློས་གར་དང་སྨན་དཔྱད་ལ་སོགས་པའི་ལོ་རྒྱུས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ལུང་བསྟན་པའི་གང་ཟག་གིས་བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་བཟུང་བས་དེང་སང་ཡང་ཆ་ཙམ་ཞིག་གནས་ཀྱི་ཡོངས་སུ་རྫོགས་པ་གང་ན་ཞིག་སྟེ། རྣམ་བཤད་རིགས་པ་ལས། ཡང་དག་བསྡུ་བའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་གསུངས་ཤིང་སྡུག་བསྔལ་གྱི་ཕུང་པོའི་མདོ་དང་། འཆར་བྱེད་ཀྱིས་ཞུས་པ་དང་། བླ་མའི་མདོ་དང་། ཀུན་དགའ་བོའི་མདོ་དང་། འོད་སྲུང་གི་མདོ་ལ་སོགས་པ་མང་པོ་དབྱིག་གཉེན་བཞུགས་དུས་ནས་ནུབ་ནས་མ་རྙེད་དོ། །དཀོན་མཆོག་བརྩེགས་པའི་ལེའུ་འབུམ་ཡོད་པ་ལ་ཞེ་དགུ་དང་། འདུས་པ་ཆེན་པོ་ལེའུ་འབུམ་ཡོད་པ་ལ་ཏོག་ལ་སོགས་པ་བརྒྱད་དགུ་ཙམ་དང་། ཕལ་པོ་ཆེ་ལེའུ་འབུམ་ལ་ལེའུ་བཞི་བཅུ་ལྷག་ཙམ་དང་། ལང་ཀར་གཤེགས་པ་སུམ་ཁྲི་དྲུག་སྟོང་ལ་སུམ་སྟོང་དྲུག་བརྒྱ་ཙམ་དང་། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས་ལ་སྟོང་སུམ་བརྒྱ་ཙམ་དང་། སྤྲིན་ཆེན་པོ་འབུམ་ཡོད་པ་ལ་ལེའུ་ཅུང་ཟད་དང་། ཏིང་ངེ་འཛིན་རྒྱལ་པོ་བམ་པོ་བཅོ་ལྔ་ཙམ་དང་། གཅིག་ལས་འཕྲོས་པ་ལ་གཅིག་ནས་བརྒྱའི་བར་དུ་འཕྲོས་པ་ཡོད་པ་ལ་གཅིག་ནས་བཅུའི་བར་ཙམ་དང་། མྱ་ངན་ལས་འདས་པ་དང་དྲན་པ་ཉེར་གཞག་ནས་འགྱུར་མཇུག་མ་རྫོགས་ཤིང་། དཔའ་བར་འགྲོ་བའི་མདོ་སྟོང་ཕྲག་བཅུ་པ་ལ་ལེའུ་གཅིག་ཙམ་དང་། དེ་བཞིན་གཤེགས་པའི་གཙུག་ཏོར་ཆེན་པོ་དང་། རྟོགས་པ་ཆེན་པོ་དང་། ཟླ་བ་སྙིང་པོས་ཞུས་པ་རྣམས་ལ་ལེའུ་མང་དུ་ཡོད་པའི་ལེའུ་རེ་རེ་ཙམ་ལས་མེད་ཅིང་མ་འགྱུར་ལ། སྔར་འགྱུར་བའང་ཅི་རིགས་པར་ནུབ་ཅིང་གཞན་ཡང་རྒྱ་འགྲེལ་ཆེན་པོ་རྣམས་སུ་ལུང་དྲངས་པའི་མདོ་མང་པོ་མི་སྣང་ངོ་། །གཞན་མདོ་སྡེ་རྣམ་འབྱོར་སྤྱོད་པའི་ས་ཆེན་པོ་ལ་སོགས་པ་

ལྷའི་ཡུལ་ན་བཞུགས། རྒྱལ་བའི་ཡུམ་རྒྱས་པ་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་རྒྱལ་པོ་རྣམ་པར་རྒྱལ་བའི་གནས་ན་ཡོད། འབྲིང་འབུམ་ཕྲག་བརྒྱ་པ་ལྷའི་དབང་པོའི་གནས་ན་ཡོད། བསྡུས་པ་འབུམ་ཀླུའི་ཡུལ་ན་ཚང་བར་བཞུགས། གསང་སྔགས་ལའང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་བྱ་བའི་རྒྱུད་སྟོང་ཕྲག་(རྒྱུད་ཀྱི་ཁ་གྲངས་སོ། །)བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད།(ཁ་གྲངས།) རྟོག་པའི་རྒྱུད་སྟོང་ཕྲག་བཞི།(རྐང་གྲངས་སོ། །) གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྟོང་ཕྲག་བཅུ་བཞི་(རྐང་གྲངས་བཞི་བཅུ།)གསུངས་པར་བཤད་ཅིང་རྒྱུད་རེ་རེའང་རྩ་རྒྱུད་བཤད་རྒྱུད་ལ་སོགས་མང་པོ་ཡོད་པ་ལས། འདར་བྱེད་ཀྱི་གླིང་ན་ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པ་དང་། གསང་བ་འདུས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། བདེ་མཆོག་(ལྷའི་གནས་ན་ཡོད།)མངོན་པར་བརྗོད་པ་ཆེན་པོའི་ལེའུ་འབུམ་དང་། རྒྱུད་ཕྱི་མ་ཤུ་ལོག་འབུམ་པ་དང་། དུས་ཀྱི་འཁོར་ལོ་(ཤམྦྷ་ལ་ན་ཡོད།)སྟོང་ཕྲག་བཅུ་གཉིས་པ་དང་། རྣལ་འབྱོར་རྗེས་སུ་རིག་པ་སུམ་ཁྲི་དྲུག་སྟོང་པ་དང་། སྒྱུ་འཕྲུལ་དྲ་བ་(ཁ་ཆེའི་ཀླུའི་རྒྱལ་པོ་བ་སུ་དྷ་རའི་གནས་ན་ཡོད།)སྟོང་ཕྲག་བཅུ་དྲུག་པ་དང་། མ་ཧཱ་མ་ཡ་སྟོང་ཕྲག་བཅོ་བརྒྱད་པ་དང་། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཆེན་པོ་འབུམ་ཕྲག་གསུམ་པ་དང་། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་བདུན་བརྒྱ་པ་དང་། རྟ་མགྲིན་གྱི་རྟོག་པ་བདུན་བརྒྱ་པ་དང་། དོན་ཡོད་ཞགས་པའི་རྒྱུད་འབུམ་ཕྲག་བདུན་པ་ལ་སོགས་པ་རྣམས་ལྷའི་གནས་དང་། ཤམྦྷ་ལ་དང་། ཨུ་རྒྱན་ལ་སོགས་པ་ན་བཞུགས་ཞེས་གྲག་གོ །གཞན་ཡང་རྒྱ་གར་དང་། ཁ་ཆེ་དང་བལ་ཡུལ་དང་། ལི་དང་རྒྱ་ནག་དང་རྒྱ་ནག་ཆེན་པོ་དང་། བར་སིག་དང་། ཙམ་པ་ཀ་དང་། སྤྲེའུ་དང་། གསེར་མིག་དང་། རུག་མ་དང་། རམ་མ་དང་། ཟངས་གླིང་དང་།(རྒྱ་གར།) སིངྒ་ལའི་གླིང་དང་།(རྒྱ་གར།) པྲི་ཡང་ཀུའི་གླིང་དང་། ཡ་མུ་ནའི་གླིང་

༄༅། །དང་། གསེར་(རྒྱ་གར།)གླིང་དང་། ཟླ་བའི་གླིང་དང་། མ་ཁ་དང་། ཁ་ཤ་དང་། གྱི་ལྗང་དང་། ཞང་ཞུང་དང་། བྲུ་ཤ་དང་། འ་ཞ་དང་། སུམ་པ་དང་། ཟ་ཧོར་དང་། མེ་ཉག་དང་། འཇང་ཡུལ་དང་། ཡོ་གུར་(རྒྱ་ནག་གི་ཕྱོགས་ན་ཡོད།)དང་། ཐོ་གར་དང་། ཨུ་རྒྱན་དང་། འགྲོ་ལྡིང་བའི་ཡུལ་དང་། ལོང་བའི་ཡུལ་དང་། ཙོ་ལ་དང་། ཀ་ལིངྐ་ལ་སོགས་པའི་ཡུལ་ཆེན་པོ་རྣམས་དང་། བོད་ཡུལ་རྣམས་ན་བསྟན་པ་དར་བ་དང་ནུབ་པ་དང་མགོ་ཟུག་པའི་ཚུལ་གྱིས་ཐེག་པ་གསུམ་ཚང་བ་དང་མ་ཚང་བ་ཅི་རིགས་སུ་གནས་སོ། །བཀའ་མང་པོ་ཀླུའི་ཡུལ་ན་བཞུགས་པར་བཤད་དེ། སློབ་སྤྲིང་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛོད། །ཅེས་གསུངས་སོ། །
