རྒྱ་ནག་ཆོས་འབྱུང་།
ཐང་ཐེང་བླ་མ།
(ཐང་ཐེང་བླ་མ།)
༈ ཐང་ཐེང་བླ་མར་གྲགས་པའི་སློབ་དཔོན་ཥྭན་ཊྭང་ཧྥཱ་ཤིའ་ནི་ཆེན་པོ་ཧན་གྱི་བློན་ཆེན་ཊུང་ཀུང་གི་གདུང་བརྒྱུད་ཡིན་ལ། བྱིས་དུས་ནས་རབ་ཏུ་བྱུང་བས། ཤེས་རབ་དང་གཟུངས་སྤོབས་འགྲན་དུ་མེད་པ་སྟེ། དགུང་ལོ་བཅུ་གཅིག་ནས་དྲི་མེད་གྲགས་པས་བསྟན་པ་དང་། དམ་ཆོས་པད་དཀར་གཉིས་ལ་རྒྱུན་གྱི་ཞལ་འདོན་གནང་ཞིང་། ཐོག་མར་མངོན་པའི་སྐོར་ལ་མཁས་པར་བསླབས། དེ་ནས་འགྱུར་རོ་ཅོག་གི་བཀའ་བསྟན་པ་འདི་མ་གཏོགས་བྱ་བ་མེད་པར་གཟིགས་རྟོག་བྱས། ཉེར་དགུར་ལོན་པ་དང་འཕགས་ཡུལ་དུ་བགྲོད་དགོས་པའི་ཐུགས་བསྐྱེད་དེ། རྒྱལ་རབས་གཉིས་པ་ཐའི་ཙུང་ཝན་ཨུ་ཧུའང་དྷཱིའི་ཅིན་ཀུའན་ལོ་དང་པོར་གོང་དུ་ཞུ་རུ་བྱོན། འདུན་ན་འདོན་གྱིས་མ་ཉན་པས། རེ་ཞིག་ཡིབ་སྟེ། འཚོང་པ་དང་ལེགས་འབུལ་གྱི་མི་སྣ་རྣམས་ནས་རྒྱ་གར་དུ་གཏོགས་པ་དག་གི་གྲལ་དུ་བཞུགས་ནས་ཕལ་སྐད་དང་ངོ་ཆོས
༄༅། །ལོ་གསུམ་གྱི་བར་བསླབ། ནང་མི་ཞིག་མཐུན་རྐྱེན་སྒྲུབ་སྟེ་ཐབས་ཟབ་མོས་རྒྱལ་པོའི་ཐུགས་ལ་ངེས་པར་བྱས་པས། ཅེན་ཀུའན་ལོ་གསུམ་པར། བཀའ་ཡི་གནང་བ་ཐོབ། དགའ་བདེ་ཆེན་པོས་ལམ་ཡིག་བསྣམས་ཏེ་ནུབ་ཕྱོགས་སུ་ཆས་ལ། གཱུ་ཚང་དང་ཏུན་ཧུའང་གི་གནས་རིམ་པར་བརྒྱུད་སྟེ། ཀའུ་ཆང་གི་གནས་སུ་ཕྱིན། སྔར་རྒྱུས་ཡོད་པའི་ཚོང་པ་ཞིག་ངོ་ཤེས་ནས་ཀའུ་ཆང་རྒྱལ་པོར་ཞུས།(ཡུ་གུར་གྱི་རྒྱལ་བརྒྱུད་སིལ་བུ།) རྒྱལ་པོས་བོས་ནས་མོལ་མཆིད་བྱས་པས་ཐུགས་ཡིད་འདྲེས་པར་གྱུར། རྒྱལ་པོ་ཡབ་ཡུམ་འཁོར་བཅས་ལ་ཤེར་ཕྱིན་གསལ་རྒྱལ་གྱི་མདོ་ལ་སོགས་པའི་མདོ་སྡེ་འགའ་ཞིག་བཤད། རྒྱལ་པོ་དེ་གདུང་བ་དྲག་པོས་བླ་མཆོད་དུ་ཤོལ་བཏབ་ཀྱང་མ་ཉན་པར་ཞག་གསུམ་དུ་འཚོ་བ་བཅད་པས་ཐབས་ཟད་དེ། ལམ་རྒྱགས་གསེར་སྲང་བརྒྱ། རྟ་སུམ་ཅུ་ཡུལ་གོས་ལྔ་བརྒྱ། ལམ་ཡིག་སྣ་ཉི་ཤུ་རྩ་བཞི་ཕུལ་ནས། རྟ་པ་དྲུག་ཅུ་ཐམ་པས་བསེལ་བ་བྱས་སྟེ། ཐུ་ཀྱུ་ཝེ་སོག་པོའི་རྒྱལ་པོ་ཡེ་ཧུ་ཁོ་ཧན་གྱི་གམ་དུ་བསྐྱལ། གོས་ཐམས་ཅད་སོག་རྒྱལ་ལ་ལེགས་སྐྱེས་སུ་ཕུལ། སོག་རྒྱལ་གྱིས་ཀྱང་བདག་རྐྱེན་དཔེ་མེད་མཛད་ཅིང་། དེ་ནས་ཐིཡེ་མེན་གྱི་བར་འབངས་སྣ་བཅུ་དྲུག་ཡོད་པ་ཐམས་ཅད་ཁོང་གི་མངའ་འོག་པ་ཡིན་པས། ཉིན་རེ་བཞིན་རྟ་པ་བཅུ་རེའི་བསེལ་བ་དང་། བཞོན་པ་བཟའ་བཏུང་

སོགས་བསྒྲུབ་ཏུ་བཅུག། མ་ཧཱ་ཙི་ནའི་རྒྱལ་པོས་ནུ་བོ་ངོ་མ། ཆོས་འཚོལ་དུ་བཏང་བ་ཡིན་པར་དྲིལ་བསྒྲགས་ནས་བརྫངས། ཐིཡེ་མེན་ཟེར་བ་ལྕགས་སྒོ་ཞེས་པའི་རྒྱ་སྐད་དེ། ལམ་འཕྲང་ཤིན་ཏུ་དོག་པ། གཡས་གཡོན་ན་བྲག་རི་གཉིས་དཔངས་སུ་འདོམ་སྟོང་ལྷག་པ་ལ། ཞེང་དུ་གོམ་པ་ལྔ་བརྒྱ་ཙམ་ཡོད་པ། ཐར་ཁུང་གཞན་མི་མངའ་ཞིང་། སྒོ་གླེགས་ཤིན་ཏུ་ཆེ་བ་གཉིས། གཅིག་ཐེམ་པ་ལ་བརྟེན་ནས་ལངས་ཏེ་གནས་ལ་ཡ་གཅིག་འགྱེལ་སྟེ་འདུག་པ། ཐམས་ཅད་ལྕགས་ཀྱིས་གཡོགས་པ། ཡ་ཐེམ་ལ་ལུགས་ཀྱི་དྲིལ་བུ་བཏགས་པ། ཆེན་པོ་ཧཱན་གུར་གྱི་དུས་བཟོས་པ་ཡིན་སྐད་དེ། ཧཱན་གྱི་ནུབ་ཕྱོགས་ཀྱིས་མཚམས་ཡིན་ནོ། །དེ་ཐོན་ནས་ཐོ་གར་དུ་གཏོགས་པའི་ཡུལ་ཟུར་པ་ལེ་དབར་སྟོང་ཙམ་ཡོད་པར་རྒལ། མཐར་དེ་ནས་སོག་པོ་ལྷོ་སྡེའི་ཁོ་ཧན་གྱི་གནས་ཡིན་ཟེར། རིམ་པ་ལྟར་བགྲོད་དེ་སྒང་ལོ་བཅུ་བཞིའི་རིང་ལ་རྒྱ་གར་གྱི་ཡུལ་མཐའ་དབུས་མེད་པར་འགྲིམ། སའི་དབྱིབས་ཟླ་གམ་འདྲ་བས་ཨིན་དུར་འབོད་པ། མཐའ་སྐོར་དུ་ལེ་དབར་དགུ་ཁྲི་ཙམ་གྱིས་ཆེ་ཡང་མགོ་དཔོན་མང་བ། སྤྱིར་མོས་པ་ཆེ་བས་རྟེན་གྱི་རིགས་ལ་དེ་དངོས་ཀྱི་འདུ་ཤེས་ཀྱིས་གཅེས་སྤྲས་ཤིན་ཏུ་ཆེ་ཟེར། ཚོང་པ་ག་གོན་དང་བཟང་པོའི་ཁྱིམ་ཤུལ་དང་ཉེ་བར་སྟོན་པའི་སྐྲ་སེན་གྱི་མཆོད་རྟེན་ཡོད་པ་འཇལ། བཙོང་ལའི(རི་བོ་འབིགས་བྱེད་ཡིན་

