རྒྱ་ནག་ཆོས་འབྱུང་།
བསྟན་འཛིན་གྱི་སྐྱེས་བུ་སུ་དག་བྱུང་བ།
(བསྟན་འཛིན་གྱི་སྐྱེས་བུ་སུ་དག་བྱུང་བ།)
གཞན་ཡང་བྱ་དང་རི་དྭགས་གྱི་སྐད་ཡན་ཆད་ཀྱི་རིག་གནས་མཐའ་དག་ལ་མཁས་ཤིང་ཁྱད་པར་མངོན་པ་མཛོད་ལ་རྩལ་ཐོན་པའི་སློབ་དཔོན་དུས་འཕགས། གནས་བརྟན་ཙི་ལུ་ཀཱཀྵ་དང་དགེ་བསྙེན་བདེ་འདུལ་སོགས་རྒྱ་གར་པཎྜི་ཏ་དྲུག་ཚན་རྣམ་ཐར་གཅིག་གིས་བསྡུས་པ། པཎྜི་ཏ་དྷརྨ་ཀཱ་ལ་སོགས་པ་ཐེག་པ་ཆེ་ཆུང་གི་འདུལ་བ་འཛིན་པ་གསུམ་དང་པཎྜི་ཏ་གཞན་གཅིག་བཅས་བཞི་ཚན། སློབ་དཔོན་ཚོགས་མཆོག་སྡེ་དང་དགེ་བསྙེན་ཊི་ཁིའན་ལྷན་དུ་བྱུང་བ་ལས་སློབ་དཔོན་གྱིས་རིང་བསྲེལ་གྱི་བྱིན་རླབས་ལ་བརྟེན་ནས་སུན་ཨུ་དབང་འདུལ་སྟེ་ལྷོ་པ་ཀི་ཡང་ནན་གྱི་གནས་སུ་བསྟན་པ་ཐོག་མར་བཙུགས་སོ། །དེ་དག་ནི་ཆེན་པོ་ཧཱན་གྱི་དུས་སུ་བྱུང་བའི་སྒྲ་བསྒྱུར་མཁན་པོ་མཐོ་ཤོས་རྣམས་ཡིན་ལ། དེ་ནས་སློབ་དཔོན་དྷཱརྨ་རཀྵི་ཏ་ཞེས་བྱ་བའི་ཧྭ་ཤང་ཞིག་ཆུང་ངུ་ནས་གནས་སྐོར་བའི་ཚུལ་གྱིས་འཕགས་ཡུལ་དབུས་མཐའ་མ་ལུས་པར་བགྲོད། སྐད་རིགས་མི་འདྲ་བ་གསུམ་ཅུ་རྩ་དྲུག་ལ་མཁས་པར་སྦྱངས། ཚུར་འཁོར་སྟེ། མདོ་སྡེ་བསྐལ་བཟང་། དམ་ཆོས་པད་དཀར་ཉི་ཁྲི་ལ་སོགས་པ་འགྱུར་གསར་དང་འགྱུར་བཅོས་མཛད་པ་སྡོམས་པར་པོ་ཏི་དྲུག་བརྒྱ་
༄༅། །བཅོ་ལྔ་བྱུང་ལ། སློབ་དཔོན་འདི་དོན་འགྱུར་ལ་ཤིན་ཏུ་མཁས་པས་ལོ་ཆེན་སྔ་མ་དག་གི་ཁྱུ་མཆོག་ཏུ་གྱུར་ཅིང་། ཀླུང་སྐམ་ཞིག་གི་འགྲམ་དུ་བདེན་པ་བརྡར་པས་ཆུ་ཡུར་གྱིས་བྱུང་བ་ད་ལྟའི་བར་ཡོད་ལ་གཞན་ཕན་ཆེ་བས་བྱང་ཆུབ་སེམས་དཔར་གྲགས། སློབ་མ་སྟོང་ཕྲག་དུ་མ་བྱུང་། དགུང་ལོ་དོན་བརྒྱད་པར་ཞི་བར་གཤེགས་སོ། ། ༈ གནས་བརྟན་ཤྲི་མི་ཏྲ་ཞེས་བྱ་བའི་རྒྱ་གར་བ་འདིར་ཕེབས་པའི་སྔགས་འཆང་གི་ཐོག་མ་ཡིན་ལ། རྨ་བྱ་ཆེན་མོ་ལ་སོགས་པ་གཟུངས་འགའ་ཞིག་ཀྱང་འགྱུར་སྣང་ངོ་། ། ༈ ཁ་ཆེའི་པཎྜི་ཏ་ཆེན་པོ་ཚོགས་འཕགས་དང་། དྷརྨ་ནནྡི་དང་། སངྒྷ་དེ་ཝ་དང་། སངྒྷ་རཀྵ་དང་། བུདྡྷ་རཀྴི་ཏ་རྣམས་དུས་མཉམ་དུ་བྱོན་སྟེ། རྒྱ་ནག་གི་མཁས་པ་བྱང་ཆུབ་བདེ་བ་དང་སངས་རྒྱས་དྲན་སོགས་བཅས་ཐེག་པ་ཆེན་པོའི་ཆོས་མང་པོ་བསྒྱུར་བ་དང་བཤད་འགྲེལ་སོགས་ཀྱི་སྒོ་ནས་རྒྱ་ཆེར་དར་བར་མཛད་ཅིང་། ཁྱད་པར་ཁྱིམ་བདག་མཁས་པ་ཆེན་པོ་ཅོའུ་ཅེང་དང་དྷརྨ་ནནྡི་དང་ཧྭ་ཤང་ཤེས་རབ་ལྷུན་པོས་ལས་བརྒྱ་ཐམ་པ་དང་ཆོས་མངོན་པའི་རིགས་གླེགས་བམ་བརྒྱ་དང་དྲུག་བསྒྱུར་ཏེ། ༈ ཁ་ཆེའི་པཎ་ཆེན་ཆོས་ཀྱི་ཤེས་རབ་དང་། རྒྱ་གར་མཁས་པ་དྷརྨ་ཀེ་ཏུས་མདོ་སྡེ་ཆོས་ཀྱི་ཕུང་པོ་ལ་སོགས་པ་གླེགས་བམ་ཉི་ཤུ་

རྩ་གཉིས་བསྒྱུར་ལ། པཎ་ཆེན་ལ་སློབ་མ་ཆོས་སྒྲོལ་ཞེས་བྱ་བའི་ཧྭ་ཤང་མཁས་པ་ཞིག་བྱུང་སྟེ། སློབ་དཔོན་ཡུལ་ལ་ལོག་རྗེས་ཕྱོགས་འགའ་ཞིག་ལ་བསྟན་པ་སྤེལ་མོད། འོན་ཀྱང་ཡུལ་དུས་ལ་གཟིགས་སམ་ཐེག་ཆེན་བགག་ནས་ཉན་ཐོས་ཀྱི་ལུགས་ཁོ་ནས་བསྐྱངས་སྐད་དོ། ། ༈ རིག་འཛིན་ཀུ་མ་ར་ཤྲི་ཞེས་བྱ་བ་རིག་པའི་གནས་མཐའ་དག་མཐར་སོན་ཅིང་མངོན་མཁྱེན་དང་རྫུ་འཕྲུལ་ཐོག་མེད་མངའ་བ་དེའི་གྲགས་པ་ཧོར་རིགས་ཀྱི་རྒྱ་རྒྱལ་ཧྥུ་ཀི་ཡན་གྱིས་ཐོས་པས་མི་རིང་བ་ཞིག་ན་བློན་པོ་ལྟས་མཁན་རྣམས་ཀྱིས་བཀྲ་ཤིས་པའི་ས་སྐར་མ་ཤར་བའི་རྒྱུ་མཚན་ཞུ་བར་མཐའ་འཁོབ་ནས་མཁས་པ་ཆེན་པོ་ཞིག་ཕན་གྲོགས་སུ་འབྱུང་བར་ལུང་བསྟན་པས། ཞོར་ལ་རྒྱ་གར་གྱི་ཡུལ་ཁམས་འགའ་ཞིག་ཐོབ་པར་འདོད་ནས་དམག་དཔོན་ལུའི་ཀྭང་དཔུང་ཆེན་པོ་དང་བཅས་གཏང་སྟེ་པཎྜི་ཏ་དང་ཙན་དན་ཇོ་བོ་གདན་དྲངས་པ་སོགས་ཕལ་ཆེར་བདག་གིས་ཙན་དན་ཇོ་བོའི་ལོ་རྒྱུས་སུ་བཤད་ཟིན་ལ། དུས་ཀྱི་དབང་གིས་ལིའང་ཊེའུ་གི་གནས་སུ་བསྟན་པ་ལ་བྱ་བ་མེད་པར་ལོ་བཅུ་དྲུག་ཐོགས། དེ་ནས་རྒྱ་རྒྱལ་ཡོའུ་ཥིང་གི་ཧུང་ཤིའི་ལོ་གསུམ་པར་རྒྱལ་པོ་དེའི་ན་རར་ལྗོན་ཤིང་ཆེན་པོ་ལེ་དབར་ལྷག་པའི་ཡལ་འདབ་ཅན་ཞིག་སྐྱེས་ཤིང་། ཥིའོའུ་ཡོའུ་ཡུའན་ཟེར་བའི་སྐྱེད་

༄༅། །ཚལ་ན་བཙོང་འབྲས་བཏབ་པ། ཆའི་ཞེས་བྱ་བའི་དྲི་ཞིམ་པའི་རྩྭར་བསྒྱུར་བར་ལྟས་མཁན་གྱིས་སྔ་མ་ལྟར་ལུང་བསྟན་པས། ལིའང་ཊེའུ་ནས་ཆང་ཨན་མཁར་དུ་གདན་དྲངས། ཀྭ་ཤིའི་མཚན་གསོལ། བཀུར་སྟི་ཆེན་པོ་བྱས་ཏེ་དམ་པའི་ཆོས་འཆད་པ་དང་བསྒྱུར་བར་སྙན་གསན་ཕབ་པས། ཅེའུ་ཧྭ་ཤང་གིས་གཙོས་སློབ་མ་མཁས་པ་བརྒྱད་བརྒྱ་དང་བཅས་རྡོར་གཅོད། བརྒྱད་སྟོང་པ། ས་བཅུ་པ། པད་དཀར། དྲི་མེད་གྲགས་པས་བསྟན་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། འཇིག་རྟེན་འཛིན་གྱིས་ཞུས་པ། བདེ་གཤེགས་སྙིང་པོ། བྱང་ཆུབ་སེམས་དཔའི་མཛོད་ལ་སོགས་པའི་བཀའ་དང་། བྱང་སྡོམ་འགྲེལ་པ། སྒོ་བརྒྱ་དང་བཅུ་གཉིས་པ་སོགས་བསྟན་བཅོས་ཁྱོན་སྡོམ་བམ་པོ་གསུམ་བརྒྱ་ལྷག་པ་བསྒྱུར་ཞིང་། འགྱུར་བཅོས་ཀྱང་ཤིན་ཏུ་མང་། བཤད་འགྲེལ་གྱི་སྒོ་ནས་ཀྱང་ཐེག་པ་ཆེན་པོའི་བསྟན་པ་རྒྱ་ཆེར་སྤེལ། ཡུལ་ཕྱོགས་འདིར་ཇི་ལྟར་ན་བསྟན་འགྲོ་ལ་ཕན་ཐོགས་ཆེ་ཚུལ་ལེགས་པར་བརྟགས་ནས། གསང་སྔགས་བྱིངས་ལ་མ་གནང་ཞིང་བཀའ་ཡིས་བཅད། འགའ་ཞིག་ལ་སྡོམ་པ་དངོས་སུ་གྱུར་པ་དང་། དེ་མིན་ཀྱང་བག་ཆགས་སུ་གྱུར་པ་སོགས་དོན་མང་པོ་ལ་དགོངས་ཟེར་སྟེ། གང་ལྟར་བསྙེན་རྫོགས་ཀྱི་རྗེས་ལ་བྱང་སྡོམ་ལེན་པའི་སྲོལ་བཙུགས་

པ་ད་ལྟའི་བར་ཁྱབ་ཆེའོ། །རིག་མ་བཅུ་ཡོད་པར་དགེ་འདུན་རྣམས་མ་རངས་པས་ཁབ་སྡེར་གང་བཞེས་ནས་མ་དད་པ་ལྡོག་པའི་ལོ་རྒྱུས་ཡོད་ལ། འོན་ཀྱང་དེ་ནས་ཁྲི་ཟུར་པ་མཛད་དེ། གདན་སར་ཅེའུ་ཧྭ་ཤང་བཞག །དགུང་ལོ་ཞེ་གཉིས་པར་ཞི་བར་གཤེགས་པའི་སྤུར་སྦྱངས་པ་ལྗགས་མ་ཉམས་པར་བྱོན་ཏོ། །འགའ་ཞིག་གིས་དགེ་ཚུལ་སློང་དང་བྱང་སྡོམ་ཆིག་རྫོགས་སུ་བསྒྲུབ་སྲོལ་འདི་རྩ་བའི་མཁན་པོ་དགྲ་བཅོམ་པ་ཉེ་བར་འཁོར་ནས་བཟུང་ཡོད་སྟེ། ད་མ་ཨུ་ཏ་ར་དང་། ད་མ་ཀ་ར། སངྒྷ་ཝརྨ་སོགས་ཀྱང་དེ་ལྟར་མཛད་ཟེར་རོ། །སྣམ་སྦྱར་གྱི་ཚལ་བུ་ནི་བྱ་སྤུ་ཡས་གནོན་གྱི་ཚུལ་དང་ཤིན་ཏུ་མཐུན་ལ། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་སྐུ་ཆོས་ཀྱང་འདི་བཞིན་འདུག་ཅེས་སྨྲ་བ་ཐོས་སོ། །རྟགས་མེད་པ་ནི། ཡུལ་འདིར་སྡེ་པ་གཅིག་བུ་ལས་མེད་པས་འཁྲུལ་དོགས་མི་དགོས་ཤིང་། དཔོན་རྟགས་ཕུ་ཙི་དང་འདྲ་ཞེས་འཕྱ་མཁན་བྱུང་བས་བཏང་སྙོམས་སུ་བྱས་ཟེར་རོ། །རྩ་བ་བཞི་ནས་རྩོད་པ་ཞི་བྱེད་བདུན་གྱི་བར་ནི་བོད་དང་ཁྱད་པར་མེད་དེ། བསླབ་པའི་ཆོས་མང་པོའི་སྐོར་ལ་ཡུལ་བསྟུན་གྱིས་སྡེ་པ་གཞན་དག་ནས་བླངས་པ་ཕྲན་བུ་ཡོད་དམ་སྙམ་མོད། རྟེན་དམན་པས་དགག་བྱའི་དབང་གིས་འདུལ་སྐོར་ལ་ལྟ་རྟོགས་དང་འདྲི་མོལ་ཞིབ་ཏུ་མ་བྱས་སོ། ། ༈ འདུལ་བ་འཛིན་པ་ཆེན་པོ་སངས་རྒྱས་ཡེ་ཤེས་དང་

༄༅། །བི་མ་ལ་ཙཀྵུ་དང་དྷརྨ་རུ་ཙི་ཞེས་བྱ་བ་ཡང་ཀུ་མ་ར་དང་མཉམ་དུ་བྱུང་ལ་ལུང་སྡེ་བཞི་སོགས་འདུལ་བའི་སྐོར་མང་པོ་བསྒྱུར་ཅིང་དགེ་སྦྱོང་གི་ཆོས་ལུགས་ཀྱང་མཛུབ་ཁྲིད་དུ་གནང་སྟེ་འདུལ་བསྟན་རྒྱ་ཆེར་སྤེལ་ཏོ། ། ༈ ཤཱཀྱ་བདུད་རྩི་ཟས་ཀྱི་རིགས་ལས་མཁན་ཆེན་བུདྡྷཱ་བྷཏྲ་ཞེས་བྱ་བ་མངོན་ཤེས་དང་ལྡན་པའི་མཁས་པ་གཅིག་ཀུ་མ་རའི་རྗེས་སུ་བྱུང་སྟེ། ཞུ་ཆེན་བྱས་ཤིང་ཁྱད་པར་ཞི་ལྷག་ཆེས་དར་བར་མཛད། མངོན་ཤེས་ཐོགས་མེད་དུ་སོང་བས་སློབ་མ་དང་སྦྱིན་བདག་ཤིན་ཏུ་མང་བ་ལ། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་བའི་དཔེ་བདེན་པར་སྣང་སྟེ། བླུན་དད་ཅན་དང་ཟང་ཟིང་དོན་གཉེར་གྱི་སློབ་མ་འགའ་ཞིག་གིས་བླ་མས་འདི་འབྱུང་ཟེར། འདི་འོང་ཟེར་ཞེས་བསྒྲགས་པ་མང་ཐལ་བས་ཕལ་མོ་ཆེས་བསུན་སྟེ་ཡ་ག་སྒྲོགས་པར་བརྟེན། ཇོ་བོ་རྗེ་བསམ་ཡས་སུ་བཞུགས་སྐབས། བཙུན་མོ་སྡིག་ཅན་གྱིས་ཡ་ག་སྒྲགས་པ་ལ། །གང་ན་འཐབ་ཅིང་རྩོད་པ་ཡོད་པ་བས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བར་བྱ། །བྱ་བ་ཡིན་པས་འགྲོ་དགོས་གསུང་ནས་བསམ་ཡས་ནས་ཐེགས་པའི་ལོ་རྒྱུས་ལྟར། སློབ་དཔོན་གྱིས་རྐྱེན་དེས་ཐུགས་བསུན་སྟེ། རྒྱལ་པོས་བཤོལ་བཏབ་ཀྱང་མ་ཉན་པར་འཕགས་ཡུལ་དུ་ཆས་པ་ན། ལྷོ་པ་ཀིའང་ནན་གྱི་རྒྱལ་པོའི་བློན་

པོ་ཞིག་ལམ་བར་ནས་བསུས་ཏེ། རྒྱལ་ཁམས་དེར་ཕེབས། མྱང་འདས་དང་མདོ་སྡེ་ཐབས་ལ་མཁས་པའི་འགྲེལ་པ་སོགས་བམ་པོ་བརྒྱ་དང་བདུན་བསྒྱུར། དགུང་ལོ་བདུན་ཅུ་རྩ་གཅིག་ལ་ཆོས་དབྱིངས་སུ་གཤེགས་སོ། ། ༈ མ་ག་དྷཱའི་པཎྜི་ཏ་དྷརྨོཥྚ་ཞེས་བྱ་བ་རང་ཡུལ་ན་ཡང་གྲུབ་ཐོབ་ཏུ་གྲགས་པ་ཞིག་ལིའང་ཊེའུ་གི་གནས་སུ་བྱོན། ཁམས་ཀྱི་རྒྱལ་པོ་མེང་ཥུན་བླ་མར་བཀུར་ཞིང་། ལོ་ཙཱ་བ་ཤེས་རབ་ལྷུན་པོས་རོགས་རམས་བྱས་ཏེ། འདུས་པ་ཆེན་པོའི་སྐོར་འགའ་དང་། སྤྲིན་ཆེན་དང་། སྙིང་རྗེ་པད་དཀར། ས་སྲུང་གི་མདོ། གསེར་འོད། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལ་སོགས་པ་བམ་པོ་བརྒྱ་ལྷག་བསྒྱུར། སྔགས་ཀྱི་ནུས་མཐུ་ཆེ་བའི་གྲགས་པ་བྱང་པ་ཡུ་གུར་གྱི་རྒྱལ་པོས་ཚོར་ནས་འབོད་མི་བཏང་ཀྱང་འཕངས་ཆེ་བས། སློབ་དཔོན་མི་འདོད་པའི་སྙད་ཀྱི་མ་རྫངས་། སླར་འཕྲོག་གིས་དོགས་ནས་ཡིད་མི་བདེ་བར་གྱུར་པ་ན། སློབ་དཔོན་གྱིས་འཁྲུགས་སློང་གི་རྒྱུར་འགྱུར་བར་དགོངས་ཏེ། སླར་ཡུལ་ལ་ལོག་དགོས་ཚུལ་ཞུས་པ། རྒྱལ་པོ་མེང་ཥུན་གྱིས་མི་དགའ་ནས། མིག་ཆོས་སུ་སྐྱེལ་ཐུང་གི་རི་མོར་བཀུར་སྟི་དང་འབུལ་བ་གྱ་ནོམ་པ་བྱས་ཤིང་ལྐོག་ཏུ་ཕོ་ཉ་བཀྱེ་སྟེ་བཀྲོངས་སོ། །དེར་རྒྱལ་ཁམས་དེའི་སྐྱ་སེར་ཐམས་ཅད་ཀྱིས། ཡོན་ཏན་དང་གྲགས་པས་སྲོག་ལ་རྒོལ་བ་འདི་

