རྒྱ་ནག་ཆོས་འབྱུང་།

ཟབ་མོ་ལྟ་བའི་བརྒྱུད་པ།

上一章
下一章

(ཟབ་མོ་ལྟ་བའི་བརྒྱུད་པ།)

༈ ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་པ་བཅོམ་ལྡན་འདས། རྗེ་བཙུན་འཇམ་པའི་དབྱངས། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་མཐིང་མིག་ཅན། (ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས་ཏེ་གུར་ཚོས་གཉིས་ལ་སྨེ་བ་མཐིང་ག་

65a

༄༅།       །ཟུང་མིག་དང་འདྲ་བ་ཡོད་པས་དེ་ལྟར་གྲགས།)རྗེ་ལེགས་ལྡན་འབྱེད། རྗེ་པྲཛྙཱ་རསྨི། རྒྱ་ནག་སླབ་དཔོན་ཡེ་ཤེས་དཔལ། འདི་ལ་ཀླུ་སྒྲུབ་གྱི་ཉེ་བརྒྱུད་ཀྱང་ཡོད་པར་གདའ། དེ་ནས་སློབ་དཔོན་ཡེ་ཤེས་བློ་གྲོས། དེ་ལ་སློབ་དཔོན་ཊི་ཅེ་དཱ་ཤིའ་ཐོབ་ལ་རྒྱ་ནག་ཡུལ་གྱི་ལྟ་བའི་བརྒྱུད་པའི་ཤིང་རྟ་ཆེན་པོ་ལྟ་བུ། སྐུ་ཡོན་ཤིན་ཏུ་ཆེ་ཤིང་སྤྱོད་པ་ཕུན་སུམ་ཚོགས་པ་མངའ་བ། མངོན་མཁྱེན་ཐོགས་པ་མེད་ཅིང་། བྱང་ཆུབ་གྱི་སེམས་ཀྱི་མཐུས་གདུལ་བྱ་འདུལ་བ་ལ་གཞན་དྲིང་མི་འཇོག་པ་སྟེ། ལྷོ་པ་ཋེན་གུར་གྱི་རྒྱལ་པོ་མི་རབས་གཉིས་དང་རྒྱལ་པོ་ཆེན་པོ་སུས་ཝེན་དྷཱིའི་སློབ་དཔོན་དུ་གྱུར་ལ། འཕྲིན་ལས་དཔེ་མེད་ཆེ། ཐིཡན་ཐའི་རི་ལ་ཀྭ་ཆིང་ཟི་ཟེར་བའི་དགོན་སྡེ་ཆེན་པོ་གཅིག་དང་། ཡུས་ཁྱུ་ཝན་རི་ལའང་དགོན་སྡེ་ཆེན་པོ་གཅིག་གཞེངས། དེ་གཉིས་ཀྱིས་གཙོས་པའི་འཆད་ཉན་གྱི་གྲྭ་ས་དགོན་ཁག་སུམ་ཅུ་རྩ་དྲུག། བཀའ་བསྟན་འགྱུར་རོ་ཅོག་ཚར་བཅོ་ལྔ་དང་། གསེར། དངུལ། ར་གན། ཙནྡན་ལ་སོགས་པ་ལས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འབུམ་ཕྲག་བརྒྱད་གཞེངས། སྡོམ་པ་ཐོབ་པའི་སློབ་མ་ཁྲི་ཚོ་གཅིག་དང་སྟོང་ཕྲག་བཞི་ལྷག་བརྒྱུད་པ་འཛིན་ངེས་སུམ་ཅུ་རྩ་གཉིས། ཆོས་འབྲེལ་ཡོད་པ་གྲངས་ལས་འདས་པ་བྱུང་སྟེ། གསུང་རབ་རིན་པོ་ཆེ་སྤྱི་ལ་སྡོང་པོ་བཀོད་པའི་དུས། རི་དྭགས་ཚལ་གྱི་དུས། ཤིན་ཏུ་རྒྱས་པའི་མདོ་སྡེའི། ཤེར་ཕྱིན་གྱི། མྱང་

