རྒྱ་ནག་ཆོས་འབྱུང་།
བྱེ་བྲག་ཏུ་རྒྱལ་བསྟན་རིན་པོ་ཆེའི་བྱུང་ཚུལ།
(བྱེ་བྲག་ཏུ་རྒྱལ་བསྟན་རིན་པོ་ཆེའི་བྱུང་ཚུལ།)
༈ བྱེ་བྲག་ཏུ་རྒྱལ་བསྟན་རིན་པོ་ཆེའི་བྱུང་ཚུལ་ལ། དེ་ཡང་བཅོམ་ལྡན་འདས་ཀྱི་འཁྲུངས་ལོ་ལ་སོགས་པ་མཛད་པ་
༄༅། །གང་དང་གང་བསྟན་པའི་དུས་ཀྱི་ངེས་པ་ནི་བོད་དང་འདྲ་བར་འདོད་ལུགས་མང་པོ་ཡོད་པ་ལས་བསམ་གཏན་མཁན་པོ་རྣམས་ཀྱི་རྣམ་ཐར་གཙོ་ཆེ་བར་བྱས་ཏེ་བཀོད་ན་ཊེའུ་རྒྱལ་སྲིད་ཀྱི་རབས་ལྔ་པ་ཅོའུ་དབང་གི་ལོ་ཉེར་དྲུག་པ(དཔེ་ལ་ལར་ཉེར་བཞི་པར་འདུག་པ་ཡིག་ནོར) ཤིང་ཕོ་སྟག་ལོ་ཟླ་བ་བཞི་པའི(ད་ལྟའི་གཉིས་པ་སྟེ་ཊེའུ་གི་དུས་སུ་དགུན་འབྲིང་ནས་ལོ་མགོ་འཛིན།) ཚེས་བརྒྱད་ལ་བདག་ཅག་གི་སྟོན་པ་སྐུ་ལྟམས་ཏེ་མཚན་ལྟས་སུ། ལྷོ་ནུབ་ཀྱི་མཚམས་ན་འོད་ཀྱི་ཕུང་པོ་ཆེན་པོ་བྱུང་བ་རྒྱལ་པོས་གཟིགས་ནས་ལྟས་མཁན་རྣམས་ལ་དྲིས་པས། དེ་ཕྱོགས་སུ་བདག་ཉིད་ཆེན་པོ་ཞིག་འཁྲུངས་པའི་རྟགས་ཡིན་པ་དང་། ལོ་སྟོང་སོང་ནས་དེའི་གྲུབ་མཐའ་ཡུལ་འདིར་འབྱུང་བར་ལུང་བསྟན། བཅུ་དགུའི་བར་ཁབ་ཏུ་གནས། ལོ་དེ་ཉིད་ཀྱི་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་རབ་ཏུ་བྱུང་། བྲམ་ཟེ་རིགས་ལྡན་གྱི་གནས་སུ་ཕེབས་པ་ནས་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་བྱོན་པའི་བར་ལོ་རྙིང་དེ་ཀ་ཐེ་བ་དྲུག་དང་། ལོ་དྲུག་ཏུ་དཀའ་བ་སྤྱད་མཐར། དགུང་ལོ་སུམ་བཅུའི་ཐོག་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ(ཕྱིའི་རྟེན་འབྲེལ་གྱི་རྟགས་སུ་ཉི་ཟླ་འཛིན་ཚུལ་འཇིག་རྟེན་དུ་སྣང་བའི་དབང་དུ་བྱས་ཏེ་བཞི་པའི་ཉ་ལ་སངས་རྒྱས་པར་བཞེད་པ་འདུས་འཁོར་བའི་ལུགས་ཡིན་ཀྱང་། མདོ་མྱང་འདས་ཀྱི་སེང་གེའི་སྒྲའི་ལེའུ་ལས། བཅོམ་ལྡན་འདས་ཀྱི་སྐུ་བལྟམས་པ་དང་། མངོན་པར་འབྱུང་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་རྣམས་ཡར་ཚེས་བརྒྱད་ཁོ་ནར་