༄༅། །འདྲ་ཞེས་སྐྱོ་ཤས་ཀྱི་ཚིག་གིས་རེ་ཞིག་དུས་འདའ་བར་གྱུར་ཏོ། །དེའི་སློབ་མ་ལམ་ཞུགས་ཞེས་བྱ་བ་ བཅོམ་ལྡན་འདས་ཀྱི་ཞལ་མཐོང་བ་ཞིག་གིས་བརྒྱུད་པ་འཛིན་སྟེ་ཐེག་པ་ཆེན་པོའི་བློ་སྦྱོང་གི་སྒོ་ནས་གདུལ་བྱ་མང་པོ་ལ་ཕན་ཐོགས་ཞིང་། དེ་ལ་སློབ་མ་སྟོང་ལྷག་བྱུང་སྐད་དོ། །ཡང་མེང་ཥུན་གྱི་ནུ་བོ་ཨན་ཡན་ཧེའུ་བྱ་བས་པཎྜི་ཏ་དེ་ལ་དགེ་བསྙེན་གྱི་སྡོམ་པ་ནོས་པ་ཞིག་རྒྱ་གར་དུ་བྱོན། མིའི་སེང་གེར་གྲགས་པའི་སློབ་དཔོན་བུདྷཱ་སེ་ན་ལས་སྔགས་ཀྱི་སྨིན་གྲོལ་ཁ་ཤས་ཐོབ། ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་སོགས་སྒྲུབ་ཐབས་འགའ་ཞིག་སྤྱན་དྲངས་ནས་རང་འགྱུར་དུ་བསྒྱུར་བ་སྣང་། ༈ སློབ་དཔོན་ཐོས་བཟུང་ཞེས་བྱ་བ་ཟླ་བོ་བཞི་བཅས་རྒྱ་གར་དུ་བྱོན། མ་ག་དྷར་རྒྱ་གར་གྱི་སྐད་དང་རིག་གནས་འགའ་བསླབས། དཀའ་བ་མང་པོ་སྤྱད་ཅིང་སིངྒྷ་ལའི་བར་དུ་བགྲོད། གནས་བརྟན་འོད་སྲུང་གི་དངོས་སློབ་ཞིག་མཐོང་ཡང་ཆོས་ཞུ་བ་མ་བྱུང་སྐད། ཟླ་བོ་རྣམས་ཆུད་ཟོས་ཏེ་སློབ་དཔོན་གཅིག་བུར་ཚོང་པ་དང་འགྲོགས་ནས་ཚུར་འཁོར། ཕལ་ཆེན་སྡེའི་འདུལ་བ་ལ་སོགས་པའི་ཆོས་མང་པོ་རང་བསྒྱུར་དུ་མཛད་ཅིང་འགྲོ་དོན་ཀྱང་ཆེ་ལ། དགུང་ལོ་བརྒྱད་ཅུ་རྩ་དྲུག་ཐོག་ཞིང་ཁམས་བརྗེས་སོ། ། ༈ ཧྭ་ཤང་དྷརྨོོ་ཀྲ་ཞེས་བྱ་བ་འཕགས་ཡུལ་དུ་བྱོན་

ནས་འཕགས་པ་བུདྡྷཱ་ཏ་ཏར་བསྙེན་རྫོགས་ཞུས། འདུལ་བ་ལ་རྩལ་ཐོན་པར་སྦྱངས། གནས་ཆེན་མང་པོ་བགྲོད། འོན་ཀྱང་རྒྱ་གར་དུ་ཧ་ཅང་འགོར་བས་ཕྱོགས་འདིར་འགྲོ་དོན་ཆེན་པོ་མ་བྱུང་ལ། སྤྱན་རས་གཟིགས་ལུང་བསྟན་པའི་མདོ་སོགས་འགའ་ཞིག་བསྒྱུར་བ་སྣང་ངོ་། ། ༈ ཁ་ཆེའི་འདུལ་བ་འཛིན་པ་ཆེན་པོ་བུདྡྷ་ཤྲཱི་ཞེས་བྱ་བ་ཀིའང་ནན་དུ་བྱོན་སྟེ་། གནས་བརྟན་ཡེ་ཤེས་རྒྱལ་གྱིས་ལོ་ཙཱ་དང་། ལང་ཡེ་དབང་ལིའུ་ལིའང་གྱིས་སྦྱིན་བདག་བྱས་ནས་ཕྱེ་སྟེ་སྨྲ་བའི་སྡེའི་འདུལ་བའི་སྐོར་དང་ལས་ཆོག་བསྡུས་དོན་སོགས་གླེགས་བམ་སུམ་ཅུ་རྩ་གསུམ་བསྒྱུར་ཏོ། ། ༈ ཧྭ་ཤང་བྱང་ཆུབ་འཕེལ་ཞེས་བྱ་བ་བྷངྒ་ལར་ཕྱིན། སློབ་གཉེར་དང་གནས་འཇལ་འདྲ་བྱས། མངོན་པ་སྡེ་བདུན་གྱི་དོན་བསྡུས་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ཤོ་ལོ་ཀ་འབུམ་པ་སྤྱན་དྲངས། འདི་ལ་ཁྱད་པར་དུ་མཁས་པ་ཞིག་བརྙེད་ལ་བསྒྱུར་དགོས་སྙམ་ནས་ཐུགས་རྩིགས་ཆེ་བར་མཛད་སྐབས། འཕགས་ཡུལ་ནས་བུདྡྷཱ་ཝཱརྨ་ཞེས་བྱ་བ་སྡེ་སྣོད་གསུམ་ཀ་དང་ཁྱད་པར་མངོན་པ་ལ་བོགས་ཐོན་པའི་མཁས་པ་ཞིག་བྱོན། དེས་སྒྲ་བསྒྱུར་མཁན་པོ། རང་ཉིད་དང་ཧྭ་ཤང་ཤེས་རབ་བརྩེགས་ཀྱིས་ལོ་ཙཱ། མེང་ཥུན་གྱི་བུ་རྒྱལ་པོ་མུ་ཁིའན་གྱིས་སྦྱིན་བདག་བྱས་ནས་བསྒྱུར་བས་བམ་པོ་ཆིག་བརྒྱ་བྱུང། མི་རིང་བར་ཡུ་གུར་གྱིས་

༄༅། །དམག་རྒྱབ་པས་གནམ་འཐོར་ས་འཐོར་གྱིས་མཁན་པོ་ཡུལ་ལ་ལོག །ཆོས་དེའི་བམ་པོ་བཞི་བཅུ་ཙམ་དབྱིངས་སུ་ཡལ་སྟེ། ད་ལྟ་བམ་པོ་དྲུག་ཅུ་ལུས་སོ། ། ༈ ཧྭ་ཤང་ཡེ་ཤེས་རྒྱན་དང་རིན་ཆེན་སྤྲིན་ཞེས་བྱ་བ་གཉིས་སྔ་ཕྱིར་རྒྱ་གར་དུ་བྱོན་སྟེ། སློབ་གཉེར་བྱས་སྔ་མས་དགེ་བསྙེན་གྱི་དུས་སུ་བསླབ་གཞི་གཅིག་ལ་སྐྱོན་བྱུང་བ་ལ་ཕྱིས་བཤགས་སྡོམ་དྲག་ཏུ་བྱས་ཀྱང་དག་གམ་མ་དག་གི་ཐེ་ཚོམ་ཡོད་པ་རྒྱ་གར་མཁས་པ་དག་ལ་དྲིས་པས། དེ་དག་གིས་ལུང་རིག་གི་སྒོ་ནས་དག་པར་བཤད་ཀྱང་ད་དུང་ཐེ་ཚོམ་ཡོངས་སུ་མ་ཆོད་པ་ན། སློབ་དཔོན་ཞིག་གིས་བྱམས་པ་བསྒོམ་དུ་བཅུག་པས། རྨི་ལམ་ན་དགའ་ལྡན་དུ་ཕྱིན། དེར་རྒྱལ་བ་མ་ཕམ་པ་ལ་དྲིས་པས། མ་ཕམ་པས་དག་གོ་གསུངས་མ་ཐག་ཐེ་ཚོམ་གྱི་འདུད་པ་རང་གྲོལ་དུ་སོང་ངོ་། །ལོ་ཙ་གཉིས་ཀྱིས་རྒྱ་ཆེ་རོལ་པ་དང་། དྲང་སྲོང་རྒྱས་པར་ཞུས་པ། རྒྱན་བཀོད་པ། རྒྱལ་ཆེན་བཞིས་ཞུས། ཚེ་མདོ་རྣམས་བསྒྱུར་ཞིང་ཕྱི་མ་ལོ་ཆེན་དུ་གྲགས། རྒྱན་གྱིས་བདུན་ཅུ་རྩ་བརྒྱད་ཐོག་ཁ་ཆེའི་ཡུལ་དུ་འདས་ཞིང་། སྤྲིན་གྱིས་དོན་བཞི་ཐོག་རང་ཡུལ་དུ་ཞི་བར་གཤེགས་སོ། ། ༈ ཁ་ཆེའི་རྒྱལ་པོ་ཧ་རི་བྷ་དྲའི་རིག་སྲས་རྒྱལ་ཚབ་སྤང་སྟེ་རབ་ཏུ་བྱུང་བ་གསུང་རབ་ཡན་ལག་དགུ་དང་རིག་བྱེད་བཞི་ལ་ཡོངས་སུ་མཁས་

པའི་སློབ་དཔོན་གུ་ཎ་ཝཱརྨ་ཞེས་བྱ་བ། ཀིའང་ནན་གྱི་སུང་ཝེན་རྒྱལ་པོས་སྤྱན་དྲངས། གཙུག་ལག་ཁང་འགའ་ཞིག་བཞེངས། སློབ་དཔོན་གྱིས་ཕྱག་བྲིས་མཛད་པའི་སྐུ་བརྙན་ཞིག་ལས་མཚན་མོ་འོད་ཟེར་འཕྲོ་བ་སོགས་ངོ་མཚར་བའི་གནས་ཀྱང་གདའ། དམ་ཆོས་པད་དཀར་དང་ས་བཅུ་པའི་མདོ་གཉིས་ལ་ཚོགས་བཤད་མཛད་ཅིང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལེའུ་སུམ་ཅུ་པ་སོགས་བམ་པོ་བདུན་ཅུར་ལོངས་པའི་ཆོས་འགའ་ཞིག་བསྒྱུར། སིངྒྷ་ལའི་དགེ་སློང་མ་དེ་བ་ས་རཱ་སོགས། རྒྱ་གར་ནས་དགེ་སློང་མ་བཅུ་ཕྲག་གཅིག་གདན་དྲངས་ལ་རྒྱ་ཡུལ་དུ་འཁོར་རྣམ་བཞི་རྫོགས་པར་བྱས། རེ་ལྔའི་ཐོག་སྐུ་འཐོར་བའི་རིང་བསྲེལ་གྱི་མཆོད་རྟེན་ཞིག་ཀྱང་བཞེངས་སོ། །གནས་བརྟན་སངྒྷ་ཝརྨ་དང་དྷཱརྨཱ་མི་ཏ་ཞེས་བྱ་བ་ཡང་དུས་མཉམ་དུ་བྱོན་སྟེ་བསྟན་སྤེལ་གྱི་སྟོང་གྲོགས་རྒྱ་ཆེར་བྱས་ཤིང་སྔ་མ་ཚེ་སྨད་ལ་རང་ཡུལ་དུ་བཞུད་ཕྱི་མས་བརྒྱད་ཅུ་རྩ་བདུན་ཐོག་རྒྱ་ཡུལ་དུ་འདས་སོ། ། ༈ དེའི་དུས་རྒྱ་གར་མཁན་པོ་ཀ་ལ་ཡ་ཤ་ཞེས་བྱ་བ་དང་ལོ་ཙ་བ་ཚོགས་གཉེན་གྱིས་སྨན་པའི་རྒྱལ་པོ་དང་། སྨན་མཆོག །ཚེ་དཔག་མེད་ཀྱི་སྒྲུབ་ཐབས་རྣམས་བསྒྱུར་ཞིང་ལོ་ཙ་ཤེས་རབ་དཔའ་བོ། མཁན་པོ་སངྒྷ་དཱ་ཧ། སངྒྷ་རཀྵ། རཏྣ་མ་ཏི། གུ་ཎ་བྷ་ཏྲ་རྣམས་སོ་སོ་ནས་བསྟན་པ་ལ་བྱ་བ་བྱས་ཏེ། དང་པོས་མྱང་འདས་ཀྱི་སྨད་ཆ་ཕྱོགས་ཙམ་

༄༅། །ལུས་པའི་འཐུད་འགྱུར་དང་། ཐ་མས་མཁན་པོ་དང་། ལོ་ཙ་བ་རིན་ཆེན་སྤྲིན་དང་། ཤེར་མཐོང་གིས་ལོ་ཙཱ་བྱས་ཏེ། ལུང་ཕྲན་ཚེགས། དཔལ་ཕྲེང་སེང་གེའི་སྒྲ། ལང་གཤེགས། རྒྱལ་པོ་ཨ་ཤོ་ཀའི་སྔོན་བྱུང་དང་ད་ལྟའི་རྒྱུ་འབྲས་བསྟན་པ། རྔ་བོ་ཆེའི་མདོ། ཚེ་མདོ། སོར་འཕྲེང་ལུང་བསྟན། ཕར་ཕྱིན་གྱི་ངེས་དོན་བསྟན་པ། བཀྲ་ཤིས་བརྒྱད་པ་སོགས་བསྒྱུར། སྦྱིན་བདག་བྱིའོའུ་དབང་གིས་ཕལ་པོ་ཆེ་ཚོགས་བཤད་མཛད་པར་སྙན་གསན་ཕབ་པས། སློབ་དཔོན་གྱིས་རྒྱ་སྐད་གསུང་ལུགས་མི་བཟང་བས་ཉན་པ་པོས་གོ་དཀའ་བར་དོགས། མཚམས་དམ་སྟེ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས། ནུབ་གཅིག་རྨི་ལམ་ན་ཁྱེའུ་དཀར་པོ་གོས་དཀར་པོ་གྱོན་པ་ཕྱག་ན་རལ་གྲི་དང་མི་མགོ་རློན་པ་ཐོགས་པ་ཅིག་བྱུང་ནས། སློབ་དཔོན་གྱི་དབུ་བཅད་ཚབ་ཏུ་མགོ་རློན་དེ་འཛུགས་པ་རྨིས། མནལ་སད་ཙ་ན་རྒྱ་སྐད་ལ་རྒྱ་མི་དང་ཁྱད་པར་མེད་པར་གྱུར་པས་ཐམས་ཅད་ཀྱིས་ངོ་མཚར་སྐྱེས། བཤད་འགྱུར་གྱི་སྒོ་ནས་འགྲོ་དོན་བསྐྱངས་ཏེ། དགུང་ལོ་དོན་ལྔ་ན་མེ་ཏོག་གི་ཆར་ལ་སོགས་པའི་ལྟས་དང་བཅས་ཏེ་ཞིང་ཁམས་བརྗེས་སོ། ། ༈ མ་གྷ་དྷཱའི་པཎྜི་ཏ་ཆེན་པོ་གུ་ཎ་པ་ཏི་ཞེས་བྱ་བ་ཀིའང་ནན་དུ་བྱོན། དབང་ཀུང་མི་བཟང་ཕལ་མོ་ཆེས་བླ་མར་བཀུར། ཐེག་པ་ཆེན་པོའི་སློབ་དཔོན་སངྒྷ་སེ་ནས་མཛད་པའི་

དཔེ་ཆོས་བརྒྱ་པ། རྟེན་འབྲེལ་བཅུ་གཉིས་པའི་མདོ། མགོན་མེད་ཟས་སྦྱིན་གྱི་མདོ་ལ་སོགས་པ་ཁྱོན་སྡོམ་གླེགས་བམ་བཅུ་གཉིས་ཙམ་བསྒྱུར། ཅེང་ཀྭན་ཟི་ཟེར་བའི་དགོན་གསར་བཏབ་ཅིང་དགེ་འདུན་གྱི་སྡེ་བཙུགས། འགྲོ་དོན་ཀྱང་ཆེ། ཡང་དེར་པཎ་ཆེན་ཀམ་བྷ་ལ་བ་ཞེས་བྱ་བ་ཡང་བྱུང་ནས་ལོ་ཙཱ་བ་ཤཱཀྱ་རིན་ཆེན་སོགས་བཅས་མྱ་ངན་མེད་ཆེན་པོའི་མདོ། སོ་སོར་ཐར་པའི་ལམ་འགྲེལ་སོགས་བམ་པོ་སོ་སོ་གསུམ་ལོངས་པ་བསྒྱུར་ཏོ། ། ༈ །ཆེན་པོ་ཧཱན་གྱི་རིང་ལ་ཤེར་ཕྱིན་གྱི་སྐོར་ལས་བརྒྱད་སྟོང་པ་ཡན་ཆད་མ་བྱུང་བས། ཧྭ་ཤང་ཞི་ཧེང་ཞེས་བྱ་བས་རྒྱས་པ་སྤྱན་དྲངས་པར་འདོད་ནས་རྒྱ་གར་དུ་ཕྱིན། སྟོང་ཕྲག་ཉི་ཤུ་ལྔ་པ་གདན་དྲངས་ཏེ་ལོག་ཙ་ན། ཐེག་དམན་ཤ་སྟག་སྤྱོད་པའི་གནས་ཤིག་གི་དགེ་འདུན་དང་ཡུལ་དཔོན་སྡོངས་ནས་བཀག་ཅིང་། དཔེ་ཆ་ཡང་མེ་ལ་བསྲེགས་པར་བརྩམས་ཚེ། ཧྭ་ཤང་གིས་གདུང་ཤུགས་དྲགས་པོས་གསོལ་བ་བཏབ་པས། འབར་བ་རང་ཤིར་སོང་སྟེ་སྦོར་མ་ཐུབ་པར་ངོ་མཚར་སྐྱེས་ནས་དེ་ཚོས་ཐེག་ཆེན་ལ་དད་པ་ཐོབ། ཆོས་ཋེན་ལེའུ་གི་གནས་སུ་བགེགས་མེད་པར་གདན་དྲངས། འཕགས་ཡུལ་བ་པཎ་དཀར་ཤུ་རམ་ཀ་དང་གནས་བརྟན་གཽ་རཀྵ་ཅན་བཅས་རྒྱ་སྐད་དུ་བསྒྱུར། དེ་དག་དང་རྒྱ་གར་གྱི་སློབ་དཔོན་དགེ་འདུན་འཕེལ་སོགས་ཀྱིས་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་དར་བར་མཛད་དེ།

༄༅། །དེ་དུས་སྟོང་ཕྲག་བརྒྱ་པ་ད་དུང་མ་ཕེབས་པས། ཉི་ཁྲི་དང་བརྒྱད་སྟོང་པ་ལ་ཡུམ་ཆེ་ཆུང་གི་ཐ་སྙད་ཆགས་སོ། ། ༈ ལོ་ཆེན་ཆོས་སྐྱོབ་ཀྱི་དངོས་སློབ་ཧྭ་ཤང་ཧྥ་ཆེང་ཞེས་བྱ་བའི་མཁས་བཙུན་བཟང་པོའི་ཡོན་ཏན་ཚང་བ་ཞིག་གིས། རྒྱ་བོད་ཀྱིས་མཚམས་ཏུན་ཧུའང་གི་གནས་སུ་ཕེབས་ཏེ། ལྷ་ཁང་ཐོག་མར་བཞེངས། ཡུལ་མི་རྣམས་ལ་བློ་བསྟུན་གྱི་ཆོས་བཤད་དེ་བསྟན་པ་ལ་འཛུད་པས་ཉི་མ་ནུབ་ཕྱོགས་སུ་དམ་པའི་ཆོས་ཀྱི་མཚན་ཐོག་མར་བསྒྲགས་པར་གྱུར་ཏོ། ། ༈ ཧྭ་ཤང་ཧྥ་ཤེན་དང་དྷའུ་ལིན་ཟེར་བ་བཤད་པ་ལ་མཁས་པ་གཉིས་མཉམ་དུ་བྱུང་སྟེ་ལྷག་པར་བཞུ་དང་བོན་གྱི་བསྟན་བཅོས་ཀྱང་བན་ཆོས་དང་མཐུན་པར་བཀྲལ་བ་ལ་མཁས་པས། ཇིན་གྱི་དུས་སུ་ལྷོ་པ་ཀིའང་ནན་གྱི་ས་ཆར་ཁྱབ་གདལ་དུ་མཆོག་གསུམ་བླ་མར་འཛིན་པའི་སྲོལ་ཆགས་པའང་འདི་གཉིས་ཀྱི་བཀའ་དྲིན་ཡིན་ལ། སྔ་མ་ནི་ཇིན་ཨའི་དྷི་རྒྱལ་པོས་སློབ་དཔོན་དུ་བཀུར་བ་ཞིག་སྟེ་ཕྱིས་ཀུན་སྤང་མཛད་ནས་རི་ཁྲོད་དུ་བཞུགས། དགུང་ལོ་བརྒྱད་ཅུ་རྩ་དགུར་ཞི་བར་གཤེགས་སོ། ། ༈ བྷའུ་ཨན་ཧྥ་ཤིའ་ཞེས་བྱ་བ་ཐོས་པས་ཕྱུག་ཅིང་རྟེན་འབྲེལ་བརྟག་པས་མཚོན་སྒྱུ་རྩལ་དང་རིག་གནས་ཐམས་ཅད་ལ་མཁས་པ། མངོན་མཁྱེན་ཐོགས་མེད་མངའ་བ། ལྷོ་བྱང་གི་རྒྱལ་ཆེན་གཉིས་དང་ཁམས་རྒྱལ་མང་པོའི་མཆོད་

གནས་སུ་གྱུར་པ་ཞིག་གིས། ཤེར་ཕྱིན་ཉི་ཤུ་ལྔ་པར་འགྲེལ་པ་བམ་པོ་ཉེར་གཉིས་ཡོད་པ་གཅིག་མཛད་ཅིང་། བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་ཐོག་མར་བསྒྲིགས། རྒྱ་གར་གྱི་སློབ་དཔོན་སངྒྷ་དེ་བ། དྷརྨ་ནནྡི་སོགས་ལ་གྲོགས་བཅོལ་སྟེ་བཀའ་བསྟན་མང་པོ་བསྒྱུར། སློབ་མ་ཧུའི་ཡྭན་ཞེས་བྱ་བ་ཀིའང་སིའི་ས་ཆར་བྱོན། དབེན་གནས་ཉམས་དགའ་བ་ཞིག་ཏུ་དགོན་པ་འདེབས་པར་འདོད་ཀྱང་། ཆུ་མེད་པས་ཐོགས་པ་ན་ཕུག་ཞིག་ན་ཕྱག་མཁར་བཙུགས་ཏེ་འདིར་ཆུ་མིག་ཞིག་འདུག་ན་གསུངས་མ་ཐག་དེ་ཉིད་དུ་ཆུ་ཡུར་གྱིས་བརྡོལ། དེས་ཀིའང་སི་དང་མཆེད་གྲོགས་ཧུའི་ཐི་ཞེས་བྱ་བས་ཟི་ཆུའན་གྱི་གནས་སུ་བསྟན་པ་རྒྱ་ཆེར་སྤེལ། སྤྱིར་རང་ཚུགས་ཐུབ་པའི་སློབ་མ་བཞི་བརྒྱ་ཡོད་པར་གྲགས་ལ། དེ་ལྟར་དངོས་སློབ་དང་ཡང་སློབ་མང་དུ་མཆེད་དེ། ལྷོ་བྱང་གི་སྤུ་རིས་མ་ཕྱེད་པར་བསྟན་འཕེལ་དང་འགྲོ་ཕན་ཤིན་ཏུ་ཆེ་བ་བྱུང་། དཔོན་སློབ་དེ་དག་དང་། ཀུ་མ་རའི་དངོས་སློབ་ཅེའུ་ཧྭ་ཤང་དང་དྷའུ་བཞུང་ཧྥ་ཤིའི་སོགས་ཀྱིས་ཡུམ་ཆེ་ཆུང་ལ་འགྲེལ་པ་དང་བཤད་ཐབས་སོགས་མཛད་ཅིང་འཆད་པའི་སྒོ་ནས་ཀྱང་སྦས་དོན་གསལ་བར་མཛད་པས་དེ་དག་ཤེར་ཕྱིན་གྱི་གདུལ་བྱ་ལ་བཀའ་དྲིན་འཁོར་ཐབས་མ་མཆིས་པ་དག་གོ །བྷའུ་བཞུང་འདི་ལེགས་སྦྱར་གྱི་སྐད་ལ་སྦྱངས་རྩལ་ཐོན་ཅིང་སྤོབས་པ་འགྲན་ཟླ་མེད་པས། དེ་དུས་སངྒྷི་ལའི་གླིང་ནས་ཕྱི་རོལ་པའི་པཎྜི་ཏ་བྲམ་ཟེ་ཆེན་