༄༅། །འདྲ་བསམ།)ནུབ་ཆུ་ཀླུང་བཀྵུའི་འགྲམ་ཞིག་ན་དགེ་འདུན་རྣམས་དགུན་ཐའི་ཉ་ནས་དབྱར་གནས་མཛད་འདུག་སྟེ། དེར་དཔྱིད་དུས་ཚ་ཞིང་ཆར་ཆུ་མང་བའི་རྒྱུ་མཚན་ཡིན་སྐད། བྷ་ཡ་ནའི་གནས་སུ་སྟོན་པའི་ཚེམས་དང་རིང་བསྲེལ། བསྐལ་པ་དང་པོའི་དུས་ཀྱི་རང་རྒྱལ་ཞིག་གི་ཚེམས་སྲིད་སོར་མོ་བཅུ་དང་། གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཚེམས་ཟེར་བ་སོར་མོ་དྲུག་ཡོད་པ། འཕགས་པ་ཤ་ནའི་གོས་ཅན་གྱི་ལྷུང་བཟེད་དང་། སྣམ་སྦྱར་སྣམ་ཕྲན་དགུ་པ་རྣམས་འཇལ། དེར་གནས་པའི་དགེ་འདུན་རྣམས་འཇིག་རྟེན་འདས་པར་སྨྲ་བའི་སྡེ་འབའ་ཞིག་ཡིན་སྐད། ཀ་བྷི་ཤིའི་གནས་སུ། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའི་ས་གྲ་ཞིག་ན་སྟོན་པའི་སྐུ་བརྙན་དངུལ་ལས་གྲུབ་པ་སྲིད་དུ་ཁྲུ་ཉི་ཤུ་རྩ་བརྒྱུད་ཡོད་པ་དང་། ཉེ་ལོགས་ཞིག་ན་སྟོན་པའི་ཡང་སྲིད་སྔོན་མ་བྱང་ཆུབ་སེམས་དཔའི་དུས་ཀྱི་ཚེམས་སོར་གཉིས་ཙམ་པ་དང་དབུ་སྐྲ་བསྐྱང་ན་ཁྲུ་ལྷག་རིང་ལ་བཏང་ན་གཡས་འཁྱིལ་དུ་འཁྲིལ་འདུག་པ་རྣམས་འཇལ། ནཱ་ག་རཱ་ཀའི་གནས་སུ་རྒྱལ་པོ་མྱ་ངན་མེད་ཀྱིས་གཞེངས་པའི་རྡོའི་མཆོད་རྟེན་འདོམ་དྲུག་ཅུ་ཡོད་པ་དང་། མ་ཚིག་པར་བྱོན་པའི་སྟོན་པའི་དབུ་ཐོད་གདུགས་ཀྱི་དབྱིབས་འདྲ་བ་འཁོར་ཡུག་ཏུ་སོར་ཉེར་བཞི་ཡོད་པ། སྤྱན་ཤིང་ཏོག་ཨ་མྲ་དང་མཉམ་པ། གཙང་ཞིང་འཚེར་ལ་རིན་པོ་ཆེ་ལས་གྲུབ་པ་བཞིན་ཡིད་དུ་འོང་བ་དང་། སྟོན་པའི་སྐུ་ཆོས་ངུར་སྨྲིག་མདོག་ཅན། མཁར་བསིལ་ལྕགས་

ཀྱི་ཨ་ལོང་དང་ཙནྡན་དམར་པོའི་ཡུ་བ་ཅན་སྟེ་རྟེན་ཁྱད་འཕགས་ལྔར་གྲགས་པ་རྣམས་འཇལ། ཛ་ལན་དྷ་རའི་གནས་སུ་བཅོམ་ལྡན་འདས་ཀྱི་ལྷུང་གཟེད་ལ་བྱིན་རླབས་ཞུས། ཨུ་ཛ་ཡ་ནའི་གནས་སུ་དགོན་སྡེ་མང་པོ་ཡོད་ལ་སྤྱི་དཔག་དགེ་འདུན་ཁྲི་ཚོ་གཅིག་ལྷག་བཞུགས་པ་ཐམས་ཅད་ཐེག་ཆེན་ཁོ་ན་ལ་སྤྱོད་པ་ཡིན་སྐད། ཆ་ཀླུང་སིནྡྷུ་དང་ཉེ་བར་གནས་གཅིག་ལམ་འཕྲང་ཤིན་ཏུ་དོག་པ་ལྕགས་ཟམ་དང་ཤིང་སྟེགས་སྐྱང་པའི་ལམ་ལེ་དབར་སྟོང་དུ་ཉེ་བ་ཡོད་པ་ལའང་ཕེབས། ཀུན་དགའ་བོའི་སློབ་མ་དགྲ་བཅོམ་པ་ཉི་མ་གུང་པས་ཙནྡན་སྦྲུལ་སྙིང་ལས་གཞེངས་པའི་བྱམས་མགོན་གྱི་སྐུ་བརྙན་འདོམ་ཉི་ཤུ་པ་འཇལ། ཀ་སྨི་ར་སྟེ་ཁ་ཆེའི་ཡུལ་དུ་ཐེག་ཆུང་འབའ་ཞིག་གི་དགེ་འདུན་ལྔ་སྟོང་ཡོད་པའི་ས་གྲ་ཆེན་པོ་གཅིག་དང་། སྟོན་པའི་ཚེམས་ཚོན་གང་བ་ཁ་བ་ལྟར་དཀར་བ་ཡང་འཇལ། ཡུལ་དེར་སློབ་དཔོན་དགེ་འདུན་གྲགས་ཤེས་བྱ་བ་ལས་རིག་གནས་སྣ་ཚོགས། བི་ཤུདྡྷི་སིང་ཧ་ལས་ཐེག་པ་ཆེན་པོའི་སྐོར་གཙོ་བོར་གྱུར་པའི་ཆོས་འགའ་དང་། ཛ་ཡ་བནྡྷུ་སྟེ་རྒྱལ་བའི་བཤེས་གཉེན། ཐམས་ཅད་ཡོད་སྨྲའི་སྡེ་པ་སུ་ག་ཏ་མི་ཏྲ་དང་བ་སུ་བནྡྷུ(གཅུང་དབྱིག་གཉེན་མིན།) ཕལ་ཆེན་སྡེ་པ་སུཪྻ་དེ་ཝ། ཛི་ན་རཀྵི་ཏ་རྣམས་ལས་ཆོས་མང་པོ་གསན། ཙེ་ཀའི་གནས་སུ་ནགས་ཚལ་ཞིག་ན་མགོན་པོ་ཀླུ་སྒྲུབ་གྱི་དངོས་སློབ་ཡིན་ཟེར་བའི་བྲམ་ཟེའི་རིགས་ཀྱི་སློབ་དཔོན་ཞིག་བདུན་བརྒྱ་ལྷག་

༄༅། །བར་ལོན་ཀྱང་བགྲེས་རྒུད་མི་མངོན་པ། རིག་པའི་གནས་ལྔ་ཀར་དང་ཁྱད་པར་དབུ་མ་ལ་མཁས་པ་གཅིག་ཡོད་པ་དེའི་གམ་དུ་ཟླ་བ་གཅིག་སྡད་ནས་དབུ་མའི་སྐོར་སོགས་སློབ། ན་ཡུ་ཏིའི་ཡུལ་དུ་སློབ་དཔོན་དུལ་བའི་འོད་ལས་མངོན་པའི་སྐོར་དང་ཚད་མ་རིག་པ་སློབ། ན་ཀ་རའི་དགོན་པར་སློབ་དཔོན་ཟླ་བའི་གོ་ཆ་དང་ལུ་ཏྲེ་ནའི་གནས་སུ་ཛ་ཡ་གུཔྟ་དང་ཐམས་ཅད་ཡོད་སྨྲའི་སློབ་དཔོན་ཡོན་ཏན་འོད་ཀྱི་དངོས་སློབ་མི་ཏྲ་སེ་ན་ལས་འདུལ་བའི་སྐོར་སོགས་གསན། ཀ་བི་ཏའི་གནས་བྱ་བ་ལྷ་ཁང་ན་སྲིད་མེས་མཆོད་པ་མུ་སྟེགས་པའི་གནས་ཤིག་དང་ཉེ་བར་ལྷ་བབས་མཆོད་རྟེན་གྱི་ཤུལ་དང་བསྐལ་བཟང་གི་རྣམ་འདྲེན་བཞི་ཀའི་ཞབས་རྗེས་ཀྱི་རྡོ། རྒྱལ་པོ་ཨ་ཤོ་ཀས་གཞེངས་པའི་རྡོའི་ཀ་བ་འདོམ་བཅུ་བཞི་ཡོད་ལ། ངོས་མེ་ལོང་ལྟར་དྭངས་ཤིང་། དགེ་མི་དགེ་གཟུགས་བརྙན་དུ་སྟོན་པ་རྣམས་འཇལ། གངྒཱའི་འགྲམ་དུ་གཉྫ་ཀུའི་ཤེའི་གནས་སུ་རྣམ་འདྲེན་བཞི་ཀའི་བཞུགས་ཁྲིའི་རྨང་རྡོ་དང་། དེ་བཞིན་གཤེགས་པའི་སྐྲ་སེན། ཚེམས་རིང་བསྲེལ་བཞུགས་པའི་མཆོད་རྟེན། དགོན་སྡེ་སྟོང་ཕྲག་གཅིག་ལྷག་ཡོད་པ་རྣམས་ལའང་ཕྱག་འབུལ། དེར་སློབ་དཔོན་སངས་རྒྱས་འབངས་དང་། ཉི་མའི་གོ་ཆ་དང་། བི་ཡ་སེ་ན་རྣམས་ལ་ཟླ་ངོ་གསུམ་དམ་པའི་ཆོས་ཅི་རིགས་པར་ནོས། དེ་ན་དགེ་འདུན་རྣམས་ཤ་ཁྲག་ལ་ལོངས་མི་སྤྱོད་ཅིང་ཆོས་