65b

འདས་ཀྱི་དུས་ཏེ་དུས་ཚིགས་ལྔས་ཕྱེ་བས་ཁོག་འབུག་པའི་སྡོམ་དང་། ཏུན་མེན་སྟེ་གཅིག་ཆར་འཇུག་པའི་སྒོ། །ཙི་ཡན་མེན་སྟེ་རིམ་གྱིས་འཇུག་པའི་སྒོ། བཱི་མི་སྟེ་གསང་བ་ཐུན་མོང་མིན་པའི། མ་ངེས་པའི། སྡེ་སྣོད་ཀྱི། རིག་པའི། རྣམ་པར་དབྱེ་བའི། ཡོངས་སུ་རྫོགས་པའི་སྒོ་སྟེ་འཇུག་སྒོ་རྣམ་པ་བརྒྱད་ཞེས་པའི་ཐ་སྙད་ཅན་གྱི་སྲོལ་འཛུགས། ཝེན་དྷཱི་རྒྱལ་པོས་བསྐུལ་ནས། ཆོས་ཀྱི་དབྱིངས་ལ་འཇུག་པའི་རིམ་པ་ལ་སོགས་པའི་བསྟན་ཆོས་བམ་པོ་བཞི་བཅུར་ཉེ་བ་མཛད་ཅིང་། ཕལ་ཆེན་དང་། ཤེར་སྐོར། དམ་ཆོས་པད་དཀར། རྩ་བ་ཤེས་རབ། འབུམ་འགྲེལ་ཆེན་མོ་ལ་སོགས་པ་ཚོགས་བཤད་བྱས་པ་ལ་སློབ་མ་རྣམས་ཀྱིས་ཟིན་བྲིས་བཏབ་པས་བམ་པོ་ལྔ་བཅུ་བྱུང་། མགོན་པོ་ཀླུ་སྒྲུབ་གྱི་ལུགས་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་སྒང་ལོ་སུམ་ཅུར་སྐོར་ནས་དགུང་ལོ་དྲུག་ཅུའི་ཐོག་ཁའི་ཧུའང་ལོ་བཅུ་བདུན་པ་དགུན་འབྲིང་གི་ཉེར་བཞི་ལ་ཏིང་ངེ་འཛིན་ལ་བཞུགས་བཞིན་པར་མྱ་ངན་ལས་འདས། ཉི་མ་དགུའི་བར་ཐུགས་དམ་མ་གྲོལ། བཅུ་པར་སྒྲོམ་དུ་གདན་དྲངས་ནས་ཀྱང་དད་ལྡན་ལ་བྱིན་རླབས་ཀྱི་སྣང་བ་བསྟན་པ་འདས་རྗེས་ཀྱི་རྣམ་ཐར་ཆོས་བཅུ་པ་ཞེས་བྱ་བ་ཞིག་ཀྱང་འདུག། སློབ་དཔོན་འདི་ལ་དྷཱི་ཤུན་རྒྱལ་པོའི་སྤྱན་དང་འདྲ་བའི་སྤྱན་འབྲས་བཞི་ཡོད་སྐད། ཙི་ནའི་ཡུལ་གྱི་བསྟན་སྲིད་སྤྱིའི་ཆོས་སྐྱོང་ཆེན་པོ་ཀུའན་ལོའུ་ཡེ་ཞེས་བྱ་བ་དེ།