༄༅། །པོར་འབོད་པ་ཞིག །རྔ་མོ་ལ་རིག་བྱེད་བཀལ་སྟེ་བྱོན། རྒྱ་རྒྱལ་ཡོའུ་ཆང་ལ་རྒྱ་གར་གྱི་ཡུལ་ལྟར་ཁོ་པ་ཚོའི་སྒྲུབ་མཐའ་ཡང་འཛུགས་དགོས་ཞུས་པས། རྒྱལ་པོས་ཐེ་ཚོམ་ཟོས་ནས་ཀུ་མཱ་ར་ལ་དྲིས། ཁོང་གིས་བྲམ་ཟེ་རྩོད་པའི་དོན་དུ་འོང་བ་མིན་ཀྱང་། ཕྱིས་བརྒྱུད་རིམ་གྱིས་ནང་པ་ལ་གནོད་པ་ཡོང་ཤས་ཆེ་བས། རྒྱ་བན་ཞིག་གིས་ལྡོག་ཏུ་བཅུག་ན་ལེགས་ཅེས་ཞུས་སྟེ། བྷའུ་བཞུང་གཉེན་པོར་སྐོས་པས། བྲམ་ཟེ་བྱ་བ་ཞིག་ལ་ཅུང་ཟད་གཡེང་བའི་ཤུལ་དུ་དཔེ་ཆའི་མིང་བྱང་རྣམས་ལན་གཅིག་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། རྒྱལ་བློན་དང་སྐྱ་སེར་མང་པོ་ཚོགས་པའི་དབུས་ན་ཆེད་དུ་བགྲོ་གླེང་བརྩམ་པས་བྲམ་ཟེས་ཇེ་གཏུགས་ཇེ་གཏུགས་སུ་གྱུར་སྟེ། བདག་རྩོད་པ་དང་རྒོལ་བའི་དོན་དུ་འོངས་པ་མིན་གྱིས། མཧཱ་ཙི་ན་ཡུལ་གྲུ་ཆེན་པོ་ཡིན་གཤིས། རྒྱ་གར་དང་འདྲ་བར་ངེད་ཚོའི་ལུགས་ཀྱང་འཛུགས་ན་སྙམ་པ་ཡིན་བྱས་པས་ཧྭ་ཤང་ན་རེ་ཁྱེད་ཚོ་ལ་རིག་བྱེད་གང་བདོག་ཚང་མ་མཧཱ་ཙི་ན་ལ་ཡོད་གསུངས་ནས། རྒྱ་ནག་གི་རིག་བྱེད་སྒྱུ་རྩལ་ཐམས་ཅད་ཀྱི་མིང་ལེགས་སྦྱར་གྱིས་འདོན་ཞིང་། བར་བར་ན་ཁོ་པའི་གཙུག་ལག་གི་མིང་རྣམས་སྤེལ་ཏེ་བཏོན་པས་གསུམ་འགྱུར་གྱིས་མང་བ་བྱུང་བས་ཧ་ལས་ནས་ཚུར་ཕྱག་བྱས། དེ་ནས་ཀུ་མཱ་རས་ལོག་ན་བཟང་གསུངས་ཤིང་། རྒྱལ་པོས་བྱ་

དགའ་འགའ་ཞིག་གནང་ནས་སླར་བརྫངས་སོ། །དེ་ལ་བརྟེན་ནས་རྒྱ་ཡུལ་འདིར། རྒྱ་གར་གྱི་རྟག་ཆད་སྨྲ་བའི་མུ་སྟེགས་རང་དགའ་བ་ད་ལྟའི་བར་དུ་མ་བྱུང་བ་སློབ་དཔོན་འདིའི་བཀའ་དྲིན་ཡིན་པར་གདའོ། ། ༈ འཕགས་ཡུལ་ཀྱི་སློབ་དཔོན་ཧྥོ་ཐུ་ཋེང་།(བུདྡྷཀྵ་སྟེ་བློ་ལྡན་དབང་པོ་ཟེར་བ་ཡིན་ནམ་སྙམ)ཞེས་བྱ་བ་སྡེ་སྣོད་གསུམ་ལ་སྦྱངས་སྟོབས་ཆེ་ཞིང་། སྔགས་ཀྱི་གྲུབ་པ་ཐོབ་པ། མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་མངའ་བ་གཅིག་ཇིན་སྨད་ཀྱི་དུས་སུ་བྱོན། དེ་སྐབས་ཧུའི་ཙི་རྒྱལ་པོ་ཤི་ལཱེ་ཞེས་བྱ་བ་ཡུལ་དབུས་སུ་བྱུང་སྟེ། སྤྱིར་བསད་གཅོད་ལ་མི་འཛེམ་ཞིང་། སྒོས་སུ་མཆོག་གསུམ་གྱི་རྟེན་ལ་ཧ་ཅང་རྩུབ་སྦྱོར་ཆེས་པས། ལྷ་མི་ཚང་མའི་སྲོག་སྙིང་འདར་བར་གྱུར་པ་ན། སློབ་དཔོན་གྱིས་འདུལ་བར་དགོངས་ནས། དབང་ཆེ་བའི་དམག་དཔོན་ཧེ་ལི་ཡོ་ཟེར་བ་རྒྱུད་འཇམ་པ་ཞིག་ཐོག་མར་མངོན་མཁྱེན་གྱི་སྒོ་ནས་བཏུལ། དེ་ནས་དེ་ལ་ཕྲལ་གྱི་ཕན་གནོད་འབྱུང་གྱུར་གང་ཅི་ལུང་དུ་བསྟན་སྟེ་སྤང་བླང་བྱེད་དུ་བཅུག་པས། དེས་ཁེ་རྒྱལ་ནར་མར་ཐོབ་པ་བྱུང་བར། རྒྱལ་པོས་ངོ་མཚར་སྐྱེས་ནས་བསྔགས་བསྟོད་ཡང་ཡང་བྱས། ཕྱིས་ཞིག་ནས་དམག་དཔོན་དེས་རྒྱལ་པོ་ལ། བདག་པོ་ཆེན་པོའི་བསོད་ནམས་ཀྱི་མཐུས་མཐའ་བཙུན་ཡ་མཚན་ཅན་འདི་འདྲ་ཞིག་རམ་འདེགས་སུ་བྱུང་སྟེ། ངེས་པར་གནམ་ལྷས་གནང་བའི་གྲོགས་ཡིན་སྙམ། ཕྲན་གྱིས་སྔ་ཕྱིར་

༄༅། །ཐོབ་པའི་ཁེ་རྒྱལ་ཐམས་ཅད་ཁོང་གིས་བསློབ་པ་ཤ་སྟག་ཡིན་ཞུས་པས། རྒྱལ་པོས་དགའ་ནས་སློབ་དཔོན་བོ་སོ། མཆོག་གསུམ་གྱི་ཡོན་ཏན་ཞིག་བློ་བུར་དུ་མཐོང་བར་འདོད་འདུག་བྱས་པས། སློབ་དཔོན་གྱིས་རྒྱལ་པོའི་སྤྱན་སྔར་སྣོད་ཆེན་པོ་གཅིག་ལ་ཆུ་བླུག་ལ་སྔགས་བཏབ་པ་ཙམ་གྱིས་ཨུཏྤ་ལ་སྔོན་པོ་འོད་འཕྲོ་ཞིང་དྲི་ངད་འཐུལ་བ་བློ་བུར་དུ་སྐྱེས་པས་ངོ་མཚར་དུ་གྱུར། ཡང་གཅིག་རྒྱལ་པོས་མཚན་མོ་རྒྱུས་མེད་པར་ཁྲབ་རྨོག་གྱོན། རལ་གྲི་བསྣམས་ནས་འདུག་སྟེ་མི་ཞིག་བཏང་ནས་སློབ་དཔོན་ལ། དར་གཅིག་རྒྱལ་པོ་མ་མཐོང་བ་གང་ན་འདུག །གང་ལྟར་དུ་འདུག་ཞེས་འདྲི་རུ་བཏང་བ་འབྱོར་མ་ཐག་འདྲི་ལོང་མ་བྱུང་བར་སློབ་དཔོན་གྱིས། དགྲ་ཟླ་མེད་པར་སྲ་བ་གྱོན་ནས་ངར་བ་ཐོགས་པའི་རྒྱུ་མཚན་ཅི་ཡིན་དྲིས་ལ་ཤོག་གསུངས་པས་དཔོན་གཡོག་ཐམས་ཅད་ཀྱིས་རངས་པར་གྱུར། འབྱོང་ལུང་བསྟན་ཕལ་ཆེ་བར་རྟག་གཉིས་སུ་གསུང་བའི་པྲ་ཐབས་དང་རྨི་ལམ་དང་། དྲིལ་བུའི་སྒྲ་བརྟག་པ་སོགས་ལ་སྙད་བཏགས་ནས་གསུང་བ་མང་སྐད། ལན་གཅིག་རྒྱལ་པོའི་བློ་འཁྲུགས་ཏེ་སྒྱུ་མ་མཁན་ཡིན་པའང་སྲིད་སྙམ་པས་མངོན་སྤྱོད་ཀྱིས་ཚོད་བགམ་པར་འདོད་ནས་བོས་ཙ་ན། དེ་གོང་ཙམ་ལ་མི་སྣང་བར་གྱུར་སྐད་ཀྱིས་བརྫུས་ཏེ། ཧེ་ལི་ཡོ་གི་གམ་དུ་ཡིབ་པས། རྒྱལ་པོས་རང་གི་བསམ་པ་མཁྱེན་ནས་

བོར་སྟེ་གཤེགས་པར་གོ་ཞིང་སླར་མི་ཕེབས་ན་ཇི་ལྟར་བྱ་སྙམ་པའི་ནོངས་འགྱོད་དྲག་པོས་མཚན་ཐོག་ཐག་ཏུ་ཉལ་མ་ཐུབ། ཕྱི་ཉིན་སྔ་པོར་ཕེབས་པས་དགའ་ནས་མི་ཕྱེད་པའི་དད་པ་ཐོབ་ཅིང་ནང་པའི་བསྟན་པར་ཞུགས་སོ། །རྒྱལ་ཚ་ཤི་བིན་ཞེས་བྱ་བ་བློ་བུར་དུ་ཤི་ནས་ཞག་གཉིས་ལོན་ཀྱང་། ཧ་ཅང་འཛའ་བས་ཅི་ནས་ཀྱང་ཐབས་ཤིག་མཛོད་ཅེས་ནན་གྱིས་ཞུས་པས། སློབ་དཔོན་གྱིས་རོ་རྩར་ཕྱིན་སྟེ། ལྕང་མའི་ལྕུག་མར་སྔགས་བཏབ་ནས་རྒྱབ་པས་རོ་སླངས་ནས་འདུག་ཐུབ་པར་གྱུར། རིམ་གྱིས་དབུགས་ཕྱུང་སྟེ་སླར་གསོས་པར་འགྱུར་ཏོ། །དེ་ནས་ཤིན་ཏུ་གཅེས་སྤྲས་བྱེད་པའི་རྒྱལ་ཚ་ན་ཕྲ་མཐའ་དག །ལྷ་ཁང་དང་དགོན་སྡེའི་གནས་སུ་གསོས་ཤིང་། དགེ་འདུན་གྱི་འཚོ་བ་དང་། རྟེན་གསུམ་གྱི་མཆོད་ལུགས་ཀྱང་ཤུགས་ཀྱིས་གྱ་ནོམ་པར་གྱུར་ཏོ། །ཤི་ལི་འདས་རྗེས་ནུ་བོ་ཤི་ཧུས་མི་བདག་བྱས་ཏེ། སློབ་དཔོན་ལ་རིམ་འགྲོ་དང་སྟི་སྟང་དཔེ་མེད་ཞུས་ཞིང་། ལོངས་སྤྱོད་བཀུར་བཟོ་ཐམས་ཅད་རང་ཉིད་དང་མཉམ་པར་དབང་བསྐུར། ཅི་ཟེར་ཅང་སྐད་ཐམས་ཅད་ཉན། ཡིན་ནའང་རྒྱལ་པོ་འདི་ཧ་ཅང་ཐུབས་བསད་བཅོམ་གྱི་རིགས་ལ་ལྡོག་ཏུ་མ་ཐུབ་པའི་སྐབས་ཁ་ཤས་ཡོད་པར་སྣང་། ལན་གཅིག་རྒྱལ་པོས་མཆོད་རྟེན་ཆེན་པོ་ཞིག་གི་ཞིག་གསོས་བྱས་ཙ་ན། དེ་དང་འཚམ་པའི་ཆར་ཁེབས་གསེར་ཟངས་མ་གཅིག་བློ་བུར་དུ་བརྙེད་ན་

༄༅། །དགའ་སྟེ་སྙམ་པའི་གླེང་མོས་རྐྱེན་བྱས། སློབ་དཔོན་གྱིས་གནས་ག་གེ་མོ་ཞིག་ན། ནགས་ཚལ་འདི་འདྲ་ཞིག་ཡོད་པའི་འོག་ན་ཆར་ཁེབས་འདི་དང་འཚམ་པ་གཟོ་རྙང་ལེགས་པ་ཞིག་ཡོད་གསུངས་པ་ལྟར་དབྱིབས་རི་མོར་བྲིས་ཏེ། འཚོལ་དུ་བཏང་བས། ཇི་ལྟར་བསྟན་པ་བཞིན་རྙེད་པར་གྱུར་ཏོ། །ཡང་དུས་གཅིག་རྒྱལ་པོ་དང་མཉམ་དུ་ལྕོགས་ཐོག་འཛེགས་ཏེ་ཁམས་བསེང་བྱས་པར་སློབ་དཔོན་གྱིས། ཨ་ཙ་མ། ཡིའུ་ཊེའུ་མཁར་འོ་རེ་བརྒྱལ། སྐྱབས་དགོས་པ་འདུག་གསུངས་ནས། རྒྱལ་པོའི་གསོལ་ཆང་ཀོང་བུ་གང་བསྣམས་ཏེ་དེ་ཕྱོགས་སུ་འཐོར་ནས་དགའ་འོ་གསུངས། རྒྱལ་པོས་ཕོ་ཉ་ཀྱེ་སྟེ་བལྟ་རུ་བཅུག་པས། དེ་ཉིན་ཡིའུ་ཊེའི་མཁར་གྱི་སྒོ་ལོགས་བཞི་ནས་མེ་དཔུང་ཆབ་གཅིག་ཏུ་འབར་སྟེ་ཆགས་ཆེན་པོར་གྱུར་པ་ན། ལྷོ་ནུབ་མཚམས་ནས་སྤྲིན་ཕུང་ཆུང་ངུ་ཞིག་བྱུང་ནས་ཆར་འབབས་ཏེ་ཆག་ཞུགས་བློ་བུར་དུ་གཞིལ། ཆར་ཐིག་ལ་ཆང་གི་དྲི་མ་འཐུལ་ལེ་བར་སྣང་ཟེར། ཉིན་གཅིག་རྒྱལ་པོས་གསེར་ཐོག་ཆེན་པོར་སྟོན་མོ་བྱེད་སྐབས། སློབ་དཔོན་གྱིས་སྟན་ལས་ལངས་ཏེ། ཕར་གམ་ཚུར་གམ་འཆག་པའི་ཚུལ་མཛད་ཅིང་། ཀ་བ་བརྡུང་ཞིང་། གཞལ་མེད་ཁང་ཨང་གཞལ་དུ་མེད། །རྒྱ་ཤུག་ཚིག་གུས་མྱུ་གུ་བསྐྱེད། །རིམ་གྱིས་ཚལ་དུ་འགྱུར་ཏ་རེ། །ཚེར་མ་རྣོན་པོ་ཟུག་ཏ་རེ། ཞེས་

མགུར་དུ་བཞེས་པས། རྒྱལ་པོས་དོགས་པ་ཟོས་ནས་ཀ་བའི་ཉེ་སྐོར་གྱི་ས་བྲུས་ཏེ་བཙལ་བས་རྒྱ་ཤུག་གི་འབྲུ་ཞིག་བརྙེད་ནས། དེ་ལ་ཟེར་བར་གོ་ཡང་མིན་སྟེ། སློབ་དཔོན་གཤེགས་ནས་ལོ་གཅིག་ན་རྒྱལ་པོ་ཤི་ཧུ་འདས། དེ་མ་ཐག་བློན་པོ་གཞན་ཡིན་གྱིས་ངོ་ལོག་ནས་ཤིའི་རིགས་ཅན་ཐམས་ཅད་བསད། རྒྱལ་ས་གཞན་གྱི་ལག་ཏུ་བྱུང་སྟེ། གཞན་མིན་གྱི་མིང་གཞན་ལ་ཤུག་ཚིག་ཟེར་བས་དེ་བསྟན་པ་ཡིན་སྐད་དོ། །དེ་མཚུངས་སློབ་དཔོན་གྱི་སྐུ་ཚེའི་སྨད་ལ་ལུང་བསྟན་གསུང་ལུགས་སྔ་དུས་དང་མི་འདྲ་བར། སྐབས་སུ་མགུར་བཞེས་པའི་ཚུལ་དུ་གསུང་། ཡང་ན་རྒྱུས་མེད་པར་གཅིག་བུར་སྨྲ་བའི་ཚུལ་གྱིས་གསུང། མ་གོ་ནས་ཞིབ་པར་དྲིས་ན་ཅང་མི་གསུང་ཟེར་རོ། །གོང་དུ་བཤད་པའི་སྟོན་མོ་དེ་གྱེས་པ་དང་མི་རིང་བར་རྒྱལ་པོ་ལ་མི་རྟག་པ་ནས་བརྩམས་པའི་བཀའ་མཆིད་ཞིག་ཞལ་ཆེམས་སུ་བསྐུར་ནས། དགུང་ལོ་བརྒྱ་དང་བཅུ་བདུན་ཐོག་དགུན་ཟླ་ཐ་ཆུང་གི་ཡར་ཚེས་བརྒྱད་གྱི་ཉིན་ཡེ་ཀུང་དགོན་པར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །རྒྱལ་པོ་ཤི་ཧུས་གཙོ་བྱས་སྐྱ་སེར་ཐམས་ཅད་ཀྱིས་སྨྲེ་ངག་འདོན་ཞིང་སྡུག་བསྔལ་ཆེན་པོས་མནོན་པར་གྱུར་ལ། སོ་སོ་ནས་ཇི་ནུས་ཀྱི་གདུང་མཆོད་བྱས་ཏེ། ཞལ་ཆེམས་སུ་སྤུར་ཞོག་གསུངས་འདུག་པས་ཞུགས་མ་ཕུལ་བར། ལྷུང་གཟེད་དང་མཁར་བསིལ་བཅས་སྤུར་ཁང་དུ་གདན་འདྲོངས་ནས་རྒྱས་བཏབ་པ། ཕྱིས་གཞན་ཡིན་གྱིས་ས་

༄༅། །སློག་རྡོ་སློབ་བྱས་ཤིང་ཤི་གསོན་མ་ལུས་པ་ལ་སྡུག་པ་སྟེར་བའི་ཞོར་ལ་སློབ་དཔོན་གྱི་བང་སོ་དང་སྤུར་ཁང་ཡང་ཕྱེ་སྟེ་ལྟས་ཙ་ན། ལྷུང་བཟེད་དང་མཁར་བསིལ་མ་གཏོགས་མེད་འདུག་པ། འཆི་མེད་ཚེའི་རིག་འཛིན་ཐོབ་པ་ཞིག །འཆི་ཆོས་ཀྱིས་སྒྲོ་བཏགས་ཏེ་ཕྱོགས་གཞན་གྱི་འགྲོ་དོན་ལ་གཤེགས་སམ་སྙམ་སྐད་དོ། །དུས་སྐབས་དེ་ནི་རྒྱ་སོག་ཧུས་གསུམ་འཐབ་འཛིངས་ཆེ་ཞིང་། ཁྱད་པར་ཧུས་ཙི་ཤིའི་རིགས་ཅན་འདི་ཚོ་ཧ་ཅང་གཏུམ་ཞིང་དབང་ཆེ་བས། སློབ་དཔོན་འདི་པས་ཐབས་ཀྱིས་མ་ཐུལ་ན། ཡུལ་དབུས་འདིར་མགོ་ནག་མིའི་རིགས་ཆད་ལ་ཁད་དུ་འགྱུར་ཞིང་། ཁྱད་པར་དཀོན་མཆོག་གསུམ་གྱི་མིང་ཙམ་ཡང་ལུས་པ་མེད་པར་འགྱུར་ངེས་ལ། སློབ་དཔོན་འདིའི་བཀའ་དྲིན་ལ་བརྟེན་ནས། དེ་བཞིན་དུ་མ་གྱུར་བར་མ་ཟད། དངོས་སློབ་ཁྲི་ཚོ་གཅིག་ལྷག་དང་བཞེངས་པའི་དགོན་སྡེ་ཆེ་ཆུང་བརྒྱད་བརྒྱ་དགུ་ཅུ་རྩ་གསུམ་བྱུང་བས་བསྟན་འགྲོ་སྤྱི་ལ། དྲིན་འདི་པས་ཆེ་བ་དེ་ཕན་མ་བྱུང་ཞེས་སྣང་ངོ་། །སྐུ་བོང་སྲིད་དུ་ཁྲུ་བརྒྱད་མཐོ་ཞིང་གཟི་མདངས་འགྲན་ཟླ་མེད་པ། གསུང་གདངས་སྙན་ཅིང་བགྲོ་གླེང་གང་ལ་ཡང་ཐོགས་རྟུགས་མི་མངའ་བ། སྔགས་ཀྱི་གྲུབ་པ་ཐོབ་པ་ལ། དེ་ཙམ་གྱི་མངོན་ཤེས་རྫུ་འཕྲུལ་ལ་མངའ་བརྙེས་ཤིང་། མིའི་དབང་པོའི་བླ་མཆོད་དུ་གྱུར་ཀྱང་བག་མེད་པ་མ་མཆིས་པས་ཆང་ཐིགས་པ་ཙམ་ཡང་མི་གསོལ།