ལྡན་གྱི་རྒྱལ་པོ་ཆེན་པོ་ཤཱི་ལཱ་ཏིཏྱ་སྟེ་ཚུལ་ཁྲིམས་ཉི་མ(ངང་ཚུལ་ཉི་མར་ཡང་བསྒྱུར།)ཞེས་བྱ་བ་གནས་ཏེ། སྔར་རྒྱལ་པོ་ཤྲཱི་ཤཪྑ་ཞེས་བྱ་བ་བསྟན་ལ་བསྟིངས་པ་གཅིག་བྱུང་ནས། པཎ་སེར་གསུམ་བརྒྱ་ཙམ་བཀྲོང་། འགའ་ཞིག་འབེབས། བྱང་ཆུབ་ལྗོན་ཤིང་རྩ་བ་ནས་སྦྲུས་ཏེ་བོར་བ་སོགས་མ་རུང་བ་སྣ་ཚོགས་བརྩམ་པས། རྒྱལ་པོ་འདི་མ་བཟོད་ནས། དཔུང་ཚོགས་ཡན་ལག་བཞི་དང་བཅས་ཤིང་ཤུལ་དུ་བྱོན་ལ་གསོལ་བ་བཏབ་པས་ཡུད་ཙམ་ལ་མྱུ་གུ་སྐྱེས། གདེངས་བརྙེད་ནས་གཡུལ་སྤྲད་དེ་ཤངྑ་འཁོར་བཅས་བཅོམ་ཤིང་ཚར་བཅད་ནས་ཉི་འོག་པའི་བདག་པོར་གྱུར་པ་ཞིག་གོ །སློབ་དཔོན་གྱིས་ལན་གཅིག་གངྒར་གྲུ་ལ་ཞོན་ཏེ་ཕྱིན་སྐབས་བག་མེད་པར་ཕྱི་རོལ་པའི་ཇག་རྐུན་གྱི་ནང་དུ་ཤོར་བས་གནོད་པར་བརྩམ་པ་ན། བློ་བུར་ཏུ་རླུང་འཚུབ་ཆེན་པོ་ལངས་ཏེ། སྣང་བ་མུན་པར་གྱུར་པས། ཐེ་ཚོམ་ཟོས་ཤིང་སྐྲག་ནས་བཏང་ཟེར་རོ། །ཀོོ་ཤམྦྷིར་མུ་སྟེགས་རྒྱལ་པོ་ཆེར་རྒྱས་ཞེས་བྱ་བ་གནས་པ་དེར་ཙན་དན་སྦྲུལ་སྙིང་ལས་བསྒྲུབ་པའི་བཅོམ་ལྡན་འདས་ཀྱི་སྐུ་བསྙན་ཙན་དན་ཇོ་བོའི་ཡང་ཚབ་ཡིན་ཟེར་བ་འཇལ། མཉན་ཡོད་རྒྱལ་བྱེད་ཚལ་ན་ལྗོན་པ་ཁ་ཤས་དང་། རྡོའི་ཀ་བ་འདོམ་བཅུ་བཞི་ཡོད་པ་གཅིག་དང་། རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་སྟོན་པའི་རྡོ་སྐུ་ཡུམ་ལ་ཆོས་བཤད་པའི་རྣམ་པ་ཡིན་སྐད་པ་རྡོ་ཁང་དང་བཅས་

༄༅། །ཙམ་ལས་ཅང་མི་འདུག་ཟེར། དེའི་ཤར་ལོགས་ན་ལྷས་སྦྱིན་གསོན་པོར་ན་རག་ཏུ་ལྷུང་བའི་ཤུལ་ཤོང་ཤིན་ཏུ་ཟབ་པ་ཆར་ཆུ་ཇི་ཙམ་ཆེ་ཡང་མི་དགང་བ་ཞིག་ཡོད་པ་གཟིགས། ཡང་ཤར་ཕྱོགས་ལེ་དབར་བདུན་བརྒྱ་ན་གྲོང་ཁྱེར་སེར་སྐྱའི་ཤུལ་མཐའ་སྐོར་དུ་ལེ་དབར་བཅོ་ལྔ་ཙམ་པ། གྲོང་སྟོང་བཅུ་ལྷག་དང་། ལྷ་ཁང་གོག་པོ་མང་པོ་ཡོད་ཅིང་། ཕོ་བྲང་གི་ལྟེ་བར་ལྷུམ་ཞུགས་མཆོད་རྟེན་གྱི་ས་གྲ་གཅིག་བུ་ལས་གཞན་དུ་མི་མེད་སྐད། དེའི་ཤར་ལོགས་སུ་ལེ་དབར་བརྒྱ་ཙམ་ན་ལུམ་བྷིའི་ཚལ་གྱི་ལྷ་ཁང་ད་དུང་ཡོད། དེའི་ཡང་ཤར་ཕྱོགས་ལེ་དབར་བདུན་ཙམ་ན་ཀུ་ཤའི་གྲོང་ཁྱེར་གྱི་ཤུལ་མཁར་སྟོང་གོག་པོ་ཡོད་པའི་ནུབ་བྱང་མཚམས་སུ་ལེ་དབར་བཞིས་ཆོད་པར་ས་ལའི་ཚལ་ཆེན་པོར་འཁོར་ཡུག་ཏུ་ལེ་དབར་སུམ་བཅུ་ཙམ་ལ་མཐའ་དམའ་ཞིང་། དབུས་མཐོ་བའི་སྒང་ཞིག་ཡིན་སྐད། དེ་ན་སོ་ཕག་གི་ལྷ་ཁང་གཅིག་གི་ནང་ན་བཅོམ་ལྡན་འདས་ཀྱི་གཟིམས་སྐུ་དང་། ལོགས་ན་མཆོད་རྟེན་གཅིག་ཡོད་པའི་མཆོད་རྟེན་གྱི་ཀ་བ་ལ་རྐོས་པའི་ཡི་གེར། ཟླ་བ་གཉིས་པའི་བཅོ་ལྔ་ལ་འདའ་ཚུལ་བསྟན་ཟེར་བ་དང་། ཡང་གཅིག་དགུ་པའི་ཚེས་བརྒྱད་ཅེས་ལུགས་གཉིས་སྣང་ཟེར། གྲོང་ཁྱེར་གྱི་བྱང་ཕྱོགས་ཆུ་བོའི་ཕ་འགྲམ་ན་སྐུ་གདུང་བཞུས་པའི་གནས་འཁོར་ཡུག་ཏུ་ལེ་དབར་གཉིས། ཐོག་མར་སྟེགས་བུ་

ཡིན་པ་ལ་ད་ལྟ་ཟབས་སུ་འདོམ་དྲུག་ལྷག་པའི་ཤོང་ཆེན་པོར་སོང་སྣང་སྟེ་རྒྱུ་མཚན་གནས་དེའི་ས་རྡུལ་ནད་གང་ལ་ཡང་ཕན་ཆེ་བས་ལེན་མཁན་རྒྱུན་མི་འཆད་པའི་ཕྱིར་ཡིན་ཟེར། དེ་དང་མཆོད་རྟེན་འགའ་ཞིག་ཡོད་པར་ཕྱག་འབུལ། དེ་ནས་ལྷོ་ནུབ་མཚམས་སུ་ལེ་དབར་བདུན་བརྒྱ་ལྷག་ཙམ་ན། གངྒའི་འགྲམ་དུ་གྲོང་ཁྱེར་ཝཱ་ར་ན་སི་སྟེ། མུ་སྟེགས་པའི་ལྷ་ཁང་བརྒྱ་ལྷག་ཡོད་ལ་སྟོབས་ཆེ། མང་པོས་བཀུར་བའི་ཉན་ཐོས་གསུམ་སྟོང་དུ་ཉེ་བ་ཡོད་སྐད།(ལས་ཆོག་རྣམ་རྒྱལ་གསེར་མདོག་ན་ཡོད་པའི་ཐག་རམ་དེ་སྡེབ་པ་འདིའི་ལུགས་སུ་སྣང་འདྲ།) དེ་ནས་བྱང་ཤར་མཚམས་ན་ཆུ་བོ་ཝ་ར་ན་རྒལ་ནས་ལེ་དབར་བཅུས་ཆོད་པའི་པར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སྟེ། རྟ་བབས་དང་། ཁང་བརྩེགས་དང་། ཡང་ཐོག་ལ་སོགས་པས་མངོན་པར་མཛེས་པའི་དགོན་སྡེ་ཆེན་པོ། དགེ་འདུན་སྟོང་ཕྲག་གཉིས་སྡེ་སྔ་མ་དང་འདྲ་བ། རྟེན་གཙོ་ཐུབ་པ་ཆོས་འཁོར་མ། རང་སངས་རྒྱས་ཀྱི་མཆོད་རྟེན་ལྔ་བརྒྱ་ཡོད་པ་རྣམས་འཇལ། ཆུ་ཀླུང་བརྒྱུད་པའི་ཤར་དུ་ལེ་དབར་སྟོང་གི་སར་ཡངས་པ་ཅན་གྱི་གྲོང་ཤུལ་འཁོར་ཡུག་ཏུ་ལེ་དབར་བདུན་བཅུའི་སྐོར། མི་ཁྱིམ་ཤིན་ཏུ་ཉུང་ལ་གནས་རྟགས་མཆོད་རྟེན་བདུན་ཡོད་པ་འཇལ། དེ་ནས་བྱང་ཤར་གྱི་མཚམས་ལེ་དབར་གཉིས་སྟོང་ལྷག་པའི་སར་ནེ་པ་ལའི་ཡུལ་སྟེ། དེར་ནང་པ་ཁོ་ན་ལ་ཐེག་པ་ཆེ་ཆུང་འདྲེས་མར་གནས་པ། གཞུང་མཁར་