66a

༄༅།       །སློབ་དཔོན་འདི་པས་དམ་ལ་བཏགས་པ་སྟེ། ཆེན་པོ་ཧཱན་གྱི་དམག་དཔོན་ཆེན་པོ་ཞིག། རྒྱལ་སྲིད་ཉམས་པའི་དུས་ལ་ཐུག་པས་རྩལ་སྟོབས་ཟད་དེ་དགྲ་ལག་ཏུ་ཤོར་བ། དཔེར་ན་རྒྱལ་པོ་མྱ་ངན་མེད་ཆོས་ལྡན་གྱི་ས་སྐྱོང་ཆེན་པོ་ཡིན་ཀྱང་། བློ་བུར་དུ་ཡི་མུག་པའི་ངང་ནས་འདས་པས་ཉ་མིད་ཆེན་པོའི་སྐྱེ་བ་ལེན་པ་ལྟར། སྤྱིར་ཀུན་སློང་དང་ཀུན་སྤྱོད་ལ་སྐྱོན་མི་མངའ་ཡང་། ཞེ་ཁྲེལ་གྱི་ངང་ཙམ་ལ་ཚེའི་དུས་བྱས་པས་ཞིང་སྐྱོང་གི་ཀླུ་ཞིག་ཏུ་སྐྱེས་ནས་ལོ་བཞི་བརྒྱ་ལྷག་སོང་བ་ལ། ལན་གཅིག་སློབ་དཔོན་གྱིས་ཡུས་ཁྱུའན་རིའི་སྐྱིལ་བུར་ནང་དུ་ཡང་དག་པར་འཇོག་པ་ན། སྦྲུལ་ཤིན་ཏུ་ཆེ་ཞིང་འཇིགས་སུ་རུང་པ་གཅིག་བྱུང་ནས་སློབ་དཔོན་གྱི་སྐུ་ལ་དཀྲིས་ཤིང་སྡིག་པའི་རྣམ་འགྱུར་སྣ་ཚོགས་བསྟན་ཀྱང་། གཡོ་འགུལ་གྱི་གླགས་སྤུ་ཙམ་ཡང་མ་བརྙེད་ནས། རླུང་ཆེན་པོ་ལངས་ཏེ་ཡལ། དེ་ནུབ་གོ་ཆ་དང་རྒྱན་ཆས་སྤུད་ཅིང་སྡེ་བརྒྱད་ཀྱི་དམག་དཔུང་ཆེན་པོ་དང་བཅས་བྱུང་ནས་སློབ་དཔོན་ལ་ཕྱག་བྱས་ཤིང་ཚོད་བགམ་པའི་ཚུལ་གྱིས་ཉམས་སད་ཞུས་པར་གཟོད་གསོལ་ཞུས། སློབ་དཔོན་གྱིས་རྒྱུ་མཚན་རྣམས་དྲིས། ཆོས་བཤད། དགེ་བསྙེན་གྱི་སྡོམ་པ་འབོགས་ནས་ཆོས་སྐྱོང་དུ་བསྐོས་པས། ཆོས་དང་མཐུན་པའི་བསྟན་སྲིད་ཐུན་མོངས་པའི་ཆོས་སྲུང་གི་གཙོ་བོར་གྱུར་ལ། སྟང་འཛིན་ཤིན་ཏུ་རྣོ་བ་ཞིག་ཏུ་གདའ། བོད་དུ་ཝེན་ཆེང་ཀུང་