དུས་མིན་གྱི་ཁ་ཟས་མི་བཞེས་པས་མཚོན་འདུལ་བའི་སྤྱོད་པ་ལ་ཤིན་ཏུ་ཞིབ་སྐད། འཁྲུངས་ས་ཙི་ནའི་ཡུལ་ནས་ལེ་དབར་དགུ་ཁྲིར་ལོངས་ཙམ་གྱི་ཐག་རིང་། ཁ་ཆེར་ལན་གཉིས་བྱོན། རབ་ཏུ་བྱུང་ནས་སྒང་ལོ་བརྒྱ་དང་དགུ་ལོན་ཞེས་འདའ་ཁར་གསུང་སྐད་དོ། །ནུ་མ་གཡོན་པའི་མདུན་ལོགས་ན་མཐའ་སྐོར་དུ་ཚོན་བཞི་ཙམ་ཡོད་པའི་ཁུང་བུ་ལྷན་སྐྱེས་ཞིག་ཡོད་པ། ཉིན་མོ་ཤིང་བལ་གྱིས་བཀག་ཅིང་། མཚན་མོ་དེ་ཕྱུང་ལ། སྐུ་ཁོག་ནང་ནས་འོད་བཏང་སྟེ་མར་མེའི་གོ་ཆོད་པ་དང་། སྐབས་སྐབས་སུ་ནང་ཁྲོལ་རྣམས་དེ་ཉིད་ནས་ཕྱུང་སྟེ་ཆུས་བཀྲུས་ནས་སླར་བཅུག་སྐད་དེ། ཡ་མཚན་ཆེ་བ་ཞིག་གོ ། ༈ ཧྭ་ཤང་ཞབས་མདོག་ཤིན་ཏུ་དཀར་བས་ཞབས་དཀར་མཁན་པོར་ཡང་འབོད་པ། མཚན་དངོས་ཐན་ཤཱ་ཞེས་བྱ་བ་བསྙེན་པར་རྫོགས་པ་ཙམ་ནས་གྲུབ་རྟགས་ཐོན་པ་ཞིག་གིས། སོག་རྒྱལ་ཧེ་ལི་ཡན་པེ་པེའི་མིང་ཅན། སེར་མོ་བ་མཐོང་ཚད་བསད་མཁན་གཅིག་གི་མདུན་དུ་བྱོན་པས། རྒྱལ་པོས་ཁྲོས་ནས་མཚོན་ཆ་སྣ་ཚོགས་འདེབས་ཀྱང་གནོད་པ་མ་བྱུང་བས་དད་སྟེ། བནྡེ་མི་གསོད་པའི་དམ་བཅའ་ཕུལ། དེས་ཡུལ་དབུས་ཀྱི་བཙུན་པ་གྲངས་མེད་པ་ཞིག་ལ་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་གྱུར། སྔར་ཀའུ་ལིའི་ཡུལ་དུ་རྒྱལ་བསྟན་གྱི་མིང་ཙམ་ཡང་མ་བསྒྲགས་པ་ལ་སློབ་དཔོན་འདིས་སྡེ་སྣོད་གསུམ་གྱི་གླེགས་བམ་མང་པོ་བསྣམས་ཏེ། དེར་ཕེབས་ནས་བསྟན་

༄༅། །པའི་སྲོལ་གསར་དུ་གཏོད་དོ། ། ༈ ཧྭ་ཤང་ཐན་ཏི་ཞེས་བྱ་བ་དཔོན་ཆུང་ཞིག་གི་སྲས་ཡིན་སྟེ། ཡུམ་གྱིས་ཉིན་མོ་གཉིད་དུ་སོང་བའི་རྨི་ལམ་ན། བན་རྒན་ཞིག་བྱུང་ནས། ཨ་མ་དངོས་པོ་འདི་ཚགས་བགྱིས་ཟེར་ཞིང་། ཤ་བ་མཇུག་རིང་གི་མཇུག་མའི་རྔ་ཡབ་དང་། རི་མོས་བརྒྱན་པའི་ལྕགས་ཀྱི་ཐིག་ཤིང་གཉིས་སྟེར་བ་རྨིས། སད་ཙ་ན་དངོས་པོ་དེ་གཉིས་པང་ན་འདུག་སྐད། དེ་ནས་ཟླ་བ་བཅུ་རྫོགས་པ་དང་བྱིས་པ་མཚན་ལྡན་ཞིག་སྐྱེས། ལོ་ལྔ་ལོན་པ་ན་ཡབ་ཡུམ་གྱིས་སྔ་མའི་དངོས་པོ་གཉིས་བསྟན་པས་ཆིན་དབང་གིས་གནང་བ་ཡིན་གསུངས་། ཁྱོད་སུ་ཡིན་དྲིས་པས་བརྗེད་ཐལ་གསུངས་། ཡབ་དང་སྡོངས་ནས་ཕྱོག་གཞན་ཞིག་ཏུ་འགྲོ་བར་ལམ་ཐོག་ནས་ཧྭ་ཤང་བགྲེས་པོ་ཞིག་དང་ཕྲད་པ་དང་། ཟེང་ལི་ཡོ་ཞེས་མིང་ནས་ཐོལ་གྱིས་འབོད་པས། དེས་ངོ་མཚར་སྐྱེས་ནས་དཔོན་ཕྲུག་ཅི་ངོ་ཤེས་མ་དྲིས་པས། ལྡུམ་རར་ཕག་རྒོད་ཀྱིས་ཉེན་སྟེ་སྐད་ཤོར་བ་འདྲ་གསུངས། དེ་ནི་ཧྭ་ཤང་དེ་རང་གི་ཉམས་མྱོང་གི་གཏམ་ཡིན་འདུག་པས་དྲན་ནས། ཨ་ལ་ལ་འོ་ན་ཁྱོད་སུ་ཡིན་དྲིས་པས་ཅང་མ་གསུངས། ཡབ་ཀྱིས་ཀྱང་ཆེས་ངོ་མཚར་སྐྱེས་ཏེ་དངོས་པོ་གཉིས་ཀྱི་ལོ་རྒྱུས་བཤད་པས། ཧྭ་ཤང་གིས་མཆི་མ་ཟག་བཞིན་ཞབས་ལ་ཕྱག་འབུག་འབུག་འཚལ་ནས། བདག་གི་སློབ་དཔོན་ཧུང་ཀི་ཡོའུ་ཧྥཱ་ཤིའི་སྐུ་སྐྱེ་ཡིན། དངོས་པོ་དེ་གཉིས་ཆིན་

དབང་ཡོའུ་ཋང་རྒྱལ་པོས་གནང་བ་ལགས་ཏེ། སློབ་དཔོན་གཤེགས་ནས་མི་རིང་བར་ཆ་མེད་དུ་ཐལ་སོང་། སྲུང་མས་ཁྱེར་འདྲ་སྙམ་སྟེ་དོགས་པ་ཙམ་ཡང་མ་སྐྱེས་ཟེར་ནས་ཕྱི་བཞིན་དུ་འབྲངས། རྒྱུ་མཚན་དེ་དག་གིས་རབ་ཏུ་བྱུང་བར་བར་ཆད་མ་བྱུང་ཞིང་། སྔོན་གནས་དྲན་གསལ་ཆེ་བས་སློབ་གཉེར་ལ་ཡང་འབད་རྩོལ་མ་བྱས། འཆད་རྩོམ་ལ་ཤིན་ཏུ་མཁས་པས། སྐྱ་སེར་མཆོག་དམན་མང་པོས་བཀུར་ཞིང་གཞོན་ནུ་ནས་ཆེ་གོ་ཐོབ། འོན་ཀྱང་རང་བཞིན་དབེན་གནས་ལ་དགའ་བས་འཕྲིན་ལས་དེ་ཙམ་མི་ཆེ་ལ། དགུང་ལོ་དྲུག་ཅུ་ཙམ་བཞེས་པའི་གསུམ་གཉིས་ཀྱི་རིང་དབེན་ས་ཉམས་དགའ་བ་འབའ་ཞིག་འགྲིམ་སྟེ་སྒྲུབ་པ་ཁོ་ནར་སྐུལ་སྐད་དོ། ། ༈ །ཧྭ་ཤང་ཟེང་ཊེའུ་ཞེས་བྱ་བ་རི་བོ་སུང་ཤན་གྱི་དགོན་པར་བསྒོམ་པ་གཙོར་སྟོན་གྱི་ཉམས་ལེན་མཛད་ཅིང་གཞེས་སྐབས། ཉིན་གཅིག་སློབ་མ་རྣམས་བསྡུས་ནས། བསྟན་པ་རིན་པོ་ཆེ་དར་གཅིག །ངལ་གསོ་བའི་དུས་ལ་བབས་ཀྱིས། འུ་ཅག་ཡིབ་དགོས་གསུང་ནས་གྲྭ་སློབ་བཅུ་ཕྲག་དུ་མ་དང་བཅས་ཕྱག་དཔེ་མང་པོ་བསྣམས་ཏེ། སི་ཨན་ཧྥུའི་ལྷོ་ནུབ་མཚམས་ཀྱི་ལེ་དབར་བཞི་བརྒྱས་ཆོད་པའི་ཧན་ཤན་ཟེར་བའི་རི་སུལ་དུ་ཕེབས། མི་རིང་བར་ཡུ་གུར་ཐའི་ཨུ་རྒྱལ་པོས། བསྟན་པ་ལ་ཆགས་ཆེན་ཞུས་པས་ལུང་བསྟན་ཐོག་ཏུ་བབས། ཕྱིས་བསྟན་པའི་མེ་རོ་གསོས་པའི་

༄༅། །ཚེ་ཡུ་གུར་ཡུང་ཋང་དབང་གིས་ཚུལ་དེ་ཐོས་ནས་ཆེད་དུ་གདན་དྲངས་ཀྱང་། སྐུ་ན་བགྲེས་པ་ལ་སྙད་ནས་མ་ཕེབས་ཤིང་། སློབ་མ་མཁས་པ་ཟེང་ལི་ཡང་གིས་གཙོ་བྱས་དགེ་འདུན་དང་ཆོས་དཔེ་རྣམས་རྫངས། གནས་གཞན་ཞིག་ན་ཡིབ་པ་འགའ་མཆིས་པ་བསླུ་བར་དོགས་ནས་མ་བྱུང་བ་རྣམས། ཟིང་ལི་ཡང་གིས་འགྲམ་ཡིག་གི་སྒོ་ནས་གོ་བར་བྱས་ཏེ་འདུ་བར་མཛད། དབང་དེས་སློབ་དཔོན་དུ་བཀུར་ནས་རྒྱལ་བསྟན་རིན་པོ་ཆེ་སླར་ཡང་གསོར་ཆུད་པར་མཛད་དེ། བོད་ཀྱི་བླ་ཆེན་པོའི་རྣམ་ཐར་དང་དབྱིབས་མཚུངས་སོ། ། ༈ ཧྭ་ཤང་ཧུའི་ལན་ཞེས་བྱ་བས་རྒྱ་གར་དུ་བྱོན་ཁ་ཆེའི་སློབ་དཔོན་དྷརྨ་བིཀྵུར་གྲགས་པ་རྒྱལ་བ་མ་ཕམ་པ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་དངོས་སུ་ཐོབ་པ་ཞིག་གི་ཞབས་ལ་གཏུགས། བྱང་སྡོམ་དེ་དང་ཏིང་ངེ་འཛིན་གྱི་རིམ་པའི་སྐོར་ཞུས། ཁྱད་པར་འདུལ་བ་ལ་མཁས་པར་བསླབས་ཏེ་ལོག་ནས། ཧོར་རིགས་ཐུ་གུ་ཧུན་གྱི་རྒྱལ་པོའི་རྒྱལ་ཚབ་ཞི་ཙི་ཁྱུང་གིས་མཆོད་གནས་སུ་གྱུར། དེས་མཐུན་རྐྱེན་བྱས་ཏེ། ཟི་ཆྭན་གྱི་ཡུལ་དུ་ཙོ་ཀྱུན་སིའི་དགོན་པ་གསར་དུ་བཏབ་ལ་ཕུལ་བས་དེར་འདུལ་བསྟན་གྱི་རྒྱལ་མཚན་འཛུགས། ཕྱིས་རྒྱ་ནག་ལྷོ་པ་སུང་ཝེན་རྒྱལ་པོས། ཅུང་ཤན་རི་བོའི་ཏིང་ལིན་ཟི་དགོན་པར་སྤྱན་དྲངས། རིམ་པ་ལྟར་ཥོ་ཡོའུ་ཨུ་རྒྱལ་པོས་རང་གི་བླ་མཆོད་དུ་གདན་དྲངས་ཏེ། ཞབས་ཀྱི་བཅགས་པའི་ཡུལ་གྲུ་ཐམས་

ཅད་ལ་འདུལ་བའི་འཆད་ཉན་དར་བར་མཛད་ལ། ལྷོ་པའི་ཕྱོགས་ཀྱི་འདུལ་བསྟན་ལ་སློབ་དཔོན་འདི་ཡང་བཀའ་དྲིན་ཆེ་བ་ཞིག་གོ ། ༈ ཧྭ་ཤང་ཆོས་རྟོགས་ཞེས་བྱ་བ། དགུང་ལོ་ལྔ་བཅུའི་ཐོག་ཆུང་མ་ཚེའི་དུས་བྱས་པས། བུ་དྲུག་ཡོད་པ་དང་བཅས་བདུན་ཀས་རབ་ཏུ་བྱུང་ནས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སྤྱོད་ཅིང་། ལྷོ་ཨཱུ་ཋང་གི་གནས་སུ་ཕྱིན། ཧྥན་ཤན་ཟེར་བའི་རི་ཁྲོད་ཉམས་དགའ་བ་ཞིག་ལ་འཆག་འདུག་བྱེད་ཙ་ན། ཡུལ་དཔོན་གཞན་ཧུའི་ཞེས་བྱ་བས་དེའི་གནས་ཚུལ་ཐོས་ནས་དད་པ་ཐོབ་སྟེ་དེར་དགོན་པ་གཅིག་བཞེངས་ནས་ཕུལ། ཉིན་མཚན་དུས་དྲུག་ཏུ་ཐུན་བཅད་དེ་ཡུམ་ཆེ་ཆུང་དང་དམ་ཆོས་པད་དཀར་ལ་ཚོགས་འདོན་བྱས། སྐུ་ཚེ་བདུན་ཅུ་རྩ་དགུ་བཞེས་ཀྱང་ཐུགས་དམ་དང་སྤྱོད་ལམ་མ་ལྷོད་སྐད། སློབ་མ་དྷའུ་ཀྱི་སོགས་ཀྱིས་བརྟུལ་ཤུགས་ཀྱི་བརྒྱུད་པ་འཛིན་ཅིང་། དེ་ཕྱོགས་སུ་ཡུན་རིང་ཞིག་གི་བར་དར་རྒྱས་ཆེ་བར་གྱུར་པས། དགོན་པ་དེའི་མིང་ལ་ཐོའུ་ཐོ་ཟི་སྟེ་སྦྱངས་ཡོན་དགོན་དུ་གྲགས་སོ། ། ༈ ཧྭ་ཤང་ཧྥ་ཙུང་བྱ་བ་རྔོན་པ་འཕོང་མཁས་རྩལ་ཆེ་བ་ཞིག་ཡིན་པ་ལ། རི་དྭགས་གཤོར་བར་སོང་ནས་ཡུ་མོ་ཅིག་ལ་མདའ་རྒྱབ་པས་ལྟོ་རུམ་གཤགས་གིས་ཕོག །ཤྭ་ཕྲུག་ལྷུང་བ་དང་ཡུ་མོས་ཕྱིར་ལོག་ནས་ཕྲུ་གུ་ལྡག་པ་མཐོང་བའི་རྐྱེན་གྱིས་སྐྱོ་བ་སྐྱེས་ཏེ། དེ་ཉིད་དུ་མདའ་གཞུ་བཅག་ལ་བོར། རབ་ཏུ་བྱུང་ནས་བསླབ་གཞི་ཕྲ་

༄༅། །མོ་རྣམས་ལའང་ཁྱད་དུ་མི་གསོད་ཅིང་། དམ་ཆོས་པད་དཀར་དང་དྲི་མེད་གྲགས་པས་ཞུས་པ་གཉིས་ལ་རྒྱུན་གྱི་ཁ་ཏོན་དང་། ཉིན་མཚན་དུས་དྲུག་ཏུ་མ་ཆད་པར་སྡིག་བཤགས་བྱེད་པ་ཁོ་ན་ཐུགས་དམ་གྱི་མཐིལ་དུ་མཛད། སྐྱ་སེར་སྡོམ་པའི་བུ་སློབ་གསུམ་སྟོང་ལྷག་པ་བྱུང་ཞིང་བཤགས་སྡོམ་གཙོར་འདོན་གྱི་རྒྱུད་འཛིན་འཕེལ་ལ། ཧྥ་ཧུ་ཝ་ཐའི་ཟེར་བའི་དགོན་པའང་བཏབ་སོ། །ཧྭ་ཤང་ཟེང་ལྷུན་ཞེས་བྱ་བའི་དགེ་སློང་རི་ཁྲོད་པ་ཞིག །སྤྱོད་ལམ་ཤིན་ཏུ་དམ་ཞིང་གཙང་ལ་སྐུ་ན་བགྲེས་ཙམ་ནས་ཟས་རགས་པ་སྤང་ཞིང་ཆུ་ཙམ་ལ་བརྟེན་ནས་འཚོ་བ་བྱུང་སྟེ། ལན་གཅིག་ལྷུང་གཟེད་བསྣམས་ནས་ཆུ་ལེན་དུ་བྱིན་ཙ་ན། ལམ་འཕྲང་ཤིན་ཏུ་དོག་པར་བྱ་གག་ཤོག་པ་ཡ་གཅིག་ཆག་པ་ཞིག་ལམ་ཁ་ན་འགྲེ་ལྡོག་བྱེད་ཅིང་འདུག་པ་མཐོང་ནས་ལམ་གཞན་མེད་ཀྱང་འགུལ་སྤྱོད་ཀྱིས་གནོད་དུ་དོགས་སྟེ་སྤྱིལ་བུར་ལོག་མི་འགྱངས་པར་སྐོམ་གྲིར་འདས་སོ། །སློབ་དཔོན་འདིས་སྔོན་བྱིས་དུས་སུ་རོལ་རྩེད་ཀྱིས་ཆུ་བྱའི་གཤོགས་པ་གཅིག་བཅག་པའི་རྣམ་སྨིན་ཞིག་མཐོང་ཆོས་སུ་མྱོང་དགོས་པ་ཡོད་ཅེས་གཞན་ལ་གསུངས་སྐད་དེ། འོན་ཀྱང་ཚེ་ལོ་བརྒྱ་དང་བཞི་བཅུ་ལོན་པ་ཞིག་གོ །ཡང་ཧྭ་ཤང་གོོ་ཏམ་གྲགས་ཞེས་བྱ་བས། གཞན་དག་སྐྱོབ་པའི་ཕྱིར་སྟག་ལ་ལུས་སྦྱིན་པ་དང་། ཆོས་ལེན་ཟེར་བ་ཞིག་སྐུ་ཤ་བཅད་ནས་དབུལ་ཕོངས་ལ་སྟེར་བ་སོགས།