༄༅། །གྱི་གཡོན་ཕྱོགས་ན་གསེར་གྱི་མཚོ་ཞེས་བྱ་བ་གསེར་གྱི་འོད་ཟེར་སྟེང་དུ་འཕགས་པ་ལ་ཆུ་ཧ་ཅང་ཚ་བས་ལེན་མི་སྟུབ་པ་གཅིག་འདུག་སྐད། ཡངས་པ་ཅན་ནས་ལྷོ་ཕྱོགས་སུ་གངྒ་བརྒལ་མ་ཐག་ཡུལ་དབུས་མ་ག་དྷ་སྟེ། རྒྱལ་པོ་ཨ་ཤོ་ཀའི་དུས་སུ་གཞུང་མཁར་རྙིང་པ་ནས་གྲོང་ཁྱེར་པདྨ་ཅན་དུ་སྐྱས་པས་ད་ལྟའང་དེར་བཞུགས་འདུག་ལ། དེ་ནས་ལྷོ་ནུབ་ཏུ་ལེ་དབར་བཞི་བརྒྱ་ཙམ་གྱི་སར་ཆུ་བོ་ནེེ་རཉྫ་ན་རྒལ་ནས་ཕ་འགྲམ་ན་ཀ་ཡའི་གྲོང་ཁྱེར་དེ་ནས་ལེ་དབར་དྲུག་ན་ཀ་ཡ་མགོ་བོ་རི་གཤམ་འཁོར་ལེ་དབར་བཞི་བཅུ་ཡོད་པ། སྤོར་དྷའི་མཆོད་རྟེན་འདོམ་བཅུ་པ་དང་ལྷོ་ནུབ་ཟུར་ཞིག་ན་རྡོ་རྗེ་གདན་མཐའ་སྐོར་དུ་གོམ་པ་བརྒྱ་ལྷག་ཙམ་སྣང་བའི་དགོན་མིང་མཧཱ་བོ་དྷཱིའི་གཙུག་ལག་ཁང་དུ་འབོད་པ། དེའི་མདུན་དུ་བྱང་ཆུབ་གྱི་ཤིང་སྲིད་དུ་འདོམ་བཅུ་ཡོད་ལ་མཐའ་སྐོར་དུ་འདོམ་ལྔ་བརྒྱའི་སོ་ཕག་གི་ར་བ་ཅན། ངོ་སྒོ་ནེེ་རཉྫ་ལ་ལྟ་ཞིང་ལྟག་སྒོ་གཙུག་ལག་ཁང་དང་སྦྲེལ་འདུག་པ་རྣམས་འཇལ། ཁོ་པ་ཚོའི་ཟླ་བ་བཅུ་གཉིས་པའི་ལོ་ཟད་ཀྱི་ཉི་མ་ནི། རྒྱ་ནག་གི་དཔྱིད་ཟླ་ར་བའི་ཡར་ཚེས་བཅོ་ལྔ་ཡིན་པར་སྣང་སྟེ་ཆོ་འཕྲུལ་གྱི་ཟླ་བར་གྲགས། མཧཱ་བོ་དྷཱི་ལ་ནང་གསེས་ཀྱི་གྲྭ་ཚང་དྲུག། གཞུང་ཁང་རིམ་པ་གསུམ། ར་བ་མཁར་ཐབས་མ་འདོམ་བརྒྱད་མཐོ་བ། དགེ་འདུན་སྟོང་ལྷག་པ་གནས་བརྟན་སྡེ་ཡིན་པ་ལ་

ཐེག་ཆེན་སྤྱོད་པ་བ་དང་། རུས་པའི་རིང་བསྲེལ་སོར་ཚིག་འདྲ་བ། ཤའི་རིང་བསྲེལ་མུ་ཏིག་འདྲ་བ་ཡོད་པ་རྣམས་ལ་བྱིན་རླབས་ཞུས། ཆོ་འཕྲུལ་ཟླ་བའི་དུས་སུ་གནས་དེ་སྐོར་ནས་དེ་འོད་འབྱིན་པ་དང་མེ་ཏོག་གི་ཆར་འབབས་པ་སོགས་ཀྱི་མཚན་ལྟས་བྱུང་བ་ངེས་པ་ཅན་དུ་འདུག་སྐད། དེ་ནས་ཤར་དུ་ལེ་དབར་བརྒྱ་ལྷག་ཙམ་ན་རི་བོ་བྱ་རྐང་ཅན་ཡོད་དེ། སྤོར་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་དུས་བཟང་རྣམས་ལ་འོད་འཕྲོ་བ་ཞིག་ཡོད་ལ། ནགས་ཚལ་སྟུག་པོས་གཏམས་པ། གཅན་གཟན་རྒྱུ་བའི་གནས་ཡིན་པས། འགྲུལ་ལམ་ཆད་ནས་ལོ་མང་པོ་སོང་ཟེར། སློབ་དཔོན་གྱིས་རྒྱལ་པོ་ལ་གནས་འཇལ་དགོས་ཚུལ་ཞུས་པར་གནང་སྟེ། འཁོར་གསུམ་དང་མདུང་རལ་ཐོགས་པ་གསུམ་བརྒྱ་སྲུང་མར་བཏང་། དད་ལྡན་ཁྲི་ལྷག་རྗེས་སུ་འབྲངས་ནས་ཕྱིན། ཤིན་ཏུ་འཛེགས་དཀའ་བས་སྤོལ་གསུམ་སྟོང་ཙམ་ལས་མ་ཐར་སྐད། དེར་ཕྱག་མཆོད་བྱས། དེ་ནས་ཤར་ལོགས་སུ། ལེ་དབར་བརྒྱ་དྲུག་ཅུ་ན་རྒྱལ་པོའི་ཁབ་གྱི་གྲོང་ཤུལ་ལྕགས་རིའི་མཐའ་སྐོར་ལེ་དབར་བརྒྱ་ལྔ་བཅུ་དང་། རྫོང་མཁར་ནང་མ་ལ་ལེ་དབར་སུམ་ཅུ་ལྷག་ཙམ་ཡོད་པའི་ནང་དུ། གནས་ཆེན་བྱིན་རྟེན་མང་པོ་ཡོད་པ་རྣམས་དང་། དེའི་བྱང་ཤར་མཚམས་སུ་རི་བོ་བྱ་རྒོད་ཕུང་པོ་རི་ཉེ་སྐོར་བ་རྣམས་ལས་མཐོ་བ། རྡོའི་སྐས་ལམ་ཞེང་དུ་གོམ་པ་བཅུ་དང་མཆུར་ལེ་དབར་དྲུག་ཡོད་པ་འཇལ།

༄༅། ། དེ་ཡང་རྒྱལ་པོའི་ཁབ་ཞེས་པའི་རྒྱུ་མཚན་ནི། རྒྱལ་པོ་གཟུགས་ཅན་སྙིང་པོའི་ནང་མཁར་ནི་དམངས་མཚོའི་ཁྱིམ་དང་ཉེ་བའི་ལན་གྱིས། འགའ་ཞིག་གིས་མེ་ཤོར་བ་རྒྱལ་པོའི་བཞུགས་ཁང་ན་མཆེད་པ་ལན་འགའ་བྱུང་བས། རྒྱལ་པོས་མེ་ལ་གཟབ་ཞིག། སླར་དེར་འདྲ་བྱུང་ཚེ་ཁྱིམ་དེ་དུར་ཁྲོད་དུ་སྤོ་བར་བྱེད་དོ། །ཅེས་ཆད་པའི་དྲིལ་བསྒྲགས། མི་རིང་བར་རྒྱལ་པོ་རང་གི་ཁྱིམ་ནས་མེ་ཤོར་བས། རང་གཟོ་རང་གིས་ཞིག་མི་རུང་གསུངས་ནས་དུར་ཁྲོད་དུ་སྐྱས་ལ་ཁང་པ་འགའ་བཏབ་ནས་བཞུགས་པར་རྒྱལ་པོའི་ཁབ་ཏུ་མིང་ཆགས། དེ་ནས་རྒྱལ་པོ་གཞན་གྱིས་བཅོམ་སླ་བར་རིག་ནས། རྐུ་དམག་བཤམ་པའི་བགྲོས་བྱས་པ་རྒྱལ་པོ་གཟུགས་སྙིང་གིས་གསན་སྟེ། ལྕགས་རི་དང་མི་ཁྱིམ་མང་པོ་བཏབ་ལ། དུར་ཁྲོད་དེ་མཁར་རྫོང་དུ་བསྒྱུར་པ་ཡིན་ཀྱང་མིང་བསྒྱུར་མ་བྱས་སྐད་དོ། །རྒྱལ་པོའི་ཁབ་ཀྱི་བྱང་སྒོ་དང་ཉེ་བར་སྨྱིག་མའི་ཚལ་གྱི་གནས་ཤུལ་སོ་ཕག་གི་ཁང་པ་གཅིག་ལུས་པ་དང་། དེ་ནས་ལྷོ་ནུབ་དུ་ལེ་དབར་དྲུག་གི་སར་འཕགས་པ་འོད་སྲུང་གིས་མ་མོ་དང་ཀུན་དགའ་བོས་མདོ་སྡེ་བསྡུས་པའི་རྡོ་ཁང་། ཡང་ནུབ་ཕྱོགས་སུ་ལེ་དབར་ཉི་ཤུ་ཙམ་ན་ཕལ་ཆེན་སྡེའི་འདུལ་བ་བསྡུས་པའི་གནས་ཆེན་རྣམས་འཇལ། རྒྱལ་པོའི་ཁབ་ནས་བྱང་ཕྱོགས་སུ་ལེ་དབར་བཞི་བཅུ་ཉེ་སར་ཤྲཱི་ན་ལེནྟྲ་སྟེ། འདི་ལ་སྒྲ་བཤད་མང་པོ་ཡོད་ཀྱང་གཙོ་བོ་ནི་སྦྱིན་པ་ལ་མི་སྐྱོ་

