བུ་སྟོན་ཆོས་འབྱུང་།
༡. རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད།
(༡. རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད།)
དང་པོ་ལ། གསང་བ་འདུས་པའི་སྐོར་ལ། རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་རིན་ཆེན་བཟང་པོ་དང་ཆོས་རྗེ་དཔལ་གྱི་འགྱུར། རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་རིན་ཆེན་བཟང་པོའི་འགྱུར། བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། དགོངས་པ་ལུང་སྟོན་རིན་ཆེན་བཟང་པོའི་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཁུ་དངོས་གྲུབ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལྷ་མོ་བཞིས་ཞུས་པ་སྨྲྀ་ཏིའི་རང་འགྱུར། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། དཔལ་གསང་བ་འདུས་པའི་བཤད་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། འདི་ལ་ཆག་ཆོས་རྗེ་དཔལ་ལ་སོགས་པ་བོད་ཀྱི་ལྷད་ཡོད་པར་སྨྲ་སྟེ། གཉིས་མེད་རྣམ་རྒྱལ་གྱི་ལུང་ནཱ་རོ་འགྲེལ་ཆེན་དང་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དུ་དྲངས་པ་རྣམས་འདི་བས་ཆུང་བའི་གཉིས་མེད་རྣམ་རྒྱལ་ཡང་དག་གཅིག་ཡོད་ཀྱི། འདི་རྒྱ་ཕོ་བ་ལུང་བས་བྱས་སོ་ཞེས་ཟེར་རོ། །ཁ་ཅིག །འདི་ལ་སྨྲྀ་ཏིའི་རང་འགྱུར་ཡོད་པས་འདི་ཡང་དག་ཡིན་ནོ་ཞེས་ཟེར་ཏེ། བརྟག་གོ །ཐམས་ཅད་གསང་བ་རིན་ཆེན་བཟང་པོའི་འགྱུར། འདི་སློབ་དཔོན་ཤཱནྟི་པས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ཡིན་ནོ། །ཁ་ཅིག་བླ་མེད་དུ་འདོད་དོ། །
གཤིན་རྗེ་གཤེད་ཀྱི་སྐོར་ནི། དགྲ་ནག་གི་རྒྱུད་ཚུལ་ཁྲིམས་རྒྱལ་བ་དང་དར་མ་གྲགས་དང་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་གྲུབ་པར་བྱེད་པ་གཞོན་ནུ་གདོང་དྲུག་གི་རྒྱུད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་རྡོ་རྗེ་གྲགས་ཀྱི་འགྱུར། འཇིགས་བྱེད་སྐྱོ་ལུགས་པའི་རྟོག་པ་གསུམ་པ་དང་། རྟོག་པ་གཅིག་པ་དང་གསུམ་འདོད། གཤིན་རྗེ་གཤེད་དམར་པོའི་རྒྱུད་གྲགས་པ་རྒྱལ་མཚན་དང་ཤོང་བློ་བརྟན་གྱི་འགྱུར།
༄༅། །མི་གཡོ་བ་རྣལ་འབྱོར་ཆེན་པོའི་རྒྱུད་གྲགས་པ་རྒྱལ་མཚན་གྱི་འགྱུར། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་རིན་ཆེན་བཟང་པོའི་འགྱུར། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་འགར་ཆོས་བཟང་གི་འགྱུར། འདི་སློབ་དཔོན་ཛ་བ་རི་པས་རྣལ་འབྱོར་ཆེན་པོར་བཀྲལ་བ་ཡིན་ནོ། །ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་དར་མ་ཚུལ་ཁྲིམས་ཀྱི་འགྱུར། ཕྱག་ན་རྡོ་རྗེ་བེ་ཅོན་ཅན་གྱི་རྒྱུད། འདི་ཀླུ་སྒྲུབ་ལ་སོགས་པས་རྣལ་འབྱོར་ཆེན་པོར་བཞེད་ཅེས་ཟེར་རོ། །ཕྱག་ན་རྡོ་རྗེ་མེ་ལྕེའི་རྒྱུད་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་འགྲེལ་པ་མཛད་པས་རྣལ་འབྱོར་ཆེན་པོར་བཀྲལ་བས་བོད་མ་ཡིན་ཟེར་བ་མི་བདེན་ནོ། །ཞེས་ཁ་ཅིག་གོ །རིགས་ཀྱི་འཇིག་རྟེན་མགོན་པོའི་རྒྱུད་གྲགས་པ་རྒྱལ་མཚན་གྱི་འགྱུར། འདི་འགྲེལ་པ་མཛད་པས་རྣལ་འབྱོར་ཆེན་པོར་བཤད་པས་བྱ་བའི་རྒྱུད་དུ་བྱས་པ་ནོར་བ་ཡིན་ནོ། །རལ་པ་གཅིག་པའི་རྒྱུད་ཀྱི་བརྟག་པ་བྱམས་པའི་དཔལ་གྱི་འགྱུར། མགོན་པོ་མངོན་པར་འབྱུང་བ་ཆོས་རབ་ཀྱི་འགྱུར། མགོན་པོ་དངོས་གྲུབ་འབྱུང་བ་འཁོར་ལོ་གྲགས་ཀྱི་འགྱུར། །