བྱམས་པ་དང་སྙིང་རྗེ་ལ་བནྡེ་ཚོ་དང་འདྲ་བ་མེད་ཞེས་པའི་སྙན་གྲགས་ཀྱིས་ཕན་ཐོགས་པའང་མང་པོ་བྱུང་འདུག་གོ ། ༈ ཧྭ་ཤང་ཧུའི་ཀོ་ཟེར་བ་ཀིའང་ནན་གྱི་ཡུལ་དུ་འདུལ་སྤྱོད་ཤིན་ཏུ་དག་པར་གྲགས་ཆེ་བ་ཞིག་ནུབ་གཅིག་སྣམས་ཕྱི་སར་ཕེབས་པ་ན། འདྲེ་ཞིག་བྱུང་ནས་སློབ་དཔོན་ལ་ཕྱག་བྱས་ཤིང་། སྐྱེ་བ་སྔ་མར་དགོན་པ་འདིའི་ཞལ་ཏ་བ་ཞིག་ཡིན་པ་ལ་བཅས་པ་ཕྲ་མོ་ཁྱད་གསོད་བྱས་པའི་ལན་གྱིས། ད་ལྟ་ཕྱིས་ཟ་བའི་ཡི་དྭགས་སུ་སྐྱེས་པ་ལགས་ཏེ། སློབ་དཔོན་མ་གཏོགས་ཕན་ཐོགས་ནུས་པ་མེད་པས་ཅི་ནས་ཀྱང་ཐུགས་རྗེས་བཟུང་དགོས། དཀོར་དོང་ཙེ་གསུམ་སྟོང་ཞིག་འབྲ་གོའི་ཤིང་ག་གེ་མོའི་རྩ་བར་སྦས་ཡོད་པ་ཕྱུང་ལ་མང་ཐེབས་འདྲ་མཛོད་ཅིག་ཞུས་པས། སློབ་དཔོན་གྱིས་ཚོགས་པར་གསུང་ཞིང་ལྷན་དུ་ཤིང་གི་དྲུང་ན་ཕེབས། བྲུས་པས་ཇི་ལྟ་བ་བཞིན་འདུག་པ་བླངས་ནས་སྤྱི་ཐེབས་བྱས་ཏེ། དམ་ཆོས་པད་དཀར་གཅིག་སྤར། ཚོགས་པར་ཆོས་སྟོན་གཅིག་དྲངས། དེ་ནས་རྨི་ལམ་དུ་འདྲེ་དེ་དགའ་བའི་རྣམ་འགྱུར་གྱིས་བྱུང་ནས། འབྱུང་པོ་བདེ་འགྲོ་ཞིག་ཏུ་སྐྱེས། བཀའ་དྲིན་ཆེ་ཟེར་ནས་ཕྱག་འབུལ། གཏམ་དེས་ཀྱང་སྤྱོད་པ་རང་དགའ་བ་འགའ་ལ་ཕན་ཐོགས་པ་བྱུང་སྐད་དོ། ། ༈ ཧྭ་ཤང་ཧུའི་ཏ་བྱ་བ་ལྷ་ཁང་གི་ཉེ་སྐོར་ཞིག་ན་ནུབ་བཞིན་འོད་འཕྲོ་མཐོང་ནས་བྲུས་པས། ལྕགས། དངུལ། གསེར་གསུམ་གྱི་ཟ་མ་ཏོག་རིམ་པ་ལྟར་ཡོད་པ་རིམ་གྱིས་ཕྱེ་བའི་

༄༅། །ནང་ན་རུས་པའི་རིང་བསྲེལ་གསུམ་དང་ཕྱག་སེན་གཅིག །དབུ་སྐྲ་ཉག་གཅིག་དུང་གཡས་འཁྱིལ་གྱི་ཚུལ་དུ་གནས་པ་ཞིག་བརྙེད་ནས་མཆོད་རྟེན་རིམ་པ་གསུམ་པ་ཞིག་བཞེངས་པ་དང་། ཧྭ་ཤང་ཟེང་ཧུང་དང་ཟེང་ལི་ཡང་ཟེར་བ་ཞིག་སོ་སོ་ནས་སྟོན་པའི་གསེར་སྐུ་སྲིད་དུ་འདོམ་གསུམ་ཁྲུ་གཅིག་ལོངས་པ་རེ་རེ་དང་། ཧྭ་ཤང་ཧྥ་ཡུ་ཝེ་བྱ་བས་འདོམ་གསུམ་ཁྲུ་གསུམ་ལོངས་པའི་ཚེ་དཔག་མེད་ཀྱི་གསེར་སྐུ། ཧྭ་ཤང་དགེ་འདུན་སྲུང་གིས། བྱམས་པའི་རྡོ་སྐུ་འདོམ་བཅུ་གང་བ་གཞེངས་པ་དང་། ཧྭ་ཤང་ཆོས་ཀྱི་བློ་གྲོས་བྱ་བས་དགོན་གསར་ལྔ་བཅུ་རྩ་གསུམ་བཏབ་པས་མཆོད་རྟེན་གནས་གྲུབ་པའི་རིགས་དང་། ཆོས་གསུངས་པའི་སྐད་ཀྱི་གདངས་སྙན་པ་དང་། ཆོས་མགུར་དུ་ཐེན་པ་ལ་མཁས་པ་དང་། ཉིན་ཞག་མང་པོར་མི་གཡོ་བའི་ཏིང་ངེ་འཛིན་བཟང་པོ་ཐོབ་པ་དང་། རིག་བྱེད་གཞན་ལ་ཡང་མཁས་དྲགས་པ་སོགས་ཀྱི་སྒོ་ནས་ལྷ་སྡེ་མི་སྡེའི་ཡིད་འཕྲོག་སྟེ། བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པ་རྣམ་པ་སྣ་ཚོགས་མང་པོ་སྔ་ཕྱིར་བྱུང་འདུག་གོ། ༈ རྒྱ་གར་ལྷོ་ཕྱོགས་ཀྱི་པཎྜི་ཏ་སངྒྷ་པཱ་ལ་ཞེས་བྱ་བ་ཀི་ཡང་ནན་དུ་བྱོན་སྟེ། ལི་ཡང་ཨུ་དྡྷཱི་རྒྱལ་པོས་སྦྱིན་བདག་དང་། ཧྭ་ཤང་རིན་ཆེན་གྲགས། ཤེས་རབ་ཕུན་ཚོགས་ལ་སོགས་པས་ལོ་ཙཱ་བྱས་ནས། སོ་སོར་ཐར་པའི་མདོའི་རྒྱ་ཆེར་འགྲེལ་གྱིས་གཙོ་བྱས་བམ་པོ་ལྔ་བཅུ་ལོངས་པ་དང་། དེ་དང་

གནས་གཅིག་པའི་པཎྜི་ཏ་མཎྜི་ར་དང་ཐབས་གཅིག་པར། མདོ་སྡེ་རིན་པོ་ཆེའི་སྤྲིན། ཆོས་ཀྱི་དབྱིངས་བསྟན་པ། དེ་བཞིན་ཉིད་བསྟན་པ། ཤེར་ཕྱིན་བདུན་བརྒྱ་པ་སོགས་སྒྱུར་ཅིང་གཏན་ལ་ཕབ་པོ། །ཧྭ་ཤང་རིན་ཆེན་གྲགས་དེ་ནི་ཡོན་ཏན་གྱི་གཏེར་ཆེན་པོ་ཞིག་སྟེ། ཨུ་དྡྷཱི་རྒྱལ་པོ་ཡང་དད་པ་དང་ཡོན་ཏན་ཕུལ་དུ་ཕྱུང་བ་ཞིག་ཡིན་པས་མཐུན་རྐྱེན་དང་རོགས་རམ་བྱས་ཏེ་སྡེ་སྣོད་གསུམ་ཀ་ལ། ས་བཅད། བཤད་སྦྱར། སྡོམས། ཊིཀྐ། ཡང་ཊིཀ། ས་མ་འགྲེལ་སོགས་མང་པོ་མཛད། སྐུ་གསུང་ཐུགས་ཀྱི་རྟེན་གཞེངས་པ་དང་། བཤད་སྒྲུབ་གྱི་མཐུན་རྐྱེན་དང་། དགེ་འདུན་སྤྱིའི་བསྙེན་བཀུར་སོགས་བསྟན་པའི་བྱ་བ་ལ་རྒྱལ་པོ་འདི་པའི་དུས་བཞིན་བྱུང་བ་ལྷོ་བྱང་གཉིས་ཀར་དཀོན་ཞེས་གྲགས་ལ། ཁོང་གིས་ཡབ་ཀྱི་དགོངས་རྫོགས་སུ་གཞེངས་པའི་དགོན་སྡེ་ཨའི་ཀིང་ཟིའི་གཞུང་ཁང་ནས་སྒོ་ཁང་གི་བར་ལ་སྲིད་དུ་ལེ་དབར་བདུན། འགྲམ་ལོགས་གཡས་གཡོན་ན་ས་གྲ་བཅོ་བརྒྱད་རེ་སྟེ་ནང་གསེས་ཀྱིས་དབྱེ་ན་ས་གྲ་སུམ་ཅུ་སོ་བདུན། བར་མཚམས་རྣམས་སུ། ཁང་བརྩེགས་དང་། ལྕོགས་སྟེགས་དང་། པད་རྫིང་དང་། ཤིང་ཏོག་མེ་ཏོག་སྣ་ཚོགས་ཀྱི་ཚལ་དང་། ཟམ་པ་དང་། ཁྱམས་ཁང་རྣམས་ཀྱིས་བརྒྱན་པ། རྟེན་གྱི་གཙོ་བོ་གསེར་ཟངས་དང་། ཙྡན་སྨུག་པོ་ལས་སྟོན་པའི་སྐུ་བརྙན་སྲིད་དུ་ཁྲུ་བཅོ་བརྒྱད་ལོངས་པ་རེ་གཞེངས་པའི་ཕྱི་མ་ནི་ཉིན་

༄༅། །མོ་མིའི་གཟོ་བོས་མགོ་བརྩམས་ཙམ་ལ་མཚན་མོ་ལྷའི་གཟོ་བོས་བསྐྲུན་པར་གྲགས་ཤིང་། མཁས་བླུན་གང་གིས་མཐོང་ཀྱང་ཡིད་འཕྲོག་ངེས་པ། བསྒྲུབས་ཟིན་པ་དང་། ཚད་ཁྲུ་བཞི་བསྲིངས་ནས་སྲིད་དུ་ཁྲུ་ཉི་ཤུ་རྩ་གཉིས་བྱུང་ཟེར། མཆོད་ཡུལ་དགེ་སློང་སྟོང་ཚོ་གཅིག་འཁོར་དང་བཅས་པ། ཡུམ་གྱི་དོན་དུ་གཞེངས་པའི་དགོན་བོ་དཱ་ཊི་དུ་ཟིའི་བཀོད་པ་སྔ་མ་དང་འདྲ་ལ་ཚད་ཕྱེད་ཀྱིས་ཆུང་བ། རྟེན་གཙོ་རིང་བསྲེལ་བཞུགས་པའི་མཆོད་རྟེན་རིམ་པ་བདུན་པ་དང་། སྟོན་པའི་གསེར་སྐུ་བོངས་ཚད་སྔ་མ་དང་འདྲ་བ། མཆོད་གནས་དགེ་སློང་མ་ལྔ་བརྒྱ་འཁོར་དང་བཅས་པ། ཡང་ཐུང་ཐའི་ཟི་ཞེས་བྱ་བའི་དགོན་པ་ལ་མཆུར་ལྷ་ཁང་རིམ་པ་དགུ་ཡོད་ཅིང་བཀོད་པ་སྔ་མ་འདྲ་བ། རྟེན་གཙོ་མཆོད་རྟེན་རིམ་པ་བཅུ་གསུམ་ཅན། གཞུང་ནས་འཚོ་བ་སྦྱར་བའི་རྒྱ་གར་ནག་གི་དགེ་འདུན་གྲངས་མ་ངེས་ཞིག་ཡོད་སྐད་དོ། །རྒྱལ་པོ་འདིའི་ཚེ་འཇུག་གི་སྐབས། རྒྱ་གར་པྖེཎ་གུ་ཎ་རཱ་ཐ་ཞེས་བྱ་བ། ཆུའི་སྟེང་དུ་སྐྱིལ་ཀྲུང་བཅས་ཏེ་ཕར་ཚུར་བརྒལ་བ་ན་ན་བཟའ་གླན་གཤེར་ཙམ་ཡང་མི་གོས་པ་སོགས་རྫུ་འཕྲུལ་དང་ལྡན་པ་ཞིག་བྱོན་སྟེ། ཧྭ་ཤང་དཀོན་མཆོག་རྒྱན་གྱིས་ལོ་ཙཱ་བྱས་ནས། ས་བཅུ་པའི་འགྲེལ་པ། མདོ་སྡེ་ཆོས་སྒོ་མཐའ་ཡས་པ་གསེར་འོད་དམ་པ་ལ་སོགས་པའི་བཀའ་བསྟན་བམ་པོ་གཉིས་བརྒྱ་དོན་

བརྒྱད་འགྱུར་ལ། འགྱུར་བཟང་ཤོས་སུ་གྲགས་སོ། ། ༈ དེའི་དངོས་སློབ་ཧྭ་ཤང་ཆོས་འབྱོར་ཞེས་བྱ་བ་རྒྱ་གར་དུ་མ་ཕྱིན་ཀྱང་། རང་གི་དད་འདུན་དང་སློབ་དཔོན་གྱི་བཀྲི་བསྐྱངས་ལེགས་པའི་མཐུས་ཆོས་ལ་ཤིན་ཏུ་མཁས་པར་གྱུར་ནས། སྒྲ་རང་བསྒྱུར་དང་། འགྲེལ་པ། ཡང་འགྲེལ་མཛད་པ་རྣམས་ཁྱོན་སྡོམ་བམ་པོ་བརྒྱར་ཉེ་བ་ཡོད་ལ། འཕྲིན་ལས་ཀྱང་ཆེ་བར་བྱུང་ངོ་། ། ༈ ཧྭ་ཤང་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ལྷོ་པ་སུང་མིང་དྷཱི་རྒྱལ་པོའི་ཚབ་བཙུན་ཞིག། སྐྱེ་སྟོབས་ཀྱི་བློ་མིག་ཡངས་པས། དགེ་བའི་བཤེས་གཉེན་ཉིད་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་མཐོང་ནས། བླ་མར་གྱུར་པ་དག་གི་སྐུ་ལ་སྙུན་ཚུལ་བྱུང་ཚེ། ནམ་ཆོས་སྟོན་གསོལ་ཐུབ་གྱི་བར་ཁ་ཟས་མི་ཟ་གཉིད་ཀྱང་མི་ལོག། གོས་ཀྱང་མི་བརྗེ་བས་མཚོན་གང་ཅི་སྤྱི་དང་མི་འདྲ་བར། གཞོན་ནུ་ནོར་བཟང་གི་རྗེས་སུ་སློབ་པས་བྱིན་རླབས་ཞུགས་ཏེ། སློབ་གཉེར་ལ་དཀའ་ཚེགས་མེད་པར་མཁས་གྲལ་དུ་ཆུད། དགུང་ལོ་ཉི་ཤུ་ལ་བསྙེན་རྫོགས་བསྒྲུབས་ཟིན་པ་ཙམ་ནས་ཆོས་སྨྲ་བ་པོའི་ཁྱུ་མཆོག་ཏུ་གྱུར། ལི་ཡང་ཨུ་རྒྱལ་པོས་དད་པ་ཐོབ་ནས་ཁོང་གི་དོན་དུ་ཁས་ཤན་ཟི་ཟེར་བའི་དགོན་པ་བཏབ་སྟེ་བཤད་སྒྲུབ་གྱི་སྡེ་ཚུགས། མི་དཔྱད་ལ་མཁས་པའི་རྒན་མོ་ཞིག་གིས་སློབ་དཔོན་ལ་ཚེ་ལོ་སུམ་ཅུ་རྩ་གཅིག་ཙམ་ལས་མི་འདུག་སྐད་སྙན་དུ་ཚོར་ནས། ཁོང་མི་དཔྱོད་ལ་གྲགས་

༄༅། །པ་དོན་ལྡན་གྱིས་མཁས་པ་ཡིན་པར་གྲགས་པས། དགུང་ལོ་ཉེར་དགུའི་ཐོག་བཤད་པས་གཙོས་པའི་བྱ་བ་ཐམས་ཅད་ཀྱི་འཕྲོ་བཞག། མཚམས་སྡམས་ནས་ཕྱི་མ་དོན་གཉེར་གྱི་ལས་སུ་ཉིན་མཚན་དུས་དྲུག་ཏུ་ཕྱག་སྐོར་དང་། དྷོར་གཅོད་འབའ་ཞིག་ལ་ཞལ་འདོན་གནང་བཞིན་ལོ་གསུམ་འདས། ཆད་ཚད་ལས་རྒལ་ཡང་སྐྱོན་མ་བྱུང་བས་ཐེ་ཚོམ་སྐྱེས་ནས། རྒན་མོ་བོས་ནས་དྲིས་པར། ལོ་སྐོར་གསུམ་གྱི་ཚེ་སྣུར་བྱུང་ཞུས། དེ་ནས་སླར་ཡང་གཞན་དོན་གྱི་བྱ་བ་ལ་འཇུག། ལན་གཅིག་རྒྱལ་པོ་འདི་ཆོས་ལ་མཁས་དྲགས་ཆེས་པས་འཁོར་རྣམ་བཞི་ཕལ་མོ་ཆེའི་བྱ་སྤྱོད་འདུལ་བ་དང་འགལ་བར་གཟིགས་ཏེ་བཅའ་སྒྲིགས་གསར་པ་བྱས་ཏེ། སྡོམ་པ་ཐོབ་ཚད་རང་རང་གི་ཆོས་བཞིན་འདུལ་བ་བཞིན་སྤྱོད་དགོས་པ་དང་འགལ་ན་ཚགས་འཛིན་བྱེད་པར་བཅད་དེ་དྲིལ་མ་བསྒྲགས་ཙམ་གྱི་གོང་། ཧྭ་ཤང་ཆེ་གྲ་རྣམས་བསྡུས་ནས་འདྲི་མོལ་ལ་བྱས་པར། ཕལ་མོ་ཆེས་མཐུན་འཇུག་བྱེད་ཅིང་ཡིན་ནོ་ལེགས་སོ་རང་ཞུས། ཉུང་ཤས་འགས་ལན་མ་བཏབ། སློབ་དཔོན་འདི་གཅིག་པུར་སྐད་བསང་མཐོན་པོས་སྦྱིན་བདག་ཆེན་པོ་ལགས། གཞེད་པ་དེ་རུང་བ་མིན་པའོ་ཞེས་ནས། ཆོས་འཛིན་མཁན་པོས་སྲིད་ལ་ཁ་འཇུག་པ་དང་། སྲིད་སྐྱོང་དཔོན་པོས་ཆོས་ལ་ཁ་འཇུག་པ་གཉིས་མི་ཤིས་པའི་རྟགས་ཆེན་པོ་ཡིན་པའི་ཚད་མ་

རྒྱས་པ་ཞུས། རྒྱལ་པོས་མདོ་སྡེ་རྣམས་སུ་བསྟན་པ་འདི་ས་སྐྱོང་ཆེན་པོ་རྣམས་ལ་བྱ་རར་གཏད་པའི་ལུང་མང་པོ་དྲངས་ཏེ་རྒོལ་བས། སློབ་དཔོན་གྱིས་དེ་དག་གི་དགོངས་པ་རྣམས་དོན་གྱིས་བཀྲལ། སྟོན་པ་བཞུགས་པའི་དུས་སུ། སྦྱིན་བདག་ས་སྐྱོང་རྣམས་ཀྱིས། ལྷས་སྦྱིན་དང་དྲུག་སྡེ་སོགས་ལ་ཆད་པས་མ་བཅད་པའི་རྒྱུ་མཚན་དྲིས་ཤིང་ལུང་རིག་གི་སྒོ་ནས་དགག་ཚིག་ལེགས་པར་ཞུས་པས། སྤོབས་པ་མེད་པར་གྱུར་ནས་སྤྱིར་རྒྱལ་པོ་རྣམས་འཁུ་འཁྲིག་ཆེ་བའི་ལུགས་ཀྱིས་རེ་ཞིག་མ་དགྱེས་པའི་རྣམ་འགྱུར་བསྟན་སྟེ་ཕྱིར་ལོག། ཟླ་བོ་རྣམས་དཔའ་ཐལ་ཆེ་ཞེས་འཁངས་པས་སློབ་དཔོན་གྱིས་ཕན་པའི་མིང་ལ་གནོད་པའི་སྙིང་པོ་ཅན་འདི་རིགས་གལ་འགག་ཆེན་པོ་ཡིན་པས་མ་དྲིས་པར་ཡང་ཞུ་བ་འགབ་ན། དྲིས་པར་སྨོས་ཀྱང་ཅི་དགོས། མི་བདག་འདི་ཆོས་ལྡན་ཞིག་ཡིན་གཤིས། བདག་བསད་མི་བསད་ཀྱི་ངེས་པ་མེད་བཞིན་ལ། དྲང་གཏམ་ཙམ་ཞུ་བར་དཔའ་ཐལ་ཅི་ཆེ། སྦྱིན་བདག་རྒྱལ་པོས་ཚུལ་མིན་ལ་འཇུག་པ་མཐོང་བཞིན་དུ་མི་ལྡོག །འཁོར་རྣམ་བཞི་སྡུག་དོང་དུ་འཆོར་བ་ཤེས་བཞིན་དུ་མི་སྐྱོབ། དགེ་སྦྱོང་གི་ཁ་ལོ་ཁྱིམ་པས་བསྒྱུར་ན། བསྟན་པ་འཇིག་པའི་རྒྱུ་ཐུན་མོང་མིན་པ་ཞིག་ཡིན་པ་དང་། ཕན་བདེའི་རྩ་བ་ཡིན་པས་ཤུགས་ཀྱིས་རྒྱལ་སྲིད་ལ་ཡང་མི་ལེགས་པར་འགྱུར་པའི་ཆོས་ཉིད་རིག་བཞིན་དུ་ཤ་མི་ཚ། དྲིས་བཞིན་དུ་ལན་མི་འདེབས།

༄༅། །སངས་རྒྱས་སྲས་བཅས་ཀྱི་ཐུགས་ཁྲེལ་ལས་མི་འཇིགས་པ་ཁྱེད་ཚོ་དཔའ་ཐལ་ཆེ། ཁྱེད་ཚོ་སྙིང་ཁམ་ཆེ། ཞེས་སླར་ལེ་ལན་གསུངས་པས་ཐམས་ཅད་རྨེག་མེད་དུ་ཕམ། རྒྱལ་པོས་ཅུང་ཟད་བསམ་མནོ་བཏང་བས། ཤེས་རབ་གཉིས་པའི་སྟོབས་ཀྱིས་སློབ་དཔོན་གྱི་གསུངས་ཚད་མི་འགྱུར་བའི་དོན་ལྡན་དུ་རིགས་ནས་རིངས་པར་བྱོན། དེ་ཀ་རང་ཡིན་གསུངས་ཤིང་དགྱེས་པ་ཆེན་པོས་བསྔགས་བསྟོད་དང་གཟེངས་བསྟོད་བྱས་པས་ཐམས་ཅད་ཡིད་རངས་ཤིང་། བརྩོམ་འདུན་གྱི་བྱ་བ་དེ་ཆམ་གྱིས་བཞག་པས། དེ་དུས་ཀྱི་འཁོར་རྣམ་བཞིའི་སེམས་སྐྲན་ཅིག་ཅར་དྭངས་ལ་ཕྱིས་ཀྱི་ལུགས་སྲོལ་ལ་ཡང་ཕན་པར་གྱུར་ཏོ། །རྒྱལ་ཚབ་ཅོའུ་ཡིང་ཐའི་ཙིས་ཐུན་མོང་མིན་པའི་སློབ་དཔོན་དུ་བཀུར་ནས། བཀའ་རྩོམ་ཡུམ་ཆེ་ཆུང་གི་ཊིཀྐ། མྱང་འདས། དྷོར་གཅོད། དམ་ཆོས་པད་དཀར། ས་བཅུ་པ། གསེར་འོད་ཀྱི་འགྲེལ་པ་བདེན་པ་གཉིས་ལ་འཇུག་པའི་རྣམ་བཤད་སྐབས་བརྒྱ་པ། མཛོད་རྩའི་རྣམ་བཤད་རྣམས་རྒྱ་ཆེར་དར་བར་གྱུར་ཏོ། །དགུང་ལོ་དྲུག་ཅུ་རྩ་ལྔ་ལ་ཞིང་བརྗེས་པས། རྒན་མོའི་བརྟག་ཐབས་ཀྱང་རྣོ་བར་སྣང་ངོ་། ། ༈ ལྷོ་པ་ཋེན་གུར་གྱི་དུས། རྒྱ་གར་ནས་ཡུལ་དབུས་ཀྱི་སློབ་དཔོན་ཨུ་པ་ཤུདྡྷཱ་དང་། པཎྜིཏ་གུ་ཎ་བྷ་ཏྲ་དང་སུ་བྷུ་ཏི་ཞེས་བྱ་བ་རྣམས་དུས་མཚུངས་སུ་བྱོན་ནས། ཧྭ་ཤང་ཤེས་རབ་གསལ་གྱིས་ལོ་ཙ་བྱས་ཏེ། མདོ་བསྡུད་པ།

ཤེར་ཕྱིན་རབ་རྩལ་རྣམ་གནོན་གྱིས་ཞུས་པ། མདོ་སྡེ་སྤྲིན་ཆེན་པོ་ལ་སོགས་པ་བསྒྱུར་ཏོ། །བྱང་པ་མུ་གུར་ཐའི་ཨུ་དྷཱི་རྒྱལ་པོའི་ཐུགས་དགོངས་བོན་ཕྱོགས་སུ་ལྷུང་ཐལ་ཆེས་པའི་རྐྱེན་གྱིས་གདོན་གསོལ་སྟེ། དཀོན་མཆོག་གསུམ་གྱི་རྟེན་ལ་རྩུབ་སྦྱོར་ཞུས་ཚུལ་བོད་ཀྱི་གླང་དར་ལས་གཉིས་འགྱུར་གྱིས་གདུག་པ་བྱུང་སྟེ། ཚེ་མཇུག་མཐོང་ཆོས་མྱོང་གྱུར་གྱི་རྣམ་སྨིན་མཛེ་ནད་དྲག་པོས་ཟིན་པ་དང་། གོང་གསལ་གྱི་གནས་བརྟན་ཞབས་དཀར་བ་ལ་དད་པ་ཐོབ་ནས་ནོངས་འགྱོད་དྲག་པོ་བྱས་ཀྱང་། གསོར་ཆུད་མ་ཁོམ་པར་འདས་པ་དེའི་སྲས་ཝེན་ཆེང་དྷཱི་རྒྱལ་པོ་ཞེས་བྱ་བ། ལྷ་བླ་མ་དང་ཚུལ་མཚུངས་པ་ཞིག་གིས་བསྟན་པའི་ཞིག་གསོས་ལེགས་པར་མཛད་དེ། བྱང་རྩེའི་བྲག་ཕུག་གི་དགོན་པར་རྒྱ་གར་པྖེཎ་ཏ་མ་ཡུས་གཙོ་བྱས་དགེ་བཤེས་མང་པོ་བསྡུས་ནས་གསུང་རབ་རིན་པོ་ཆེར་ཧོར་ཁོང་བྱུང་བ་གསབ། ཁྱད་པར་རྒྱ་གར་བྱང་ཕྱོགས་ཀྱི་པཎྜི་ཏ་བོ་དྷཱི་རུ་ཙི་ཞེས་བྱ་བ་མཁས་པ་དང་གྲུབ་པའི་དབང་པོ་ཞིག། ལྷོ་རྩེའི་དགོན་སྡེ་ཡུང་ཉིང་ཟིར་བསྟན་པའི་གསོས་སུ་སྤྱན་དྲངས། དེ་མཚུངས་མ་ག་དྷའི་པཎེ་རཏྣ་མ་ཏི་དང་། ཁ་ཆེའི་པཎྜི་ཏ་བུདྷ་དྷྱ་ན་སོགས་འགུག་པ་དང་རང་བྱོན་སྡོམ་པར་འཕགས་ཡུལ་ཀྱི་པཎ་གྲུབ་བདུན་བརྒྱས། རྒྱལ་པོའི་མཐུན་རྐྱེན་ལ་བརྟེན་ནས་རྒྱལ་བསྟན་རིན་པོ་ཆེའི་མེ་རོ་གསོས་པ་ཙམ་དུ་མ་ཟད་རྒྱ་ཆེར་དར་བར་མཛད་པ་འདི་ནི་

༄༅། །རྒྱ་ནག་བྱང་ཕྱོགས་ཀྱི་བསྟན་པ་ཕྱི་དར་རོ། །སྔར་ཧོར་གྱི་རྒྱལ་པོ་ཉི་ཚེ་བ་ཧེ་ལི་ཡན་པོ་པོ་དང་། ཕྱིས་བྱང་རྒྱལ་ཆེན་པོ་ཇེའུ་ཐི་ཡན་ཡུའན་དྷཱི་གཉིས་ཀྱི་དུས་སུ་བསྟན་པ་ལ་འཇིག་ཆགས་རེ་བྱུང་ཡང་། འདི་སྐབས་ཙམ་གྱིས་ཆེ་བ་མིན་ནོ། །ལྷོ་ཀིཡང་ནན་གྱི་སའི་ཆར་ནི། རྒྱལ་བསྟན་རིན་པོ་ཆེའི་དབུ་བརྙེས་པ་ནས་ད་ལྟ་ལ་ཐུབ་པའི་བར་དེ་འདྲ་གཏན་ནས་མ་བྱུང་འདུག་གོ །དགོན་པ་ཡུང་ཉིང་ཅི་འདི་ཐོག་མར་ཡུ་གུར་ཥིའོ་དུ་མིང་དྷཱི་རྒྱལ་པོའི་ཡུམ་ཧུ་ཐུའི་ཧེའུ་གཞེངས་པ་ཡིན་སྟེ། རྨང་གཞིའི་དོན་དུ་ས་བརྐོ་བའི་སྐབས། ས་འོག་ནས་གསེར་སྐུ་སུམ་ཅུ་རྩ་གཉིས་བརྙེད་པ་བཀྲ་ཤིས་པའི་མཚན་མར་གོ་ནས་དད་སྟོབས་བསྐྱེད་དེ་ཀ་ཅ་གང་ལ་ཡང་ཕངས་པ་མེད་པར་བསྒྲུབས་ཟེར་ལ། དཀྱིལ་དུ་དྷོ་ཤིང་སོ་ཕག་གི་མཆོད་རྟེན་རིམ་པ་དགུ་པ་སྲིད་དུ་ཁྲུ་དགུ་བརྒྱ་དང་སྟེང་གི་གནྡྷོ་ལ་གསེར་ཟངས་ལས་བསྒྲུབས་པ་ཁྲུ་བརྒྱ་ཐམ་པ་བཅས་ཁྱོན་སྡོམ་ཁྲུ་སྟོང་ལོངས་པ། ལེ་དབར་བརྒྱ་ལྷག་ཙམ་གྱི་ཐག་ནས་ཉི་མའི་དཀྱིལ་འཁོར་ས་ལ་འཕོས་པ་ལྟར་གསལ་ལྷམ་མེར་སྣང་བ། གནྡྷོ་ལའི་བུམ་ཁོག་འབྲས་བྲེའོ་ཆེ་བརྒྱ་ཉེར་ལྔ་གཤོང་པའི་ཚད་ཅན། སྟེང་གི་ཆར་ཁེབས་རིམ་པ་བཅུ་ཅིག་ཡོད་པའི་ལྕོག་ཐམས་ཅད་ནས་གསེར་གྱི་ལུ་གུ་རྒྱུད་དཔྱངས་ཐག་ཏུ་བཏགས་པ། དེ་དག་དང་རིམ་པའི་ལྕོག་རྣམས་ལས་འཕྱང་བའི་གསེར་

འབའ་ཞིག་ལས་གྲུབ་པའི་དྲིལ་བུ་བྲེའོ་ཆེ་ཚད་ཀྱིས་ཆེ་བ་བརྒྱ་དང་སུམ་ཅུ། ཕོར་ཚད་མ་ལྔ་སྟོང་བཞི་བརྒྱ། ཐམས་ཅད་ཀྱང་མགར་འཕྲུལ་གྱིས་གསུང་སྙན་སྣ་ཚོགས་སུ་བཅོས་པ་སྟེ། རྫི་ཕྱོགས་སུ་ལེ་དབར་བཅུ་ཙམ་གྱི་སར་དབྱངས་སྙན་རྣམ་པ་དུ་མའི་དགའ་བ་སྟེར་བ། རྩ་བའི་ལོགས་བཞི་སོ་སོར་ཞེང་དུ་རྐྱང་ཁྲུ་བརྒྱ་རྩ་བརྒྱད་རེ་དང་བཅད་མཚམས་དགུ་རེ། སྐར་ཁུང་དྲུག་རེ་དང་འཇུག་སྒོ་གསུམ་རེ་ཡོད་པ། བྱང་ལོགས་ན་ལྷ་ཁང་ཆེན་པོ་དང་། གཡས་གཡོན་མཚམས་ཟུར་གྱི་འཁོར་ཁང་ཐམས་ཅད་རྒྱལ་པོའི་གསེར་ཐོག་ཆེ་ཆུང་དང་མཚུངས་པ། སྟོན་པའི་རྣམ་ཐར་དང་བཏད་རབས་སོགས་སྔོན་བྱོན་སྐྱེས་ཆེན་གྱི་རྣམ་ཐར་གྱང་རིས་སུ་བྲིས་པ། རྟེན་གཙོ་ནས་རྒྱལ་ཆེན་སྡེ་བཞིའི་བར་གྱི་སྐུ་བརྙན་ཐམས་ཅད་ཀྱི་རྒྱན་རྣམས་གསེར་རྐྱང་བརྡུངས་མ་དང་རིན་པོ་ཆེ་ངོ་མ་སྣ་ཚོགས་ཀྱི་ཕྲ་ཚོམ་ཅན། འཁོར་ཡུག་ཏུ་དགེ་འདུན་གྱི་ཁང་པ་སྟོང་ཕྲག་གཅིག། རྨང་སྟེགས་ཀྱི་མདུན་ངོས་ལ་ཐེམ་སྐས་གསུམ་ཡོད་པའི་ཐད་ཀར་བགྲོད་ལམ་གསུམ། དེ་ལ་སྒོ་ཁང་ཕུག་གསུམ་མ་གསུམ་བརྩེགས་མཐོ་སྲིད་དུ་ཁྲུ་བཞི་བརྒྱ་ཡོད་པ། ཕྱོགས་གཞན་གསུམ་ན་ཐེམ་སྐས་དང་བགྲོད་ལམ་རེ་ཡོད་པའི་གཡས་གཡོན་གྱི་སྒོ་གཉིས་ལ་ཁང་པ་གཉིས་བརྩེགས་རེ་དང་། ལྟག་སྒོ་ལ་ཁང་བརྩེགས་མེད་པར། མཆོད་རྟེན་གྱི་ནང་རོལ་ན་གནྡྷོ་ལའི་

༄༅། །བུམ་པའི་བར་འཛེགས་པའི་ཐེམ་སྐས་དུང་འཁྱིལ་དུ་ཡོད་ཅིང་ཕྱོགས་མཚམས་སུ་ཕྱིར་བལྟ་བའི་སྐར་ཁུང་ཅན། ར་བའི་ཕྱི་ནང་གི་བར་མཚམས་གྲྭ་ཟུར་ཐམས་ཅད་ལ་ཤིང་ཏོག་དང་མེ་ཏོག་སྣ་ཚོགས་ཀྱི་ཤིང་དང་། དེའི་དུས་སུ་ཡུ་གུར་ལ་ལེགས་འབུལ་བྱེད་པའི་མཐའ་འབངས་ཤིན་ཏུ་མང་བས། ཡུལ་སྣ་མང་པོ་ནས་བསྡུས་པའི་མེ་ཏོག་དང་སྤོས་ཤིང་མང་པོས་བརྒྱན་པ། རྒྱུ་དང་བཀོད་པ་གཟོ་ལུགས་སོགས་རྣམ་པ་དུ་མས་ཁྱད་དུ་འཕགས་པ་སྟེ། དེ་དུས་སུ་འཛམ་བུ་གླིང་གིས་ཕྱོགས་གཞན་དག་གང་ན་ཡང་འདི་དང་མཉམ་པའི་གཙུག་ལག་ཁང་མེད་པར་གྲགས་ཆེ་མོད་ཀྱིས་བསྟན་པའི་བར་ཆད་ཀྱི་སྔ་ལྟས་སམ་གང་ལྟར་ཐའི་ཧེའུ་གཤེགས་ནས་རིང་པོར་མ་ལོན་པར། རང་བྱོན་གྱི་མེ་ལྷའི་ཞལ་བརྒྱུད་དེ་རྒྱ་མཚོའི་ཀླུ་རྣམས་ཀྱིས་སྤྱན་དྲངས་ལ། ཕྱི་དར་གྱི་སྐབས་ཤུལ་དེར། ལྷ་ཁང་དང་གྲ་ཁང་མང་པོ་བཏབ་ནས་སོར་ཆུད་ཁུལ་བྱས་ཀྱང་། མིང་འདྲ་བ་ཙམ་ལས་མ་བྱུང་ངོ་། །སྤྱིར་ཐའི་ཧེའུ་འདི་དད་པ་ཆེ་བ་ཞིག་ཡིན་སྟེ། མི་སྣ་ཆེད་དུ་མངགས་ཏེ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཚད་བླངས་ནས། གོས་ཆེན་སྣ་ཚོགས་ཀྱི་བ་དན་ཁྲུ་བདུན་བརྒྱ་ལོངས་བ་བཞི་གཟོས་ནས་ཕུལ་བ། གདུགས་ལ་བཏགས་པས་རྨངས་གཞིར་དྲུད་བྱུང་སྐད་དོ། ། ༈ སྐབས་དེ་འདས་ཙམ་ན། ཡུལ་ཝ་ར་ན་སི་ནས་

གོོ་ཏམ་རིགས་ཀྱི་སློབ་དཔོན་པྲཛྙཱ་རུ་ཙི་བྱ་བ་བྱུང་སྟེ། ཧྭ་ཤང་ཐན་ལིན་དང་སེང་ཧྥང་གཉིས་ཀྱིས་ལོ་ཙཱ་བྱས་ནས་དྲན་པ་ཉེར་བཞག་དང་། སེམས་ཙམ་ལུགས་ཀྱི་རྩོད་སྤོང་གི་བསྟན་ཆོས་སོགས་བཅས་བམ་པོ་བརྒྱད་ཅུ་རྩ་ལྔ་ལོངས་པར་བསྒྱུར་ཏོ། །ཡང་རྗེས་ཙམ་ན་འདུལ་བ་འཛིན་པ་ཛྙཱ་ན་བྷཱ་ཏྲ་དང་། པཎྜི་ཏ་ཡ་ཤ་ཀེ་ཏུ། དྷརྨ་རུ་ཙི་སྔ་མ་སེ་ན་ཡ་ཤ་རྣམས་བྱོན་སྟེ། ཧྭ་ཤང་ཤེས་རབ་ལྷ་དང་ཆོས་ཉིད་ཟབ་མོ་དང་། བྱང་ཆུབ་སྤོབས་དང་། བློན་ཆེན་ཐན་ཡང་ཀུང་སིའོའུ་ཀི་རྣམས་ཀྱིས་ལོ་ཙཱ་བྱས་ནས། ཕྱི་རིག་བཞིའི་རྩ་བ་འགའ་དང་། སྐར་རྩིས་བམ་པོ་ཉི་ཤུ་པ་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལ་སོགས་པ་མདོ་སྡེ་འགའ་ཞིག་བསྒྱུར་ཏོ། །དེའི་དུས་སུ་ཧྭ་ཤང་མིང་ཐེན་ཞེས་བྱ་བ་མང་དུ་ཐོས་པ་བློ་རྣོ་ལ་ཁ་བརྡར་བ། ཚིག་འཁྲི་ལ་དགའ་བ་ཞིག་བྱུང་ལ་རིགས་མཐུན་གྱི་འཁོར་བཅུ་ཕྲག་དུ་མ་ཡོད་པ་ལ་དྲག་ཞན་འགའ་ཡིས་བདག་རྐྱེན་དགའ་མོ་བྱས་འདུག་སྟེ་ཤེས་རབ་དང་སྤོབས་པའི་སྟོབས་ཡིན་པར་གདའ། དེང་སང་གི་ཆོས་སྨྲ་བ་པོ་ཕལ་ཆེར་རྣམ་པ་ཐམས་ཅད་དུ་གདུག་སྦྲུལ་དང་ཆོས་མཐུན་ཟེར་ནས། སྦྲུལ་དཔེའི་བསྟན་ཆོས་ཞེས་བྱ་བ་རྩམས་པའི་ཚིག་སྦྱོར་ལེགས་པས་དར་སོ་ཆེ་བ་བྱུང་། ཕྱིན་སར་འཆད་ཉན་འདྲའི་སྐབས་དང་ཐུག་ན། རྩོད་དོགས་ཀྱིས་རེ་ཞིག་ཆམ་བཞག་དགོས་པས་ཆོས་ཀྱི་བར་ཆད་ལན་མང་

༄༅། །བྱས་སྐད། ལན་གཅིག་ཟླ་བོ་འགའ་ཞིག་དང་བཅས་སྦྱིན་བདག་གིས་ཆོས་སྟོན་ལ་གདན་དྲངས་པར། སྙིང་ཁོང་ནས་ཚ་གདུང་ཆེ་བ་བྱུང་ཟེར་ནས་ཟ་མ་ཐུབ་པར་ལོག ལམ་དུ་ཆས་གོས་བུད་སྟེ་གཅེར་བུར་འདྲེ་ལྡོག་བྱེད་ཅིང་། ལག་པ་གཉིས་རྩིབས་ལོགས་དང་འབྱར། རྐང་བ་གཉིས་ཀྱང་གཅིག་ཏུ་གྱུར་ནས་རིམ་གྱིས་ཕྲ་ཞིང་རིང་བར་བསྒྱུར་པ་དང་འདྲེ་ལྡོག་བྱེད་བཞིན་པར་ཟླ་བོ་རྣམས་ལ། སྦྲུལ་དཔེའི་བསྟན་ཆོས་ཀྱི་རྣམ་སྨིན་མྱོང་དགོས་ཤས་ཆེ་བས་འདུ་ཤེས་མ་འགྱུར་གོང་ཁྱེད་ཚོས་བྲོས་ཤིག་བྱས་པས་འགའ་ཞིག་བྲོས། འགའ་ཞིག་ཤིང་ལ་འཛེགས། མགོ་བོ་ཙམ་བསྒྱུར་དཀའ་བར་སྣང་ཟེར་སྟེ་འཇུག་རྩེས་ཡང་ཡང་རྒྱབས་པས་ཐོད་པ་གཤགས་གིས་འགས་ཏེ་མགལ་ཟུང་རལ་བའི་ནང་ནས་སྦྲུལ་མགོ་བྱེལ་ལེ་བ་བྱུང་། དེ་མ་ཐག་ཏུ་ཕྱོགས་མཚམས་ནས་སྦྲུལ་ཆེ་ཆུང་གྲངས་མེད་པ་བསྡུས་ལ། འཚུབ་རླུང་ཆེན་པོ་ལངས་ཏེ་ནགས་འཐུག་པོར་སོང་སྐད་དོ། །ཡང་ཟེང་ཡུན་ཞེས་བྱ་བའི་འདུལ་འཛིན་ཞིག་ཆོས་པ་དགའ་མོ་ཡིན་པ་ལ་ཅུང་ཟད་སྙིང་ཁམ་ཆེ་བས་དབྱར་གནས་ཀྱི་སྐབས་ས་ཕྱོགས་འདི་ཀར་འདི་དང་འདི་རུང་ཤས་ཁ་ཟེར་གྱིན་ཧ་ཅང་གུ་ཡངས་སུ་སོང་བ་རང་གིས་མ་ཚོར། ལན་གཅིག་དགག་དབྱེའི་ཉིན་གར་སོང་ཆ་མེད་དུ་ཐལ་བས་དགེ་འདུན་རྣམས་སོ་སོ་ནས་འཚོལ་ཙ་ན། དུར་ཁྲོད་ཞིག་གི་ནང་དུ་