བའི་དོན་ཡིན་ལ། རྒྱ་གར་དབུས་དང་མཐའ་བཞི་སྟེ་ལྔ་ཀའི་རྒྱལ་པོ་སྟོབས་དྲིལ་གྱིས་བཞེངས་པ། སོ་སོ་ནས་དགེ་འདུན་གྱི་འཚོ་བ་དང་། རིས་སུ་མ་ཆད་པའི་མགོན་མེད་ཡོངས་ལ་ཉིན་སྟར་གྱི་བཟའ་གཏུང་དང་ལོ་ལྟར་གྱི་གོས་ལྷམ་སྦྱིན་པ་རྒྱུན་མ་འཆད་པའི་ཕྱིར་ཡིན་པར་གདའ། འཛམ་བུ་གླིང་ན་འདི་ལས་ཆེ་བ་དང་། གཟོ་ལེགས་པའི་ལྷ་ཁང་མེད་པར་གྲགས། སྒོ་ཁང་རིམ་པ་བཞི་བརྩེགས་ལ་དཔངས་སུ་འདོམ་བཅུ་བཞི། ར་བའི་འཐུག་ཚད་ཁྲུ་དྲུག་དང་དཔངས་སུ་འདོམ་བཅུ། མཐའ་སྐོར་དུ་ཆུས་བསྐོར་ཞིང་། མེ་ཏོག་གི་ཚལ་གྱིས་མཛེས་པ། ནང་གསེས་ཀྱི་གྲྭ་ཚང་ལྔ་ལ་དགེ་འདུན་བཞི་སྟོང་ལྷག་ཙམ། སྟོན་པས་ཆོས་བཤད་པའི་སྟན་ཤུལ་ཏུ་ལྷ་ཁང་ཡང་ཐོག་བཅས་དྲུག་བརྩེགས་ཡོད་པ། ཕྱི་ནང་གི་བཀོད་པ་དང་གནམ་རྒྱན་ས་རྒྱན་ཕུན་སུམ་ཚོགས་པ། རྟེན་གཙོ་སྲིད་དུ་འདོམ་ཉི་ཤུར་ཉེ་བའི་སྟོན་པའི་གསེར་སྐུ་རྒྱལ་པོ་ཚུལ་ཁྲིམས་ཉི་མའི་ཕུ་བོ་རྒྱལ་པོ་རྫོགས་བྱེད་གོ་ཆས་གཞེངས་པ། རྟེན་བྱིན་ཅན་གཞན་ཡང་མང་དུ་ཡོད་ཟེར། པཎྜི་ཏ་ལ་ལྷ་འབངས་ལྗོངས་གསུམ་ནས་བཅུའི་བར་རེ་རེ་འཕར་བའི་གོ་སའི་རིམ་པ་ཡོད་ལ་དེ་དུས་པཎྜི་ཏ་གོ་ས་ཅན་གསུམ་བརྒྱ་ལྷག་པ་ཡོད་སྐད། དེར་སློབ་དཔོན་གྱི་སྙན་གྲགས་ཆེ་བ་དང་རྒྱལ་པོའི་བཀའ་ཡིས་མངགས་པ་སོགས་ཀྱིས། དགེ་འདུན་གཉིས་བརྒྱའི་སེར་སྦྲེང་དང་། མི་སྐྱ་སྟོང་

༄༅། །ཚོ་རྒལ་བས་བསུ་བ་བྱས་ཏེ་ཕེབས། ཁྲི་ཐོགས་མཁན་ཆེན་དུལ་བ་བཟང་པོ(འདུལ་བ་ལྷ་ཡང་ཟེར་ཏེ་དོན་དུ་དུལ་བའི་སྡེ་ཡིན་པར་སྣང་།)ཞེས་བྱ་བ་ལོ་བརྒྱ་དང་དྲུག་ལོན་པ། རིགས་གནས་ལ་མི་མཁྱེན་པ་མེད་པས་ཆོས་ཀྱི་བང་མཛོད་དུ་འབོད་པ། སེམས་ཙམ་པའི་གྲུབ་མཐའ་འཛིན་པ། རྒྱལ་བློན་སྐྱ་སེར་ཐམས་ཅད་ཀྱི་སྟི་གནས་ཆེན་པོ་གྱུར་པ་དང་འཇལ། གང་ནས་འོང་དང་མཚན་རྣམས་དྲིས་ནས་སྤྱན་ཆབ་ཤོར། རྒྱུ་མཚན་དྲིས་པས། དེའི་སློབ་མ་སློབ་དཔོན་རྒྱལ་བ་བཟང་པོ་ཞེས་བྱ་བ་གམ་ན་བཞུགས་འདུག་པ་དེས། སྔ་སོར་རྒྱལ་པོ་ཤཪྑས་བསྟན་པ་བཤིགས་པའི་སྐབས་སུ་སློབ་དཔོན་ཤིན་ཏུ་ཡི་ཆད་ནས་ལྕེབས་འདུན་ཡོད་པ་ལ་མནལ་ལམ་དུ་འཕགས་པ་འཇམ་དཔལ་ཡིན་ཟེར་བའི་སྐྱེས་བུ་གསེར་གྱི་ཁ་དོག་ཅན་བྱུང་ནས། དེ་ལྟར་མ་བྱེད། ཁྱོད་དང་སྨོན་ལམ་གཅིག་པའི་སྐྱེས་བུ་དམ་པ་དམ་ཆོས་སྤྱི་དང་ཁྱད་པར་ཁྱོད་ཀྱི་གྲུབ་མཐའ་ཤར་ཕྱོགས་སུ་སྤེལ་བར་བྱེད་མཁན་ཆེ་གེ་མོ་ཞེས་བྱ་བ་རྒྱ་ནག་ཡུལ་ནས་འོང་ཞེས་དབུགས་ཕྱུང་མཛད་པ་དེ་དྲན་པ་ཡིན་གསུངས། རྒྱལ་པོ་ཚུལ་ཁྲིམས་ཉི་མས་བོས་ཀྱང་ཆོས་ཀྱི་བར་ཆད་དུ་དོགས་ནས་མ་ཕེབས། མགྲོན་བཙུན་སྡེ་སྣོད་གསུམ་ཀ་ཤེས་པ་ཡིན་ན་ཞག་ཉི་ཤུའི་བར་སྒེར་མཆོད་ཉིན་རེ་བཞིན་བཟའ་གཅའ་བཟང་པོ་སྡེར་མ་ཉི་ཤུ་རེ། གཉིས་ཤེས་པ་ལ་བཅུ། གཅིག་

ཤེས་པ་ལ་ལྔ་རེ་སྟེར་བའི་ལུགས་སྲོལ་ཡོད་པ་ལ་སློབ་དཔོན་འདི་པར་ཉིན་སྟར་གྱི་སྡེར་མ་ཉི་ཤུ་དང་། འབྲས་ས་ལུ་བྲེ་གང་། གོ་ཡུ་དང་སུག་སྨེལ་རྡོག་པོ་ཉི་ཤུ་རེ། ག་བུར་སྲང་གང་། འོ་མ། ཞུན་མར། སྦྲང་རྩི་རྣམས་ལོངས་སྤྱད་དུ་འདང་པ་ཙམ། ཕྱག་དར་མཁན་དམངས་བྲན་གཅིག། བྲམ་ཟེ་གཅིག། འགྲོ་ཚེ་གླང་པོ་ཆེ་གཅིག་དང་། བསེལ་བ་བཅུ་རྣམས་ཀྱིས་འཚོ་སྦྱར་གྱི་གཡོག་བྱེད་གནང་། སློབ་དཔོན་དུལ་བཟང་ལ་བྱམས་ཆོས་སྡེ་ལྔའི་སྐོར་ལོ་གཅིག་དང་ཟླ་བ་གསུམ་གྱི་རིང་གསན་ཅིང་སླར་ཡང་ཟླ་བ་དགུའི་རིང་ཚད་མ་དང་མཛོད་ཞིབ་པར་སློབ་ཡང་ལོ་གསུམ་གྱི་བར་ཉིན་མཚན་མེད་པར་ཆོས་ཁོ་ན་གསན། དེ་ནས་དུལ་བཟང་གི་ཞལ་ནས་ངེད་ཀྱི་ཅིར་ཤེས་ཁྱེད་ཀྱིས་ལེན་ཚར། ང་རྒས་ཤིང་ཁོགས་པས་སྒྲུབ་པ་ལ་གཞོལ་རྩིས་ཡོད། ཁྱེད་ཀྱིས་སློབ་དཔོན་གཞན་དག་འཚོལ་དགོས་གསུངས་པས་ན་ལེནྡ་ནས་ཐོན། གཡོག་པོ་དགུ་ཡོད་པ་བཅས། ཤར་ཕྱོགས་སུ་འབངས་རིགས་ལྔ་དང་ལེ་དབར་བཞི་སྟོང་བགྲོད་པ་ན་ས་མ་དཎྜའི་ཡུལ། དེ་ནས་ལྷོ་ནུབ་ཏུ་ལེ་དབར་གཉིས་སྟོང་ན། དཀྵེ་ར་ནའི་གནས་ཀྱི་བར་ཕེབས་ཏེ་སྟོན་པའི་བཞུགས་རྗེས་དང་ཞབས་རྗེས། ཡང་ཊི་ནག་པོ་ལས་གྲུབ་པའི་རྣམ་འདྲེན་བཞི་ཀའི་སྐུ་བརྙན་སྲིད་དུ་ཁྲུ་བརྒྱད་རེ་ལོངས་པ། ཤ་དང་འོ་མ་ཞུན་མར་མི་ཟ་བའི་ལྷའི་སྦྱིན་གྱི་དགེ་འདུན་དགོན་པ་གསུམ་ཡོད་པ་རྣམས་