ལགས་ན། ཅིའི་ཕྱིར་ཟག་མེད་མྱང་འདས་ཀྱི་ཚུལ་གཅིག་པུ་ཚེས་བཅོ་ལྔ་དང་སྦྱར་ཞེས་དྲིས་པའི་ཚིག་ལན་དང་བཅས་པ་བཤད་པ་ཡོད་དོ།།) འཇིག་རྟེན་འདིར་སྒང་ལོ་ཞེ་དགུ་འཁོར་ལོ་རྣམ་པ་གསུམ་རིམ་པར་བསྐོར་འཕགས་པ་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་ནས་དགུང་ལོ་དོན་དགུའི་ཐོག །མཱུ་དབང་གི་ལོ་ལྔ་བཅུ་རྩ་གསུམ་པ་ཆུ་ཕོ་སྤྲེལ་གྱི་ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདས། དེ་ནས་སྒང་ལོ་ཆིག་སྟོང་བཅུ་གསུམ་པ། ཆེན་པོ་ཧཱན་གྱི་མིང་དྷཱི་རྒྱལ་པོའི་ཡུང་ཡིང་གི་ལོ་བརྒྱད་པར་བསྟན་པའི་དབུ་བརྙེས་ལ། དེ་ཡང་ལོ་གསུམ་པའི་ཚེས་བཟང་ཞིག་གི་ནུབ་མོ་རྒྱལ་པོའི་རྨི་ལམ་དུ་སྐྱེས་བུ་ཆེན་པོ་མཐོ་སྲིད་དུ་འདོམ་གསུམ་ལྷག་པ་མངའ་བ། གསེར་གྱི་ཁ་དོག་ཅན་མཚན་གྱིས་སྤྲས་པ་ཉི་མའི་འོད་ཟེར་འཕྲོ་བ་ཞིག །ནམ་མཁའི་ལམ་ནས་ཕོ་བྲང་གསེར་ཐོག་གི་མདུན་དུ་ཕེབས་པ་རྨིས་ནས། ཕྱི་ཉིན་བློན་པོ་རྣམས་ལ་དྲིས་པས་བློན་པོ་ཧྥུ་ཡི་ཞེས་བྱ་བས་སྔོན་ཊེའུ་གི་དུས་སུ་རྒྱ་གར་ན་སངས་རྒྱས་ཞེས་བྱ་བའི་དྲང་སྲོང་ཞིག་སྐུ་ནི་ཁྲུས་ལྷག་པའི་འདོམ་གསུམ་གྱིས་ཆུ་ཞེང་གབ་པ་དང་། པགས་པ་གསེར་གྱི་ཁ་དོག་ཅན་འོད་དང་ལྡན་པ་ནམ་མཁའ་ལ་འགྲོ་ཐུབ་པ་གཅིག་བྱུང་ཟེར་བ་ཐོས་ཏེ། ལྷའི་རྨི་ལམ་འདི་དེ་དང་འབྲེལ་བ་ཞིག་ཡིན་ནམ་གསོལ། དེ་ནས་རྒྱལ་པོས་ཡིག་རྙིང་རྣམས་གཟིགས་པས་ཊེའུ་ཅོའུ་དབང་གིས་དུས་ཀྱི་ལུང་བསྟན་དེ་བརྙེད་ནས་ཐུགས་དགྱེས། བང་ཆེན་པ་

༄༅། །ཝང་ཙུ་ན་གྲུབ་མཐའ་འཚོལ་དུ་བཏང་བ། དེ་སྐབས་རྒྱ་གར་ནས་ཀྱང་དུས་ལ་བབས་པར་ཤེས་ནས་འོད་སྲུང་གི་རིགས་ལས་དགྲ་བཅོམ་པ་མ་ཏངྒི་དང་། པཎྜི་ཏ་ཧྥ་ལན་གཉིས་རྟ་དཀར་པོ་གཅིག་ལ་སྟོན་པའི་བྲིས་ཐང་གཅིག་དང་གསུང་རབ་འགའ་ཞིག་བཀལ་སྟེ་བྱོན་པ་དང་ལམ་ཐོག་འཛོམ་སྟེ་ལྷན་དུ་འཁོར། དགྲ་བཅོམ་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་རྒྱལ་པོ་འཁོར་བཅས་མགུ་བར་བྱས། གཉུག་མར་གནས་པའི་བོན་པོ་རྣམས་མ་རངས་པར་བོན་ཆོས་གཉིས་ཀའི་དཔེ་ཆ་མེ་ལ་བསྲེག་སྟེ་ཚོད་བགམ་པས་བོན་ཕམ་པའི་ལོ་རྒྱུས་ཀྱང་རྒྱས་པར་སྣང་བ། བདག་གིས་རི་བོ་རྩེ་ལྔའི་ཀར་ཆག་ཏུ་བཀོད་པ་ལྟར་ལ། ཧེ་ནན་ཧྥུའི་མཁར་དེར་པེ་མ་ཟིས་གཙོ་བྱས་བཙུན་པའི་ལྷ་ཁང་བདུན་དང་། བཙུན་མའི་ལྷ་ཁང་གསུམ། རི་བོ་རྩེ་ལྔར་རྒྱལ་པོ་ཨ་ཤོ་ཀས་ལྷ་སྲིན་གྱིས་གྲོགས་བྱས་ཏེ་གཞེངས་པའི་རིང་བསྲེལ་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གི་གྲས་གཅིག་ཡོད་པ་ཁོང་གཉིས་ཀྱིས་ངོ་ཤེས་ནས་དེར་དེ་ཉིད་སྙིང་པོར་བཞུགས་པའི་མཆོད་རྟེན་ཆེ་བ་གཅིག་དང་ཥིའན་ཐུང་ཟིའི་དགོན་པ་བཏབ། རབ་བྱུང་དྲུག་བརྒྱ་ཉི་ཤུ་དང་། བཙུན་མ་གཉིས་བརྒྱ་སུམ་བཅུ་སྒྲུབ་པ་རབ་བྱུང་དང་གཙུག་ལག་ཁང་གི་ཐོག་མ་ཡིན་ལ། དགྲ་བཅོམ་པས་ཐེག་པ་ཆུང་ངུའི་མདོ་སྡེ་ནས་ཉེར་མཁོ་བསྡུས་པའི་མདོ་སྡེ་རིམ་པར་ཕྱེ་བ་ཞེ་

གཉིས་པ་ཞེས་བྱ་བ་བསྒྱུར་བ་དེང་སང་འདུག་ལ། པཎྜི་ཏས་ས་བཅུ་པའི་མདོ་ལ་སོགས་པའི་མདོ་སྡེ་ལྔ་བསྒྱུར་བར་གྲགས་ཀྱང་ད་ལྟ་མ་བཞུགས་སོ། །