འགྱེལ་ཞིང་ལུས་ལ་མཚོན་རྨ་གསུམ་ཁྲག་ཟག་ཀིན་འདུག་སྐད། རྒྱུ་མཚན་དྲིས་པས་སློབ་དཔོན་ན་རེ། རལ་གྲི་ཐོགས་པའི་མི་ཆེན་པོ་ཞིག་གིས་འདིར་ཁྱེར་ནས། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུང་པའི་ཆོས་འདུལ་བ་ལ་དབང་ཟོས་པའི་ཆད་པ་ཡིན་ཟེར་ནས་རལ་གྲིས་ལན་གསུམ་རྒྱབ་ཟེར། ཐམས་ཅད་ཀྱིས་བཤགས་སྡོམ་དྲག་ཏུ་བྱས་ཤིང་སྨན་བསྟེན་པས་གསོས། མཁན་ཟུར་བྱས་ནས་བཤགས་པ་གཙོ་བོར་གྱུར་པའི་ཆོས་སྤྱོད་ལ་འབད་ཅིང་ཐོས་བསམ་ལ་མི་ངོམས་པར་ཞུགས་པས་ཚེ་སྨད་ན་དགེ་བཤེས་བཟང་ཤོས་སུ་གྱུར་ཏོ། །ཧྭ་ཤང་བྱང་ཆུབ་ཕུན་ཚོགས་ཞེས་བྱ་བ་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་པར་ཀུན་གྱིས་རིག་ཞིང་། མང་པོའི་ཐོད་དུ་ཁུར་བ་ཞིག་བྱུང་སྟེ། དེ་དུས་དབང་རྟུལ་དད་པའི་རྗེས་སུ་འབྲངས་པའི་སློབ་དཔོན་པ་ཞིག་ལ་བར་ཆད་བྱུང་ནས། ནང་རེར་ཐུབ་པའི་དབང་པོས་ཞལ་དངོས་སུ་བསྟན་པ་ལྟ་བུའི་སྣང་བ་ཤར་བས་དེ་ཕྱོགས་སུ་རྒྱུན་པར་ཕྱག་བཙལ། དྲིས་ཀྱང་མི་བཤད་ཕྱིས་སྣང་བ་དེ་སྔས་ལ་སོགས་སུ་ཉེ་བར་ཡོང་ནས་ཁྱོད་སངས་རྒྱས་ཟིན་ཏོ། །ཆོས་བཤད་པ་དང་འཁོར་བསྡུ་བ་ལ་སོགས་པ་ཅི་དགར་སྤྱོད་ཅིག་ཅེས་པས་ལུང་བསྟན་ཐོབ་པར་བསམས་ནས་ཉིན་རེ་བཞིན་སངས་རྒྱས་ཀྱི་ལད་མོ་བྱས། གཞན་དག་གིས་བར་ཆད་རིག་ནས་དྲན་པ་གསོ་རུ་བསྐུལ་ཀྱང་མི་ཉན། ཐབས་ཀྱིས་སྨན་གཏོང་ཡང་ཕན་

༄༅། །མ་ཐོགས། དེ་ནས་གནས་བརྟན་ཞིག་གིས་དམངས་མ་བསྐུལ་ནས། སློབ་དཔོན་བྱང་ཆུབ་ཕུན་ཚོགས་སྤྱན་དྲངས་པས་ཕེབས། ཁོ་པར་བར་ཆད་བྱུང་ལུགས་རྣམས་མངོན་གསུམ་གཟིགས་པ་བཞིན་ལྐོག་ཏུ་མཛུབ་ཚུགས་སུ་གསུངས་པས། ཧ་ལས་ནས་ཡིད་རངས་ཏེ་གདམས་ངག་ཞུས་ཤིང་གདོན་དེ་ལས་ཚེགས་མེད་དུ་གྲོལ་ཏོ། ། ༈ མཁན་ཆེན་ཡུའན་ཐུང་ཞེས་བྱ་བ་ལྷག་བསམ་ཕུལ་དུ་བྱུང་བ་གཅིག་བྱོན་ཏེ། ཊྭང་ཡུའན་ཟིའི་མཁན་པོ་བྱས་པའི་སྐབས་ཤིག་ན། དགེ་སྦྱོང་མཛེ་བོ་རྣག་ཁྲག་ཟག་པ་གོས་ཧྲུལ་པོ་གྱོན་པ་གཅིག་བྱུང་ནས་གནས་མལ་ཞུས་པར། དགེ་འདུན་ཕལ་མོ་ཆེས་མི་འདོད་པས་སློབ་དཔོན་གྱིས། ཞལ་ཏ་བས་འདོད་སྦྱོར་མི་གཏུབ་པར་དགོངས་ནས་བླ་བྲང་དུ་བོས། མོལ་མཆིད་བྱེད་ཙ་ན་མཁས་པ་ཆེན་པོར་འདུག་སྐད། སྨན་དཔྱད་དང་མཁོ་བའི་ཡོ་བྱད་ཀྱིས་ལོ་ཕྱེད་གསོས་པས་ན་ཚ་གཞི་མེད་དུ་དྭངས། འགྲོ་ཁར་སློབ་དཔོན་གྱིས་ན་གཟའ་རིལ་གཅིག་སྟེར། ཕྱག་ལ་འཇུས་ནས་སྐྱེལ་ཐུང་མཛད་པས་ཁོང་གིས། ཤི་ཀུ་ཤན་རིའི་བྱང་ཤར་མཚམས་ན་ཊུ་ལིན་ཟི(སྨྱིག་མིའི་ཚལ།)ཟེར་བའི་ལྷ་ཁང་ཡོད་དེ། དེར་འཚོལ་ན་འཇལ་ཕྲད་ཨེ་ཡོང་ཟེར། སློབ་དཔོན་གྱིས་ཐུགས་ལ་བཞག་ནས་ལོ་ཁ་ཤས་འདས་པ་ན། ཁམས་སེང་བའི་ཚུལ་གྱིས་ཕེབས་སྟེ། རི་དེའི་གཉུག་མ་པར་དྲིས་པས་

སུས་ཀྱང་མ་ཤེས། བྱང་ཤར་ནས་ལུང་དོག་ཞིག་ཟུག་ཡོད་པའི་ཁར་རྟ་པ་ཞིག་བྱུང་ནས་ཟླ་བོ་རྣམས་ལ་རྒྱུས་མེད་ཀྱི་སྡིགས་གཏམ་སྣ་ཚོགས་སྨྲ་ཞིང་བགྲོད་དུ་མི་སྟེར་སྐད། སློབ་དཔོན་གྱིས་ཐེ་ཚོམ་ནས་གཅིག་པུར་ལུང་པ་བརྒྱུད་དེ་ཕྱིན་པར་མ་དགག། ཆུ་མིག་དང་ནགས་ཚལ་གྱིས་བརྒྱན་ཅིང་ཉམས་དགའ་བ་ལ། བྱ་སྐད་སྙན་པར་སྒྲོགས་པ་འགའ་ཞིག་མ་གཏོགས་མི་མེད་པས་འདྲི་སས་དབེན་ཀྱང་ཉམས་དགའ་བས་ངལ་དུབ་མི་ཚོར་བར་ལེ་དབར་ཁ་ཤས་བགྲོད་ཙ་ན། ཆུ་མིག་ཤིན་ཏུ་ཆེ་ཞིང་དྭངས་པའི་ངོས་ན་ཟམ་ཆུང་གཅིག་ཡོད་པའི་གཡས་གཡོན་དུ་སྨྱུག་མའི་ཚལ་དང་། ཐང་ཤིང་དང་ཤུག་པ་ཤིང་མེ་ཏོག་གི་ཚལ་ཡོད་སྐད། ཟམ་ལམ་བརྒྱུད་དེ་ཕྱིན་པས། རྟ་བབས་ཤིན་ཏུ་མཛེས་པ་ཞིག་སྣང་ཟེར། དེ་དང་མི་རིང་བར་དགོན་གསར་ཞིག་ཡོད་པའི་སྒོར་ཡ་ཐེམ་ཐོག་གི་མིང་བྱང་ཊུ་ལིན་ཟི་ཞེས་པའི་གསེར་གྱི་ཡི་གེ་མཐོང་ནས་དགའ་བ་དཔེ་མེད་སྐྱེས། རང་དགར་འཇུག་རུང་མི་རུང་སྙམ་དུ་དོགས་མུར། མི་ཞིག་བྱུང་ནས་ག་ནས་ཡོང་། སུ་འཚོལ་ཟེར། རྒྱུ་མཚན་སྙད་པས་ནང་དུ་ཁྲིད་སྟེ་ཟུར་གྱི་ས་གྲ་ཆུང་ངུ་ཞིག་ཏུ་ཕྱིན། དེ་ནས་སྔར་གྱི་དགེ་སྦྱོང་དེ་འདུག་པ་ཕྱུང་ནས་བསུས། ཇ་ཤིང་ཏོག་སྤོས་ལ་སོགས་པ་ནི་མིའི་འཇིག་རྟེན་ན་ཚོར་མ་མྱོང་ཤ་སྟག་ཡིན་སྐད། ཁོང་གི་ཞལ་ནས་དེ་རིང་འཕྱིས། སང་ཞོགས་མཁན་པོ་འཇལ་

༄༅། །ནས་ལོག། འདི་ཀར་སུ་རུང་རུང་གིས་ཡུན་རིང་སྡོད་མི་ཐུབ་གསུངས། དེ་ཀའི་གནས་ཚུལ་དྲིས་ན་ཅང་མི་གསུང་སྐད། གཞན་ཆོས་གཏམ་ངོ་མཚར་བ་མང་པོ་ཉན། སང་ཞོགས་ཁོང་གིས་འཁྲིད་ནས་མཁན་པོའི་རྩར་ཕྱིན་སྟེ་ཆོས་བཞིན་གྱི་ཕྱག་འབུལ། མཁན་པོས་འཛུམ་མདངས་ཀྱི་ལེགས་པར་འོངས་སོ་གསུངས་ནས། འབེལ་གཏམ་གཞན་མི་གནང་སྐད། དབུ་སྐྲ་དང་སྨིན་མ་དུང་ལྟར་དཀར་བ་ལ་གཞོན་ཤ་ཅན་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ནས་བཞུགས་ཟེར། འོན་ཀྱང་ཁྲི་སྟན་སྙེ་འབོལ་བླ་བྲེས་ཡོལ་བ་སོགས་ནི་རིན་པོ་ཆེ་དང་གོས་ཆེན་སྣ་ཚོགས་ཀྱིས་བྱས་པ། གཡས་གཡོན་དུ་འཁོད་པའི་དགེ་འདུན་རྣམས་ཀྱང་རྒན་གཞོན་མི་འདྲ་ལ། ཚང་མ་ཡིད་དུ་འོང་ཞིང་གཟི་བརྗིད་ཆེ་བ་ཁོ་ནར་འདུག་ཟེར། སླར་འཁྲིད་ནས་བྱུང་སྟེ་ཅི་བདེ་བར་གཞུད་ཅིག་ཅེས་སྐྱེལ་ཐུང་མཛད། མཁན་པོའི་མཚན་དང་སུའི་རྒྱུད་པ་དང་། དགོན་པའི་ཚད་དང་། དགེ་འདུན་གྱི་གྲངས་རྣམས་དྲིས་པས་ཤི་ཀུ་ཤན་གྱི་གམ་གནས་ག་གེ་མོ་ཞིག་ན། གནས་བརྟན་རྒན་པོ་གཅིག་ཡོད་པ་དེ་ལ་དྲིས་ཤིག་གསུངས། ཕངས་ཆེ་བས་ཕྱི་མིག་ཡང་ཡང་ལྟ་བཞིན་འོངས་ཏེ། ཟམ་ཆུང་བརྒལ་ནས་ལྟས་ཙ་ན། ནགས་ཚལ་སྟུག་པོ་ལ་སྤྲིན་དཀར་ཀྱིས་ཀླུབས་པ་ཙམ་ལས་མི་སྣང་སྐད། རི་གམ་གྱི་གནས་སུ་

ཕྱིན་པས་ཟླ་བོ་རྣམས་ཀྱང་དེར་འདུག་སྐད། གནས་བརྟན་རྒན་པོ་འཚོལ་ནས་བརྙེད། ལྐོག་ཏུ་འཁྲིད་ནས་དྲིས་པས། བདག་ལ་དྲིས་ཤེས་སམ་གསུངས་། ཡིན་ལགས་ཞུས་པས། མཁན་པོ་དེ་གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ཡིན། གཞན་རྣམས་ནི་འཁོར་ཡིན་ལ། ཊུ་ལིན་ཟི་སྤྲུལ་པའི་ལྷ་ཁང་ཡིན། འཁོར་གྱི་གྲངས་དང་། གནས་ཁང་གི་ཆེ་ཆུང་ལ་ངེས་པ་མེད། ཁྱེད་སྐལ་བ་རེ་བཟང་བར་གདའ་གསུངས་པས། སློབ་དཔོན་གྱིས་དེ་དག་དང་འགྲོགས་པའི་གོ་འཕང་མ་ཐོབ་པ་ལ་ནོངས་པའི་སྐྱོ་བ་དང་། དེ་དག་དངོས་སུ་འཇལ་བའི་སྐལ་བ་རེ་བཟང་སྙམ་པའི་དགའ་བ་གཉིས་ཕན་ཚུན་འགྲན་པ་བཞིན་དུ་གྱུར་ཏོ། ། ༈ ཆེན་པོ་སུས་རྒྱལ་སྲིད་ཀྱི་ས་སྐྱོང་ཐོག་མ་ཝེན་ཧཱི་རྒྱལ་པོའི་དུས་སུ། ཧྭ་ཤང་ཏན་ཡན་ཞེས་བྱ་བ། ཕྱི་མཚན་དཔེས་མཛེས་པ་ལ་ནང་ལུང་རྟོགས་ཀྱིས་གང་བ་ཞིག་བྱུང་སྟེ། སྐུ་ན་ཕྲ་སྐབས་ནུབ་གཅིག་རྨི་ལམ་དུ་མི་དཀར་རྟ་དཀར་ལ་ཞོན་པ་གཅིག་བྱོན་ནས། ཁྱོད་ལ་བསྟན་པ་གཏད་དུ་འོང་བ་ཡིན་ཟེར། རྟ་རྔ་ས་ལ་དྲུད་ཚད་ཀྱི་རིང་ལ་སྐད་འཚེར་བ་རྨིས། སློབ་དཔོན་རྟ་སྐད་ཀྱིས་བྱིན་གྱིས་བརླབས་པ་ཡིན་གསུངས་། དེ་གོང་ཇེའུ་ཡུ་ཝན་དྷཱི་རྒྱལ་པོས་ནང་པ་མི་འདོད་པའི་དུས་ཡིན་པ་ལ། བནྡེ་སུ་མཁས་ཟེར་ཚད་བོས་ནས་བན་མིན་རིག་བྱེད་པ་བློ་རྣོ་བ་མང་པོ་བསྡུས་ཏེ་ཅི་ནར་རྒྱལ་སྟེ་འཚེངས་པ་ལ། སློབ་

༄༅། །དཔོན་འདི་མ་ཐུབ་སྟེ་ཡིད་རངས་ཤིང་བདག་རྐྱེན་གཡགས་པོ་བྱས། འོན་ཀྱང་གང་ཟག་ལ་ཡིན་གྱི་ཆོས་ལ་མ་ཡིན་ཏེ། རིམ་གྱིས་ལྷ་ཁང་བཤིག་པ་དང་། བཙུན་པ་འབེབས་པ་སོགས་བརྩམས་པ་ན། སློབ་དཔོན་གྱིས་ལན་མང་བཟློག་ཀྱང་མ་ནུས་པས། སྦས་པའི་རྟུལ་ཞུགས་ཀྱིས་བྲོས། ཕྱིས་རྒྱལ་པོ་སྙུན་ནད་དྲག་པོས་བཏབ་པས་ནོངས་པ་སྐྱེས་ཏེ་ཞིག་གསོས་འགའ་བྱས། མི་བརྒྱ་དང་ཉི་ཤུ་ཚབ་བཙུན་བྱེད་དུ་བཅུག། འོན་ཀྱང་མི་རིང་བར་འདས་ནས་རྒྱལ་སྲིད་ཆེན་པོ་སུས་ཀྱི་ལག་ཏུ་བྱུང་བ་དང་། སློབ་དཔོན་ཆོས་གོས་གྱོན། ལྷུང་གཟེད་དང་མཁར་སིལ་ཐོག་ནས་འཇལ་དུ་འོངས་པར། རྒྱལ་པོས་སྔ་མོ་ནས་རྒྱུས་ཡོད་པས་ཤིན་ཏུ་དགའ་སྟེ་སློབ་དཔོན་དུ་བཀུར། འཁོར་དང་བཅས་པ་ལ་བསྙེན་གནས་ཆོས་བཞིན་དུ་ཕོགས། བསྐུལ་ནས་རྙིང་བ་གསོས་པ་མ་གཏོགས་པར། གསར་པ་བསྙེན་རྫོགས་སྟོང་གཉིས་བརྒྱ་ལྔ་བཅུ་དང་། དགེ་ཚུལ་ལྔ་བརྒྱ་བསྒྲུབས་ཏེ་བསྟན་པའི་མེ་རོ་སླར་གསོས། དགུང་ལོ་བདུན་ཅུ་རྩ་གསུམ་ཐོག་ཞི་བར་གཤེགས་སོ། ། ༈ རྒྱ་གར་བྱང་ཕྱོགས་ཀྱི་པཎྜི་ཏ་ཤཱཀྱའི་རིགས་ལས་ན་རེནྡྲ་ཡ་ཤ་སྟེ་མིའི་དབང་པོ་གྲགས་པ་ཞེས་བྱ་བས། ཚུར་ཕེབས་པར་ལམ་གོལ་སྟེ་ཧོར་སོགས་གི་ནང་དུ་བྱོན། སོག་པོ་མང་པོ་དད་པར་བྱས་ཏེ། གདུལ་བྱའི་བློ་བསྟུན་གྱི་བསྙེན་གནས་ཡན་ལག་དྲུག་པའང་

ཕོག་སྐད། འགྲུལ་པ་དང་སྡོངས་རྒྱ་ཡུལ་དུ་བྱོན། སུས་ཝེན་དྷཱི་རྒྱལ་པོའི་བླ་མཆོད་དུ་གྱུར། ཧྭ་ཤང་ཆོས་ཀྱི་ཤེས་རབ་དང་། དགེ་འདུན་རིན་ཆེན། ཤེས་རབ་འཕེལ། ཆོས་ཀྱི་ཏོག། སྒྲ་བསྒྱུར་གྱི་བློན་པོ་བྱང་ཆུབ་རིན་ཆེན་དགེ་སྙེན་ལྷ་མཛེས་རྣམས་ཀྱིས་ལོ་ཙཱ་བྱས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡང་དག་པའི་ལྟ་བའི་མདོ། ཤིན་ཏུ་རྒྱས་པའི་མདོ་སྡེ་ཟླ་བའི་སྙིང་པོ། ཉི་མའི་སྙིང་པོ། ཆོས་ཀྱིས་རྣམ་པར་རྒྱལ་བ་མཛོད་ཀྱི་སྐོར་ལ་སོགས་པ་བམ་པོ་བརྒྱད་ཅུ་ལྷག་པར་འགྱུར། དགོན་སྡེ་གསུམ་དང་། མགོན་མེད་ཟས་སྦྱིན་གྱི་ས་གྲ་གཅིག་བཏབ། ལས་ཚོགས་ཀྱི་སྒོ་ནས་འགྲོ་བ་མང་པོ་ལ་ཕན་བཏགས་ཏེ། རང་ལོ་བརྒྱ་ཐམ་པའི་ཐོག། ཁུས་ཧྭང་ལོ་དགུ་པ། སྟོན་འབྲིང་གི་གནམ་གང་ལ་ཞིང་ཁམས་བརྗེས་སོ། ། ༈ རྒྱ་གར་བྱང་ཕྱོགས་ཀྱི་སློབ་དཔོན། རྒྱལ་རིགས་གུ་ཎ་ཙིཏྟ་ཞེས་བྱ་བ་སྔ་མོ་ཞིག་ནས་བྱོན་སྟེ། བཅུ་གཅིག་ཞལ་གྱི་རྒྱུད་དང་གཟུངས་སྔགས་ཆང་ཆུང་ལ་སོགས་པ་སྤྱན་རས་གཟིགས་ཀྱི་སྐོར་མང་པོ་བསྒྱུར་ཀྱང་། མི་རིང་བར་ཇེའུ་ཐིམན་ཡུའན་གྱིས་འཁོར་རྣམ་བཞི་འབེབས་པའི་དུས་ལ་ཐུབ་པས་རེ་ཞིག་འོ་རྒྱལ་བ། འདི་སྐབས་གོང་ནས་མཐུན་རྐྱེན་གནང་སྟེ། མངོན་པར་འབྱུང་བའི་མདོ། ཆོས་ཀྱི་སྒྲོན་མའི་མདོ། བཟང་སྐྱོང་གི་མདོ་ལ་སོགས་པ་བམ་པོ་བརྒྱ་དང་དོན་དྲུག་བསྒྱུར།

༄༅། །སླར་སློབ་དཔོན་དེ་དང་། པཎྜི་ཏ་ཛྙཱན་ཀེ་ཏུ། བྲམ་ཟེའི་རིགས་ཀྱི་སློབ་དཔོན་བིཀྵ་ཏ་རྣམས་ལ་བཀའ་ཡིས་གཏད་ནས་འགྱུར་རྙིང་བཅོས་པ་དང་། གསར་འགྱུར་ཀྱང་མང་པོ་བྱས་སོ། ། ༈ རྒྱ་གར་ལྷ་ཕྱོགས་ཀྱི་སློབ་དཔོན་རྒྱལ་རིགས་དྷཱརྨ་གུཔྟ་ཞེས་བྱ་བ་ཁས་ཧྭང་ལོ་བཅུ་པར་བྱོན་པ། རྒྱལ་པོ་འདི་དང་སྲས་ཡང་དྷཱི་རྒྱལ་པོའི་རབས་གཉིས་ལ་གཞུང་གི་སྦྱིན་བདག་བྱས་སྟེ། རྒྱ་ཆེ་རོལ་པ་བམ་པོ་བཅོ་ལྔ་པ། འཇིག་རྟེན་གདགས་པ། སྨན་བླའི་མདོ། ཚོགས་གཉིས་ངེས་པར་བསྟན་པ་ལ་སོགས་པ་འགྱུར། འདིའི་སློབ་མ་ཧཱ་ཤང་མན་ཙུང་ཞེས་བྱ་བ་རྒྱ་གར་ནག་གཉི་ཀར་མཁས་པ་ཞིག་གིས། འཕགས་ཡུལ་གྱི་བཀོད་པའི་མངོན་རྟོགས་ལེའུ་བཅུ་པ་ཞིག་མཛད་དེ། ཡུལ་བྱུང་སྣ་ཚོགས་ཀྱི་དབྱེ་བའི་ལེའུ་དང་པོ། ལོ་ཟླ་དུས་ཚིགས་ཀྱི་རྣམ་གཞག་ལེའུ་གཉིས་པ། མཁར་རྫོང་ཁང་ཁྱིམ་གྱི་གསུམ་པ། སྲིད་སྲུང་རྒྱལ་ཁྲིམས་ཀྱི་བཞི་པ། རིག་གནས་སློབ་གཉེར་གྱི་ལྔ་པ། སྤྱོད་ལམ་ཡུལ་ལུགས་ཀྱི་དྲུག་པ། གཟའ་བཅའ་གཏུང་བའི་བདུན་པ། ཆས་གོས་རྒྱན་གྱི་བརྒྱད་པ། རིན་པོ་ཆེ་དང་ནོར་རྫས་ཀྱི་དགུ་པ། རི་ཐང་ཀླུང་ལྗོངས་སོགས་ཀྱི་ལེའུ་བཅུ་པ་རྣམས་སྟེ། རྒྱ་གར་མཐའ་དབུས་གྱི་བཀོད་པའི་རྣམ་བཞག་བཟང་ཤོས་ཤིག་གོ། འདི་པ་ཕྱིས་ཝེན་དྷཱི་རྒྱལ་པོའི་