༄༅། །འཇལ། ལྷོ་ནུབ་མཚམས་སུ་ལེ་དབར་བདུན་བརྒྱ་ན་ཨོོ་ཊིའི་གནས། དེའི་ཤར་དུ་རྒྱ་མཚོའི་གྲམ་ན་སིངྒ་ལའི་གླིང་ཡོད་པ་དེར་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་ཞིག་གི་ཏོག་ནོར་བུ་རིན་པོ་ཆེ་མཚན་མོ་མེ་ལྟ་བུའི་འོད་འཕྲོ་བ་གཅིག་རྒྱང་རིང་པོ་ནས་གཟིགས། དེ་ནས་ལྷོ་ནུབ་མཚམས་སུ་ལེ་དབར་ལྔ་སྟོང་གི་ས་ན། ཀྲྀཥྞ་རཱའི་ཡུལ། དེའི་རྒྱལ་པོའི་གཞུང་མཁར་གྱི་ལྷོ་ངོས་ལེ་དབར་གསུམ་བརྒྱ་ན་དཔལ་གྱི་རི་སྟེ། དེར་མགོན་པོ་ཀླུ་སྒྲུབ་གྱི་དགོན་པ་གཞུང་ཁང་རིམ་པ་དགུ་པ། རྡོའི་སྐུ་འདྲ་གསེར་འགྱུར་རྩིས་བྱུག་པ་ཡིན་ཟེར་བ་གསེར་མདངས་མཚུངས་མེད་ཅན་ཞིག་སྣང་སྐད། དཔེ་ཆའི་རིགས་འདི་མེད་བྱ་བ་མེད་དེ་མགོན་པོ་ཀླུ་སྒྲུབ་གྱི་དུས་ནས་བཟུང་དགྲ་མ་བྱུང་བའི་རྒྱུ་མཚན་ཡིན་ཟེར། དེར་ཕལ་ཆེན་སྡེ་པའི་སློབ་དཔོན་ལེགས་འབྱོར་དཔལ་དང་པདྨའི་གཉེན་གཉིས་ཀྱི་གམ་དུ་ཟླ་བ་ཁ་ཤས་བཞུགས་ནས་ཕར་སློབ་ཚུར་སློབ་བྱས། ཡང་ལྷོ་ཕྱོགས་སུ་ལེ་དབར་བདུན་སྟོང་ན་མ་རུ་ཀུ་ཋའི་གནས་ཡོད་དེ་འཛམ་བུ་གླིང་གི་ལྷོ་མཐའ་ཡིན་སྐད། དེ་ན་ཙན་དན་དང་ག་བུར་བྱུང་བའི་རི་མ་ལ་ཡ་ཞེས་བྱ་བ་ཡོད་པའི་སྤོར་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཀོད་པས་མཛེས་པ། ལོགས་ཤིག་ན་ཆུ་མིག་ཞིག་རི་ལ་ལན་ཉི་ཤུས་སྐོར་བཞིན་འབབས་པའི་མཐའ་ལྷོའི་རྒྱ་མཚོར་ལྟུག་པ་གཟིགས། དེ་ནས་

ནུབ་བྱང་མཚམས་སུ་ལེ་དབར་བཞི་སྟོང་ན། མ་ཧཱ་ར་ཐའི་ཡུལ་ཞེས་བྱ་བ་དགོན་སྡེ་བརྒྱ་ལྷག་དང་། ཐེག་གཉིས་འདྲེས་མར་ཡོད་པའི་དགེ་འདུན་ལྔ་སྟོང་ལྷག་པ། དགྲ་བཅོམ་པ་ཞིག་གིས་རྫུ་འཕྲུལ་ཀྱིས་གཞེངས་པར་གྲགས་པའི་ལྷ་ཁང་ཤིན་ཏུ་ཆེ་བར་འདོམ་བཅུ་དྲུག་ཡོད་པའི་རྡོ་སྐུའི་དབུ་ཐོག་ན་རྡོའི་གདུགས་རིམ་པ་བདུན་ཡོད་ལ། བར་སྟོང་ཁྲུ་གསུམ་རེས་མ་རེག་པར་བར་སྣང་ལ་འཕགས་ཏེ་འདུག་པ་རྣམས་འཇལ། གདུགས་ཀྱི་གནས་ལུགས་དེ་མཐོང་ཚད་ཀྱིས་ངོ་མཚར་སྐྱེས་ཟེར།(ཕལ་ཆེར་ཁབ་ལེན་གྱི་འཁྱོགས་འཕྲུལ་ཡིན་ནམ་བསམ།) བྷ་བ་ཏའི་གནས་སུ་པཎྜི་ཏ་མང་པོ་ཡོད་པར་པྲཛྙ་བྷ་ཏྲ་སོགས་བཤེས་གཉེན་འགའ་ཞིག་ལ་ཆོས་སྣ་ཚོགས་གསན། དེ་ནས་ན་ལེནྡར་འཁོར་ཙ་ན། དུལ་བཟང་རི་ཁྲིད་ལ་གཤེགས་འདུག་སྐད། དེ་ནས་པཎ་དཀར་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་ཞེས་བྱ་བ་རིག་གནས་མཐའ་དག་གི་མཐར་སོན་པའི་ཡོན་ཏན་གྱི་ཕུང་པོ་ཆེན་པོ་རྒྱལ་བློན་སྐྱ་སེར་མང་པོའི་མཆོད་ཡུལ་ཆེན་པོ་གཅིག་ལོ་གཉིས་ཀྱི་རིང་བརྟེན་ཅིང་ཆོས་ཞུས། ནུབ་གཅིག་རྨི་ལམ་དུ་དགོན་པར་མེ་ཤོར་ནས་ཐལ་བའི་ཕུང་པོ་ཙམ་ལུས། མི་གསེར་གྱི་མདོག་ཅན་ཞིག་བྱོན་སྟེ་ལོ་བཅུ་འདས་ནས་རྒྱལ་པོ་ཚུལ་ཁྲིམས་ཉི་མ་འདའ། དེ་ནས་འཁྲུགས་པ་ཞུགས་གཏོང་བ་བཞིན་འབྱུང་། བསྟན་པ་ལ་ཡང་གནོད་ཚབས་ཆེ་ཞེས་ལུང་བསྟན།

༄༅། །དེ་ཛེ་ཏཱ་རི་ལ་ཞུས་པས། དེ་འདྲ་ཡོང་ཤས་ངེས་ཏེ་ཁྱེད་ཀྱང་ཧ་ཅང་མ་འགོར་གསུངས། པཎྜི་ཏ་འཕྲོག་བྱེད་འོད(སེང་བཟང་ཡིན་འདྲ།)ཞེས་བྱ་བའི་དབུ་མ་པ་ཞིག་སེམས་ཙམ་སུན་འབྱིན་པའི་བསྟན་བཅོས་བརྩམས་པར་སློབ་དཔོན་གྱི་བླ་མའི་དྲིན་གཟོ་ལ་དགོངས་ནས་གཅིག་ཏུ་གྲུབ་པ་ཞེས་བྱའི་བསྟན་བཅོས་ཤློ་ཀ་གསུམ་སྟོང་པ་མཛད་དེ་དུལ་བཟང་ལ་ཕུལ་བས་དཔེ་མེད་དགྱེས་སྐད། ཚུལ་འདི་ནི་སློབ་དཔོན་ཉི་མ་སྦས་པ་དང་ཙནྡྲ་གོ་མིས་ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་པ་གཅིག་ཏུ་གསུངས་པ་དང་ཤིན་ཏུ་མཐུན། རྒྱ་གར་ལྷོ་ཕྱོགས་ཀྱི་པཎྜི་ཏ་པྲཛྙཱ་གུཔྟ་ཞེས་བྱ་བ་ཐེག་ཆེན་ལ་མི་མོས་པ་ཞིག་གིས། ཐེག་ཆེན་དགག་པའི་བསྟན་ཆོས་ཤློ་ཀ་བདུན་བརྒྱ་པ་ཞིག་བརྩམས་པ་རྒྱལ་པོ་ཚུལ་ཉིས་ཐོས་ནས་ཚར་གཅོད་ནུས་ངེས་ཀྱི་མཁས་པ་གསུམ་བཞི་ཙམ་རྫོངས་ཞེས་ན་ལེནྡར་ཡི་གེ་སྤྲིངས་པས། བགྲོས་ཐོག་ནས་པཎྜི་ཏ་ཡེ་ཤེས་ཀློང་། ཡེ་ཤེས་འོད། འཕྲོག་བྱེད་འོད། སློབ་དཔོན་འདི་པ་དང་བཞི་རྫོང་གྲབས་བྱས་ནས་ཞུ་མ་ཁོམ་སྐབས། ཕྱི་རོལ་པའི་པཎྜི་ཏ་ཞིག་རྒོལ་ཚིག་དྲིས་དོན་བཞི་བཅུ་པ་ཞེས་བྱ་བ་བརྩམས་ནས་མགོ་བོ་འབེན་དུ་བཙུག་ཏེ་རྩོད་པར་འོངས་པ། སློབ་དཔོན་འདི་པས་ཚོགས་པའི་ནང་དུ་ཕམ་པར་མཛད་དེ། ཐེག་པ་ཆེན་པོའི་སྒོ་ནས་ལྟ་བ་ངན་པ་ཚར་གཅོད་པའི་བསྟན་ཆོས་