66b

ཅུའི་རྗེས་སུ་འབྲངས་པའི་རྫོང་བཙན་བཤན་པ་དང་། གེ་སར་དམག་གི་རྒྱལ་པོར་གྲགས་པའང་འདི་ཉིད་ཡིན་ཅིང་། གནོད་སྦྱིན་བེག་ཙེ་དང་ཐུགས་རྒྱུད་གཅིག་པའི་གཏམ་རྒྱུད་ཀྱང་སྣང་ངོ་། །དེ་ནས་གོང་གསལ་བརྒྱུད་འཛིན་སོ་གཉིས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཊང་ཨན་ཙུན་ཅེ། ཧྥ་ཧུ་ཝཱ་ཙུན་ཅེ། ཏུང་ཡར་ཐིའན་ཀུང་ཙུན་ཅེ། ཙོ་ཥི་ལང་ཙུན་ཅེ། ཀིང་ཥི་ཙུན་ཅེ། དེ་ནས་རིམ་པར་བྱོན་པ་ལ་ཐིའན་ཐའི་ཙུང་ཞེས་བྱ་སྟེ་ད་ལྟ་ལྷོ་པ་ཀིའང་ནན་གྱི་པའི་ཆར་དར་སོ་ཆེ་བར་སྣང་ལ། བྱང་པ་ཊུང་ཡུའན་གྱིས་ཆ་འདི་ཕྱོགས་སུ་གྱེས་པ་ནི། ཊི་རྩེ་ཡབ་སྲས་ནས་དྷཱི་སྲིན་ཧྥ་ཞུན་དཱ་ཤིའ། ཡུན་ཧུ་ཝཱ་ཊི་ཡན་དཱ་ཤིའ། ཥིའན་ཤེའུ་ཧྥ་ཙང་དཱ་ཤིའ། ཆིང་ལིའང་ཆེང་ཀུའན་ཀཱ་ཤིའ། ཀུའི་ཧྥུང་ཅུང་མཱི་དཱ་ཤིའ།(འདི་ཡན་གྱི་བླ་རབས་ལྔའི་རིང་ལ་སངས་རྒྱས་ཕལ་བོ་ཆེ་འཆད་ཉན་གྱི་སྒོ་ནས་རྒྱ་ཆེར་དར་བར་མཛད་པས་སྡོང་པོ་བཀོད་པའི་སློབ་དཔོན་ལྔར་གྲགས།) དེ་ཉིད་གྲངས་སུ་ཐེ་བའི་མི་རབས་ཉེར་གཅིག་པ་ལུ་ཨན་ཕུ་ཐའི་ཧྥ་ཤིའ་ཞེས་བྱ་བས་རི་བོ་རྩེ་ལྔར་གནས་འཇལ་དུ་བྱོན་སྟེ་སྤྲུལ་པའི་ལྷ་ཁང་ཞིག་ན་རྗེ་བཙུན་བྱམས་པ་དངོས་སུ་བཞུགས་པ་དང་འཇལ་ནས་ཟླ་བ་གཅིག་གི་རིང་ས་སྡེ་ལྔའི་ཞིབ་བཤད་རྫོགས་པར་གསན་ཟེར། དེའི་སློབ་མ་ཡི་ཀིའང་ཊེན་ལི་ཧྥ་ཤིའ། དེའི་སློབ་མ་ཡུ་ཝེ་ཋུའན་ཊེན་ཆེང་ཀྭ་ཤིའ། འདི་དཱའི་མིང་ཝན་ལི་རྒྱལ་པོས་དྷཱི་ཤིའར་བཀུར་ཞིང་འཕྲིན་ལས་ཆེ་བས་བུ་སློབ་མང་དུ་མཆེད་དེ་ཡལ་ག་གཅིག་