མཆོད་གནས་སུ་གྱུར་ཞིང་། བཀའ་འགྱུར་གྱི་དཀར་ཆག་ས་བཅད་དྲུག་ལྡན་མཛད་པའི་བྱེད་པོའི་གཙོ་བོ་ཡང་སློབ་དཔོན་འདི་ཉིད་ཡིན་ལ། ཡང་དྷཱི་རྒྱལ་པོས་རྒྱ་དཔེ་ཏལ་ལོ་མ་གླེགས་བམ་ལྔ་བརྒྱ་དྲུག་ཅུ་རེ་བཞི་བརྙེད་པ་སློབ་དཔོན་ལ་གཏད་པར་ནང་གསེས་ཀྱིས་དབྱེ་བས་ཆོས་སྣ་སྟོང་དང་གསུམ་བརྒྱ་ལྔ་བཅུ་ཡོད་པ་རྣམས། སློབ་དཔོན་གྱིས་གཞན་དྲིང་མི་འཇོག་པར་བསྒྱུར་ནས། སྐོར་བདུན་དུ་ཕྱེ་སྟེ། དང་པོ་མདོ་སྡེའི་སྐོར། གཉིས་པ་འདུལ་བ། གསུམ་པ་བསྟོད་པའི། བཞི་པ་འགྲེལ་པའི། ལྔ་པ་ཚད་མའི། དྲུག་པ་སྒྲ་ཡི། བདུན་པ་སྣ་ཚོགས་པའི་སྐོར་གྱི་ཐ་སྙད་མཛད་དོ། །དེའི་དུས་སུ་རྒྱ་གར་ནས་ཚུར་བསྒྱུར་ཐུབ་པའི་ལོ་ཙཱ་བ་མང་པོ་ཡོད་ཀྱང་། རྒྱ་ནག་ནས་ཕར་བསྒྱུར་བ་ལ་སློབ་དཔོན་འདི་དང་མཉམ་པ་མེད་པས། དུས་དེར་རིང་བསྲེལ་མཆོད་པའི་སྐབས་སོགས་དུས་ཆེན་རྣམས་སུ་བཀྲ་ཤིས་པའི་མཚན་མ་བྱུང་བ་དག། བཀའ་ཡིས་འཕགས་སྐད་དུ་བསྒྱུར་བཅུག་བྱས་ནས། རྒྱ་གར་བ་རྣམས་ལ་སྦྱིན་པས། ཁོང་ཚོའི་མཁས་པ་རྣམས་ཀྱིས་བརྩམས་ཆོས་དང་ཁྱད་པར་མེད་ཅེས་ངོ་མཚར་དཔེ་མེད་སྐྱེས་ཟེར་ལོ། སློབ་གཉེར་གྱི་དུས་ཧྭ་ཅང་ངལ་དུབ་ཆེས་པའི་རྐྱེན་གྱིས་གྲང་ལྷགས་མི་བཟོད་པ་དང་འཁྲུ་ནད་རྙིང་པ་ཞིག་ཡོད་པའི་རོ་འཕར་ནས་དགུང་ལོ་ང་བཞི་པར་བདེ་བར་འདས་སོ། ། ༈ ཙུང་མེན་ཞེས་བྱ་བ། བཀའི་བརྒྱུད་

༄༅། །བར་ཡང་བསྒྱུར་རུང་བ། ཉམས་ལེན་བྱིན་རླབས་བརྒྱུད་པ་དང་། རིག་སྟོང་ཕྱག་རྒྱ་ཆེན་པོར་ཡང་འབོད་ཆོག་པ་སྙིང་པོ་དོན་གྱི་བསྟན་པར་གྲགས་པ་སྟེ། ཇོ་ནང་པ་ཀུན་དགའ་སྙིང་པོའི་རྒྱ་གར་ཆོས་འབྱུང་དུ། མགོན་པོ་ཀླུ་སྒྲུབ་ཀྱིས་ཨརྱ་དེ་ཝ་ལ་སྙིང་པོ་དོན་གྱི་བསྟན་པ་གཏད་ནས་དཔལ་གྱི་རི་ལ་གཤེགས་སོ། །ཤེས་གསུངས་པའང་འདི་ལ་ཟེར་བར་སྣང་ལ། དེ་ཙི་ནའི་ཡུལ་དུ་བྱུང་བའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། འཕགས་པ་འོད་སྲུང་ཆེན་པོ། འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉེར་སྦས། དེ་ལས་འཕགས་པ་དྷི་དྷི་ཀ་དང་ཉི་མ་གུང་པ་གཉིས་ལ་མཆེད། དྷི་དྷི་ཀ་ནས་དགྲ་བཅོམ་པ་ནག་པོ། དེ་ནས་ལེགས་མཐོང་དང་། བི་བྷ་ག་གཉིས་ལ་མཆེད། བི་བྷ་ཀ་ནས། བུདྡྷཱ་ནནྡེ། བུདྡྷཱ་མི་ཏྲ། དགེ་སློང་རྩིབས་ལོགས། སུ་ན་ཤ་ཏ། ཨ་ཤོ་བྷ་ཀ་སྟེ་རྟ་སྐད། མ་ཤི་བ། ཀླུ་སྒྲུབ། ཨཱཪྻ་དེ་བ། ར་ཧུ་ལ། སཾ་གྷ་ནནྡི། དགེ་སློང་དགྲ་བཅོམ་པ་གྷ་ལ་ཤ(བོད་དཔེ་འགར། དགེ་སློང་དགྲ་བཅོམ་པ། གྷ་ལ་ཤ་ཞེས་གཉིས་སུ་བྱས་འདུག་པ་དཔྱད་ཚེ་ཡིག་ནོར་དུ་སྣང་།) ཀུ་མ་ར་ཏ། ཤ་ཡ་ཏ། བ་སུ་བནྡྷུ། མ་ནོ་ཏ། ཧ་ཀ་ལི་ཀ་ཤ། དགེ་སློང་སེང་གེ། བྷ་ཤྱ་སིདྡྷ། བི་ཤྭ་མི་ཏྲ། པྲཛྙཱ་དྷ་ར། དེ་ནས་བོ་དྷི་དྷརྨོཏྟ་ར་སྟེ་སློབ་དཔོན་འདི་འོད་སྲུང་ནས་གཟུང་གཏད་རབས་ཉེར་

བརྒྱད་པ་ཡིན་ལ། རྒྱ་གར་དུ་བི་ཤྭ་མི་ཏྲ་ཕྱི་མ་ལ་གཏད་དེ་ཁོ་རང་རྒྱ་ཡུལ་དུ་བྱོན། ཀིའང་ནན་གྱི་ལིའང་ཨུ་དྷཱི(མཚན་སི་འོའུ་ཡན།)རྒྱལ་པོ་དང་འཇལ། རྒྱལ་བློན་དང་དགེ་བཤེས་འགའ་ཞིག་གིས་ཆོས་ཞུས་པར། ཇི་སྐད་དུ་འཕགས་པ་བསྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་གསུངས་པ་བཞིན། རྒྱལ་པོ་འདི་དད་པ་དང་གཏོང་ཕོད་ཆེ་ཡང་ཟབ་དོན་ལ་མི་མོས་ཞིང་། རང་གི་མཛད་པ་ལ་རློམ་སེམས་ཡོད་པ་དང་། མཆོད་གནས་ཕལ་ཆེ་བའང་། ཤེས་རབ་རྣམ་གསུམ་ལ་བོགས་མ་ཐོན་པར་ཐོས་ཡོན་ཙམ་གྱིས་བླ་ས་ཟིན་པ་མང་བས། དེ་དག་འདུལ་བའི་ཆེད་དུ། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྣང་བའི་ཕྲེང་བར། དམ་པའི་དོན་གྱི་རྟོག་པ་ལའང་། །མཁས་པས་དེར་ནི་གནས་མི་བྱ། །དགེ་བའི་མི་དགེ་བ་ཡི་ཡང་། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །རྟེན་གྱི་དབྱེ་བ་ལ་བརྟེན་པའི། །མེ་བསྲེག་ཉིད་དུ་བྱེ་བྲག་མེད། །ཙན་དན་གྱི་ནི་མེ་ཡིས་ཀྱང་། །རེག་པ་ཙམ་གྱིས་བསྲེག་པ་ཉིད། །རྣམ་པར་རྟོག་པ་ཆུང་ངུ་ཡང་། །ཐམས་ཅད་ཉིད་དུ་སྤང་བར་བྱ། །ཞེས་གསུངས་པ་དང་ཚད་མ་ཀུན་ལས་བཏུས་པར། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་ན། །ཐུབ་པའི་བསྟན་ལས་ཆེས་བསྲིངས་ཉམས་པར་བྱས་པ་ཡིན་ཞེས་དང་། ཇོ་བོ་རྗེའི་བཀའ་ཆེམས་སུ།

༄༅། །ཉམས་ལེན་བཟང་ཤོས་རྣམས་ལ་བྱ་བ་ངན་པ་ཐོང་ཤིག་གསུངས་པའི་དགོངས་པ་ལྟར། ལྡེམ་དགོངས་འབའ་ཞིག་གི་གསུང་དང་བརྡ་ལ་སོགས་པ་མཛད་པས། ས་སྐྱའི་ལེགས་བཤད་ལས། སྤྲེ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །ཅེས་གསུངས་པ་ལྟར། སྔར་རྒྱུས་མེད་པའི་སྟོབས་ཀྱིས་ཕལ་མོ་ཆེས་ཧ་ལས། རྒྱ་གར་དུ་ཤནྟི་པའི་བརྒྱུད་འཛིན་འགའ་དང་། བོད་ལ་ཇོ་བོ་མ་བྱོན་གོང་དུ་སེམས་ཙམ་ལ་དབུ་མ་དང་། དབུ་མ་ལ་ཆད་ལྟར་འཁྲུལ་མཁན་མང་པོ་བྱུང་བའི་ལོ་རྒྱུས་དེ་ཡང་ཐོག་མར་རྒྱ་ནག་ཏུ་བྱུང་སྟེ། མཁས་པ་མང་པོས་ཆད་ལྟ་མཁན་དུ་རྟོགས། གཙོ་བོར་རྒྱལ་པོ་ལ་ངོ་སོ་མ་སྟེར་བས། རྒྱལ་པོ་མ་དགའ་བའི་རྐྱེན་གྱིས་ཐམས་ཅད་བཏང་སྙོམས་སུ་བྱས། སློབ་དཔོན་གྱིས་ཀྱང་ཙུ་ཏའི་ཡུལ་གྱི་རྐང་གཉིས་པར་སོང་བ་རིག་ནས། བྱང་ཡུ་གུར་གྱི་གནས་སུ་ཕེབས། ཀིའང་ཀླུང་ལ་འདམ་བུ་ཉག་མ་བརྫིས་ཏེ་བརྒལ་བ་དམག་དཔོན་གྲུ་ལ་ཞོན་སྟེ་འགྲོ་བ་ཞིག་གིས་མཐོང་ནས་དད་པ་ཐོབ། གཏམ་དེ་མཆེད་དེ་རྒྱ་ནག་ལྷོ་པ་རྣམས་ཀྱིས་ཐོས་ནས་འགྱོད་ཀྱང་བྱི་ལ་ཤོར་བའི་སྐར་ཁུང་དུ་སོང་། དེ་ཡང་བྱང་ཡུ་གུར་དང་ལྷོ་ལིའང་གུར་གཉིས་ཕན་ཚུན་དགྲ་ཟླ་ཡིན་གཤིས་གཏོང་ལེན་མི་ཉན་པའི་རྒྱུ་མཚན་དུ་གདའ། ཧྭ་ཤང་ཧུའི་ཁེ་ཞེས་བྱ་བས་ཚུལ་

དེ་ཐོས་པ་ཙམ་གྱིས་དད་པས་སྤུ་ལོང་གཡོས་ནས་དེད་འཚོལ་བྱས། ཡུ་གུར་གྱི་རྒྱལ་ཁམས་སུ་ཕྱིན་ནས་རྩད་ཆོད་ཙ་ན། ཞོའུ་ལིན་ཟིའི་དགོན་པར་འདུག་སྐད། དེ་དུས་སློབ་དཔོན་བོ་དྷི་རུ་ཙིས་གཙོ་བྱས་རྒྱ་གར་ནག་གི་མཁས་པ་མང་པོས་དམ་པའི་ཆོས་ཀྱི་རྒྱལ་མཚན་བསྒྲེངས། ཆོས་ཀྱི་གཎྡེ་བརྡུངས། ཆོས་ཀྱི་གཡས་འཁྱིལ་བུས་པའི་སྐབས་ཡིན་པས་སློབ་དཔོན་ཕྱག་རྒྱ་བ་རྒན་པོ(དེ་དུས་དགུང་གྲངས་བདུན་ཅུའི་ཐོག)འདི་པ་ལོ་དགུའི་རིང་སྦས་པའི་རྟུལ་ཞུགས་ཀྱིས་སྐལ་ལྡན་སྒུག་གྱིན་བཞུགས། གོང་སྨོས་ཧྭ་ཤང་ཧུའི་ཁེ་དང་ཡུ་གུར་གྱི་བནྡེ་གསུམ་སྟེ་སློབ་མ་བཞིས་ཞབས་གཏོགས་བྱས་ཀྱང་། ཇོ་བོ་ལ་འབྲོམ་སྟོན་ལྟ་བུ་ནི་ཧུའི་ཁེ་རང་ཡིན་པར་གདའ། འོན་ཀྱང་དེ་དག་ལ་དྲེད་པོ་གོ་ཡུལ་དུ་ཤོར་བའི་ཉེན་ཡོང་བར་དོགས་པས། ཀ་ཁ་སློབ་པ་ལྟར་གང་ཡང་མ་སློབ་སྟེ། བརྡ་བསྟན་པའམ་ཕར་འདྲི་ཚུལ་གྱི་སྒོ་ནས་ས་བོན་ཙམ་བྱིན་ལ་བསམ་དུ་བཅུག །བསམ་བྱུང་གི་ཤེས་རབ་བརྟས་པ་ན་བསྒོམ་དུ་བཅུག་པ་སོགས་བློ་སྣ་ནང་ཁུག་ཁོ་ནས་དཀྲིས། ཟེར་བ་ཇོ་བོ་རྗེས་ཐོས་པས་མི་ཤེས་བསྒོམས་པས་ཤེས་གསུངས་པ་དང་རྣམ་པ་གཅིག་ཏུ་འཐད་པར་མངོན་ལ། གཞན་གསུམ་ཀ་ནི་དོན་སྤྱིའི་ཚུལ་གྱིས་རྟོགས། ཧུའི་ཁེ་གཅིག་བུས་དོན་དང་འཇལ། སློབ་དཔོན་གྱིས་དེའི་རྒྱུད་སྨིན་པ་མཁྱེན་ནས། སྙིང་པོའི་བསྟན་པ་

༄༅། །གཏད་དེ། བདག་གིས་གཙང་ཀླུང་རྒལ་དུས་བརྫིས་པའི་འདམ་བུ་ལ་ལོ་མ་ལྔ་ཡོད་པའི་རྟེན་འབྲེལ་གྱིས། ཁྱེད་ལས་ཆིག་བརྒྱུད་ཀྱི་གཏད་རབས་ལྔ་པ་ནས་མང་པོར་འཕེལ། དེ་ནས་ཚུགས་ཐུབ་ཀྱི་སྡེ་པ་ལྔར་འགྱུར་ཞེས་ལུང་བསྟན་ནས་འདའ་ཚུལ་བསྟན། ཕྱིས་རྒྱ་གར་ནས་འོངས་པའི་འགྲུལ་པ་འགའ་ཞིག་གིས། སློབ་དཔོན་གྱིས་ལྷམ་ཡ་གཅིག་ཐོགས་ནས་ལོག་སོང་ཟེར་བ་མཆིས་པས། སློབ་མ་ཚོས་སྤུར་སྒམ་ཕྱེ་སྟེ་ལྟས་ཙ་ན་ལྷམ་ཡ་གཅིག་ཙམ་ལས་ཅང་མི་འདུག་སྐད་དོ། །འགའ་ཞིག་གིས་ཞོའུ་ལིན་ཟིར་བཞུགས་སྐབས་པཎྖེ་བོ་དྷི་རུ་ཙིས་ཕྲ་དོག་གིས་དུག་ལན་མང་བླུད་ཟེར་བ་དང་།(བོད་ཀྱི་ཐང་ཡིག་སྡེ་ལྔ་ནའང་ཡང་འདི་བཞིན་འདུག་པ་བོ་དྷི་རུ་ཙི་ནི་དེ་འདྲའི་གང་ཟག་མི་ར་པས་མ་བརྟགས་པའི་རྒྱ་ཆོམ་ཆེན་པོར་གོར་མ་ཆག་གོ)འགའ་ཞིག་གིས། རྒྱ་བན་གྱི་ཆོས་གོས་གསུམ་ཀའི་ཀྱུ་ལོང་ནི་འདུལ་བ་ནས་གསུང་པའི་སྒྲོག་ཟུང་གི་དོད་ཡིན་པ་མ་གོ་བར། ཧུའི་ཁེ་ལ་བསྟན་པ་གཏད་སྐབས། གཞན་ཞིག་གམ་དུ་ཡོད་པས། དེ་བསལ་བའི་ཕྱིར་མི་གཅིག་ལྷག་ཞེས་ཏོ་ཨི་བེའི་གསུང་བ། དཱོ་ཨི་བོའི་སྟེ་ལག་པ་གཅིག་ཆོད་ཞེས་པའི་སྒྲར་ནོར་ནས། སློབ་དཔོན་གྱི་བཀའ་དམ་པར་བཟུང་བས་དེ་མ་ཐག་རལ་གྲིས་ལག་པ་གཡོན་པ་བཅད། ཕྱིས་ཆོས་གོས་ཡང་ཡང་ལྷུང་བས་ཀྱུ་ལོང་བྱས་པ་སྲོལ་དུ་གྱུར་ཞེས་པའི་

འབྲེལ་མེད་ཀྱི་གཏམ་སྨྲ་བ་དང་། བོད་དག་གིས་སློབ་དཔོན་འདིའི་སྐུ་བརྙན་མཐོང་ན། ཕ་དམ་པའི་སྐུ་བརྙན་དུ་ངོས་འཛིན་པ་སོགས་རྒྱ་བོད་གཉིས་ཕར་འཁྲུལ་ཚུར་འཁྲུལ་བྱས་པ་མང་བའི་རྩ་བ། གང་བྱེད་པ་པོ་དག་གི་ཐོས་པས་འཆུག་པའི་ལན་ནོ། །དེ་ཡང་སློབ་དཔོན་ཧུའི་ཁེ་དཱ་ཙུ་ཆན་ཤིའ་ནས། སེང་ཚན་ཀིའན་ཊཱི་ཆན་ཤིའ། དཱའུ་སིན་དཱ་ཨི་ཆན་ཤིའ། ཧུང་གཞིན་དཱ་མན་ཆན་ཤིའ། ལཱུ་ཙུ་ཧུའི་ནེང་དཱ་ཀིའན་ཆན་ཤིའ། ནན་ཡོ་ཧུ་ཝའི་བཞང་ཆན་ཤིའ། མ་ཙུ་དཱའུ་ཡི་ཆན་ཤིའ། པེ་ཊང་མིའོའུ་ཥིང་ཆན་ཤེའ། ཧུའང་པོའི་ཥི་ཡུན་ཆན་ཤིའ། (གང་གི་ལུང་བསྟན་ལྟར་དྲུག་པ་ཧུའི་ཞིང་ནས་མང་དུ་འཕེལ་ཀྱང་རང་ཚུགས་ཐུབ་པའི་བཀའ་བབ་མ་ལྔ་བྱུང་བ་ལས་ཡ་གྱལ་བརྒྱུད་པ་གཙོ་ཆེ་བ་གཅིག་ནི།) ལིན་གྱི་ཨི་ཥུའན་ཆན་ཤིའ། དེ་ཉིད་ཐེ་བའི་མི་རབས་སུམ་ཅུ་རྩ་བཞི་པ་ནི། ད་ལྟ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དུ་བཞུགས་པའི་སློབ་དཔོན་ཐིཡོ་འུ་མེའི་མིང་ཏིང་ཆན་ཤིའ་སྟེ་ཁོང་ལ་ཐུག་པའི་བར་དྷརྨོ་ནས་བརྒྱུད་རབས་བཞི་ཅུ་ཞེ་བཞི་བྱོན་ལ། ཐུགས་ཀྱི་དཔལ་བེའུ་ནས་ཐུགས་ཀྱི་དཔལ་བེའུར་བར་མ་ཆད་དུ་བརྒྱུད་པ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཞིག་གོ །