ཤློ་ཀ་སྟོང་དྲུག་བརྒྱ་པ་མཛད་པས་མཁས་པ་ཐམས་ཅད་ཀྱི་ཐུགས་འཕྲོག། ཚུལ་དེ་ཤར་ཕྱོགས་ཀྱི་ཀུ་མཱ་ར་རྒྱལ་པོས་ཐོས་ནས་སློབ་དཔོན་འབད་པས་སྤྱན་དྲངས་པར་ཕྱིན། སངས་རྒྱས་ཀྱི་ཡོན་ཏན་དྲིས་པས་སྐུ་གསུམ་གྱི་བསྟོད་པ་ཤློ་ཀ་གསུམ་བརྒྱ་པ་མཛད་སྟེ་ཕུལ་བས་ཤིན་ཏུ་དགྱེས་ནས་དབུ་ཐོད་དུ་བཀུར། རྒྱལ་པོ་ཚུལ་ཁྲིམས་ཉི་མས་མཇལ་འདོད་ཆེ་ཡང་། སྔར་དགུག་མ་ཐུབ་པའི་རྒྱུ་མཚན་གྱིས་མི་ཡོང་དོགས་ཏེ། རྒྱལ་པོ་ཀུ་མཱ་ར་ལ་ཐེག་ཆེན་ལྷ་ཐོང་ཞེས་པའི་ཡི་གེ་བསྐུར། དེ་དུས་རྒྱ་གར་ན་སློབ་དཔོན་འདི་ལ་མཧཱ་ཡ་ན་དེ་ཝ་སྟེ་ཐེག་ཆེན་ལྷར་འབོད་སྐད། ཀུ་མཱ་རས་མི་སྣའི་སྐྱེལ་མ་བཅས་བཏང་བས། ཚུལ་ཉི་དགྱེས་ནས་བཀུར་གཟོ་ཆེན་པོ་བྱས་ཤིང་ཐུགས་རྩོམ་རྣམས་སྤེལ་བར་དགོངས་ནས། ཕྱི་ནང་རིས་སུ་མ་ཆད་པའི་མཁས་པ་རྣམས་འདོད་འདོད་དུ་བསྡུས་ཤིག་པར་དྲིལ་བསྒྲགས་པས་མཁས་པ་སྟོང་ཕྲག་དུ་མ་ལྟད་མོ་ལྟ་མཁན་བཅས་ཁྲིར་ཉེ་བ་དང་། འུར་དེས་ཀུ་མཱ་ར་ལ་སོགས་པ་ཡུལ་གཞན་གྱི་རྒྱལ་པོ་བཅུ་བདུན་ཀྱང་བྱོན། བསྟན་ཆོས་རྣམས་མང་པོ་བཤུས་ནས། བཀྱེ་སྟེ་བརྒལ་འདོད་རྣམས་ཅི་བདེར་རྒོལ་ཞིག་ཅེས་བསྒྲགས། ཟླ་བ་ཕྱེད་ཀྱི་བར་དུ་སྒུག་ཀྱང་རྒོལ་མཁན་མ་བྱུང་བས། རྒྱལ་པོ་དད་ནས་ཕྱག་འབུལ། སློབ་དཔོན་གྱིས་རྒྱ་གར་བྱང་ཤར་གྱིས་མཚམས་འགའ་ཞིག་མ་བགྲོད་པ་དང་། རྨི་ལམ་དང་ཛེ་ཏཥིས་

༄༅། །ཧ་ཅང་མ་འགོར་གསུངས་པ་ཐུགས་ལ་ཡོད་པས། ཡུལ་ལ་འཁོར་དགོས་ཚུལ་ནན་གྱིས་ཞུས་པས་གནང་ནས་རྟེན་གསུམ་སྣ་ཚོགས་གླང་པོ་ཆེའི་ཁལ་གྱི་གསུམ་གཉིས། ན་བཟའ་རིལ་པོ། གླང་པོ་ཆེ་གཅིག། གསེར་ཊམ་ཁྲི། དངུལ་ཊམ་གསུམ་ཁྲི། ཀ་ཤི་ཀའི་རས་ཡུག་བརྒྱ་ཐམ་པ། རྒྱལ་པོ་གཞན་དག་གིས་ཀྱང་སོ་སོ་ནས་ཅི་རིགས་བའི་འབུལ་བ་གྱ་ནོམ་པ་བྱས་ཏེ། ཚུལ་ཉི་དང་ཀུ་མཱ་ར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་དྷ་རུ་བྷ་ཏྲས་གཙོས་པའི་ས་སྐྱོང་བཅོ་བརྒྱད་ཀྱིས་སྐྱེལ་སྟོན་ཆེན་པོ་བྱས་ནས་རྫོངས་བརྡའ་བྱས། ཡུལ་ཆོས་སྟོབས་འབྱོར་མི་གཙོ་ཡོན་ཏན་གཙོ། ལུང་མི་གཙོ་རིག་པ་གཙོ། སློབ་མ་ཐུག་ཕྲད་མི་བསྡུ། བླ་མ་གང་བྱུང་མི་བསྟེན་འདུག་ཟེར། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་ཁམས་རིམ་པར་བགྲོད། སངས་རྒྱས་འོད་སྲུང་གི་དུས་ཀྱི་འགོག་སྙོམས་པ་གཅིག་དང་། མཉམ་པར་བཞག་ནས་ལོ་བདུན་བརྒྱ་ལོན་པ། ལོ་ལྟར་གྱི་སྐྲ་སེན་བྲེག་པའི་འགོག་སྙོམས་པ་གཉིས་སོགས་ངོ་མཚར་བ་མང་པོ་འཇལ། ཀུའང་ཊེའུར་སླེབ་པ་དང་གླང་པོ་ཆེ་དེ་ཤི་བ། ཐའི་ཙུང་རྒྱལ་པོས་གསན་ནས་དེ་ཚབ་གྱི་འུ་ལག་བསབ་བཅུག་པར། ཤིང་རྟ་བཅུ་བཞིའི་ཁལ་བྱུང་སྐད། སྤྱིར་ཐའི་ཙུང་རྒྱལ་པོ་ས་སྟེང་ན་དབང་ཆེ་བ་དང་དེ་དུས་རྒྱ་གར་ནག་གཉིས་ཀ་བདེ་འཇགས་གཡགས་པ་དང་། ཐོག་མ་ནས་སོག་རྒྱལ་གྱི་མཐུན་རྐྱེན་

མཛད་པ་དེ་ལམ་དུ་སོང་བ་དང་། ཁྱད་པར་དུ་ཡང་སློབ་དཔོན་གྱི་ཐུགས་བསྐྱེད་དང་ལས་སྨོན་རྣམ་པར་དག་པ་འཛོམ་པའི་མཐུས་ལམ་དུ་ལོ་གསུམ་བཅས་ལོ་བཅུ་བདུན་གྱི་རིང་ལ་ལུང་མང་པོ་རྒལ་ཀྱང་། འོ་བརྒྱལ་དང་བསྲོན་དཀའ་བ་མ་བྱུང་བར་གདའ། སྔ་ཕྱིར་རྒྱ་གར་དུ་ཕྱིན་པའི་སློབ་དཔོན་མང་ཡང་འཕགས་ཡུལ་བ་རྣམས་ལ་སློབ་དཔོན་གྱི་གོ་ས་ཐོབ་ཅིང་། མིའི་དབང་པོ་དག་གི་མཆོད་ཡུལ་དུ་གྱུར་བ་སློབ་དཔོན་འདི་ཉག་གཅིག་གོ །ཅེན་ཀུའན་ལོ་བཅུ་དགུ་ལ་ཆོ་འཕྲུལ་ཟླ་བར། ཐང་ཨན་མཁར་ཆེན་པོར་འབྱོར། གོང་ནས། ལས་ཀ་ཀིང་ཋེང་ལེའུ་ཞེའུ་ཡིན་པ་ལ་གོ་ས་ཙོ་ཡུ་མེ་ལིའང་ཀོ་ཀུང་བློན་པོ་ཧྥང་ཥུའན་ལིང་གིས་གཙོར་བྱས་བློན་ཁག་འགའ་དང་། ཆོས་སྡེ་སྐུ་མཁར་གྱི་ནང་དུ་གཏོགས་ཚད་སེར་སྦྲེང་བྱེད་དུ་བཅུག་སྟེ་བསུས། འཇའ་སྤྲིན་ཁ་དོག་ལྔ་པ་རྟེན་གྱི་སྟེང་དུ་བྱུང་བས་ཐམས་ཅད་ཀྱིས་ངོ་མཚར་སྐྱེས་ཤིང་ཡིད་རངས། ཟླ་བ་གཉིས་པའི་ལྕགས་མོ་ཕག་གི་ཉིན་གོང་མ་དང་འཇལ། དགའ་བའི་འབེལ་གཏམ་མང་པོ་བྱས། སྤྱིར་སློབ་དཔོན་གྱིས་སྤྱན་དྲངས་པའི་ཆོས་དཔེ་པོ་ཏི་དྲུག་བརྒྱ་ལྔ་བཅུ་རྩ་བདུན་ཡོད་པ་ལ། ལམ་དུ་ཆུ་ཀླུང་ཆེན་པོ་ཞིག་བརྒལ་སྐབས། རྦ་རླབས་ཀྱིས་རྫིང་གཡོས་ནས་རྒྱ་ཡུལ་དུ་མེད་པའི་མེ་ཏོག་དང་ཤིང་ཏོག་དང་སྨན་སྣའི་ས་བོན་གྱི་སྒམ་ཞིག་ཡོད་པ་དེ་ཆུར་ལྷུང་བ་དང་ཆབ་གཅིག་པར་པོ་ཏི་ལྔ་བཅུ་ཙམ་ཤོར་བ། སྔར་ཡང་དེ་འདྲ་