67a

༄༅།       །ཙམ་ནི། དེ་ཉིད་ཐེ་བའི་མི་རབས་ལྔ་པ་ཞན་ཀྭ་ཀུའན་ཝེན་ཧྭ་ཤང་ཞེས་བྱ་བ་ད་ལྟ་ཕོ་བྲང་ཆེན་པོ་པཱེ་ཀིང་གི་རྒྱ་བན་ཚང་མའི་ཁ་ལོ་བསྒྱུར་བའི་ཐམ་ཀ་འཛིན་བཞིན་དུ་ཆོས་བརྒྱད་ཀྱི་མགོ་ནོན་པའི་དགེ་སྦྱོར་ལ་མི་གཡེང་བར་བཞུགས་པའོ། །(ཀླུ་སྒྲུབ་ནས་འདི་པའི་བར་དབར་ཚོད་དང་ཧོར་ཁོང་མེད་པར་སློབ་དཔོན་བཞི་བཅུ་ཐམ་པ་བྱོན་ལ་མཚན་ཚང་མ་དགོས་པ་ཆུང་བས་མ་བྲིས་སོ།།)    ༈   ཆེན་པོ་ཐང་ཀུར་གྱི་རྒྱལ་པོ་ཐོག་མ་ཀའུ་ཙུ་ཤེན་ཡོའུ་ཧུའང་དྷཱིའི་དུས་སུ། མ་ག་དྷའི་སློབ་དཔོན་རྒྱལ་རིགས་པྲ་བྷཱ་ཀ་ར་མི་ཏྲ་སྟེ་འོད་འབྱུང་བཤེས་གཉེན་ཞེས་བྱ་བ། ཐོག་མར་སོག་ཡུལ་དུ་ཕེབས། སོག་པོའི་རྒྱལ་པོ་མེ་ཧུ་ཁོ་ཧན(རྒྱའི་ཡིག་ཚང་དུ་སོག་པོའི་རྒྱལ་པོ་ལ་ཁོ་ཧན་དང་རྒྱལ་མོ་ལ་ཁོ་རུན་ཞེས་སྣང་བཏག་ན་དང་ཧ་ཐུན་ཟེར་བའི་སོག་སྐད་ཟུར་ཆག་ཡིན་ལ། ཡེ་ཧུ་ནི་ཡེ་ཧེ་ཞེས་པ་ཆེན་པའི་སྐད་དོད་ཡིན་འདྲའོ།།)དད་པར་བྱས་ནས་དེའི་མཆོད་གནས་སུ་ལོ་ཤས་བཞུགས། ཕྱིས་རྒྱ་ཡུལ་དུ་འབྱོན་པར་བཞེད་པ་ལ་སོག་རྒྱལ་གྱིས་འཕངས་ཆེ་ཡང་མ་གནང་བས། མི་སྣ་སྐྱེལ་བར་བཏང་སྟེ་བདེ་བར་སྐྱལ། གོང་ནས་ཀྱང་བཀུར་གཟོ་དང་བཅས་དགོན་སྡེ་ཥིང་ཤན་ཟིར་མལ་ཕོགས་གནང་། ཧཱ་ཤང་ཤེས་རབ་ཕུན་ཚོགས། ཤེས་རབ་དྲི་མེད། ཤེས་རབ་འོད་ཟེར། ཆོས་རིན་ཆེན་རྣམས་ཀྱིས་ལོ་ཙཱ་དང་། གོ་ས་ཞང་ཅུ་ཀྭ་ཡིན་ཅིང་ཞང་ཤུ་ཕུ་ཡེ་ལས་ཀ་ཅན་བློན་པོ་ཧྥཥུ་ཡན་ལིང་དང་། གོ་ས་སན་གི་ཋང་ཞི་ཡིན་ཅིང་ཐའི་ཙི་ཅན་ཞི་ལས་

67b

ཀ་ཅན་བློན་པོ་ཏུ་ཅིང་ལུང་གཉིས་དོ་དམ་པ་དང་། གོ་ས་ཀུ་ཝང་ལུ་དའི་ཧྥུ་ཡིན་ཅིང་ཐའི་ཧྥུ་ཁིང་གི་ལས་ཀ་ཅན་བློན་པོ་སིའོ་འུ་ཡུའི་ཅན་སྤྱི་གཉེར་བ་སྒོས་ནས་འཚོ་བ་སྦྱར་ཏེ། རིན་པོ་ཆེ་ཏོག་གཟུངས། བྱང་ཆུབ་སྒྲོན་མ། རྒྱ་ཆེར་རོལ་པའི་འགྲེལ་པ་བཅས་བམ་པོ་སུམ་ཅུ་སོ་ལྔ་བསྒྱུར། ལོ་ཙྭ་བ་སྔ་མ་གཉིས་བཟང་ཤོས་ཆེ་བར་སྣང་སྟེ། རྒོལ་པ་བཟློག་པའི་རྣམ་ཐར་དང་། རྩམས་ཆོས་ཀྱང་མང་བར་འདུག་གོ །