༄༅། །ལན་མང་བྱུང་བས་གཞི་བདག་གི་སེར་སྣའི་ལྷོངས་ཡིན་སྐད་པས་ཀ་ཅའི་རྩོལ་བ་བསྐྱུངས་ནས་རེ་ཞིག་ཤོལ་བཏབ་སྟེ། ཆོས་ཁོ་ན་རྫོགས་པར་བསབ་པའི་རྒྱ་དཔེ་ཏ་ལོ་མ་ཐམས་ཅད་དང་། ཤ་རུས་ཀྱི་རིང་བསྲེལ་རྡོག་པོ་བརྒྱ་ལྔ་བཅུ། སྟོན་པའི་འདྲ་འབག་གསེར་ཟངས་ལས་གྲུབ་པའི་ཀླུ་ཁང་མ་ཁྲི་རྒྱབ་ཡོལ་བཅས་ཁྲུ་གསུམ་དང་ཚོན་གསུམ་ཡོད་པ། བདེན་བཞིའི་ཆོས་འཁོར་བསྐོར་བའི་སྣང་བརྙན་ས་གནོན་མཉམ་བཞག་གི་ཕྱག་རྒྱ་ཅན་བདུད་འདུལ་མ་ཙན་དན་ལས་གྲུབ་པ་ཁྲི་རྒྱབ་ཡོལ་བཅས་ཁྲུ་གསུམ་ཚོན་ལྔ། ཀོོ་ཤམྦྷིའི་རྒྱལ་པོས་བཅོམ་ལྡན་འདས་དྲན་པས་གདུང་སྟེ་ཚབ་དུ་ཙན་དན་སྦྲུལ་སྙིང་ལས་གཞེངས་པའི་སྐུ་བརྙན་ཁྲི་རྒྱབ་ཡོལ་བཅས་ཁྲུ་དོ་ཚོན་དགུ། དངུལ་སྐུ་ལྷ་བབས་མ་ཁྲི་རྒྱབ་ཡོལ་བཅས་ཁྲུ་བཞི། བྱ་རྒོད་རིར་ཤེར་ཕྱིན་གསུངས་པའི་སྣང་བརྙན་ཕྱག་གཉིས་ཆོས་འཆད་དམ་ཆོས་འཁོར་གྱི་ཕྱག་རྒྱར་ཡང་གྲགས་པའི་ཕྱག་རྒྱ་ཅན་སྟེ་ཐུབ་པ་ཆོས་འཁོར་མའི་གསེར་སྐུ་ཁྲི་རྒྱབ་ཡོལ་བཅས་ཁྲུ་གསུམ་ཚོན་ལྔ། ཀླུ་འདུལ་པའི་སྣང་བརྙན་ཙན་དན་ལས་གྲུབ་པ་ཁྲི་རྒྱབ་ཡོལ་བཅས་ཁྲུ་གཅིག་ཚོན་གསུམ། ཀ་ཤི་ཀའི་རས་དང་གསེར་དངུལ་གྱི་ཊམ་ཀ་དོང་ཙེ་ཁ་ཤས་བཅས་ཀ་ཅ་ངོ་གསར་གྱི་རིགས་ཁྱོན་སྡོམ་ཁལ་ཉི་ཤུ་བྱུང་བ་རྣམས། རྟ་ཉི་ཤུ་ལ་བཀལ་སྟེ་ཕུལ། གོང་ནས་ཀྱང་བདག་རྐྱེན་ཡགས་པོ་བྱས་ཏེ་དགོན་སྡེ་ཧུང་ཧྥུ་ཟིར་མལ་

ཕོགས་གནང་ནས་དེ་ཀའི་ཧྭ་ཤང་ལིང་བཞུན་དང་ཝེན་བེའི། ལོ་ཧན་ཟིའི་ཧྭ་ཤང་ཧུའི་གུའི། ཞི་ཀྱི་ཟིའི་མིང་ཡན། པོའུ་ཋང་ཟིའི་ཧྥུ་པིའང་ལ་སོགས་པ་དགེ་བཤེས་མཁས་པ་བཅུ་གཉིས་རོགས་རམ་སར་བཅོལ། མཐུན་རྐྱེན་གང་དགོས་འདོད་སྦྱར་བྱས་ཤིང་དོ་དམ་པའི་གཙོ་བོ་ལིའང་ཀྭ་ཀུང་གིས་བྱེད་དུ་བཅུག་སྟེ་ཤེར་ཕྱིན་ཡོངས་སུ་རྫོགས་པ་དང་། བྱམས་ཆོས་སྡེ་ལྔས་གཙོས་པའི་བཀའ་བསྟན་རྒྱ་དཔེ་གླེགས་བམ་དྲུག་བརྒྱ་དང་བདུན་བསྒྱུར་བ་ལ་ཐོག་མར་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བསྒྱུར་སྐབས་ཟླ་བོ་ཚོས། རིག་འཛིན་ཀུ་མཱ་ར་ཛའི་ལུགས་ལྟར་དོན་ཚང་ཕྱིན་ཚིག་སྣ་ཉུང་ངུ་བཟང་ཟེར་བས། སློབ་དཔོན་གྱིས་ཀྱང་དེ་ལྟར་བཞེད་པ་ལ། དེ་ནུབ་དཔོན་སློབ་ཚང་མའི་རྨང་ལམ་དུ་སྲུང་མས་སྡིགས་པ་དང་། གནོད་སྦྱིན་དང་གཅན་གཟན་གྱིས་དེད་པ་སོགས་འཇིགས་སྐྲག་སྣ་ཚོགས་བྱུང་བས། སང་ཉིན་སླར་བགྲོས་བྱས་ནས་ཚིག་སྣ་ཡང་རྫོགས་པར་མཛད་སྐད་དོ། །གོང་ནས་འགྱུར་བྱང་ཐུགས་རྩོམ་གྱི་བཀའ་དྲིན་བསྐྱངས། ཡང་འགྱུར་རྙིང་བམ་པོ་དྲུག་བརྒྱ་བདུན་ཅུ་རྩ་བརྒྱད་བཅོས་སུ་བཅུག་ལ། ཆོས་འཁོར་ཚི་ཨེན་ཟི(བྱམས་པ་གླིང་།) ལ་ཞིག་གསོས་བསྣན་བཏབ་ལེགས་པར་གནང་ནས། ལས་ཀ་ཐའི་ཋང་ཁིང་ཡིན་པ་ལ། ཀིའང་ཥིཡ་ཝང་གི་གོས་ཅན་སྐུ་ཉེ་ལི་དྷོའུ་ཙུང་ཆེད་དུ་མངགས་ཏེ། གཞུང་གི་རོལ་མོ་དང་ཕན་གདུགས་ལ་སོགས་ལག་ཆ་བརྒྱད་བརྒྱ། དགེ་འདུན་གྱི་སེར་སྦྲེང་བཅས་སློབ་

༄༅། །དཔོན་དང་ཆོས་དང་རྟེན་གཞན་དག་རྣམས་གཏན་གྱི་བཞུགས་གནས་དེར་གདན་དྲངས། ཧུང་ཧྥུ་ཟི་ལ་གསར་བུ་ལྔ་བཅུ། གནམ་འོག་གི་དགོན་སྡེ་ཆེས་ཤོས་ཐམས་ཅད་ལ་གསར་བུ་ལྔ་རེ་སྒྲུབ་ཏུ་བཅུག་པར། དེ་དུས་ཁྱོན་སྡོམ་དགོན་ཁག་སུམ་སྟོང་བདུན་བརྒྱ་བཅུ་དྲུག་ཡོད་པས། རབ་བྱུང་ཕ་མ་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་སུམ་ཅུ་དུས་གཅིག་ལ་བྱུང་ངོ་། །ཐའི་ཙུང་གནམ་དུ་གཤེགས་རྗེས་སྲས་ཀའུ་ཙུང་རྒྱལ་པོ་རྒྱལ་སར་བཞུགས་ནས། སི་མིང་ཟི་ཞེས་བྱ་བའི་དགོན་པ་ས་གྲ་བཅུ་ཡོད་ལ་བཀོད་པ་ཕུན་སུམ་ཚོགས་པས་མཛེས་པ་གཞེངས། དེར་དགེ་སློང་ལྔ་བཅུ་ཐམ་པ་ལ་མི་རིར་དགེ་ཚུལ་རེ་དང་བར་མ་གསུམ་རེ་སྦྱིན་སྟེ། འཚོ་བ་གཞུང་ནས་སྦྱར་བ་བྱས་སྟེ་སློབ་དཔོན་ལ་ཕུལ། སློབ་དཔོན་གྱིས་དགོན་སྡེ་གསུམ་ཀའི་མཁན་པོ་རེ་ཞིག་བྱས། བྱང་ཆུབ་གྱི་ལམ་རིམ་པ་གསུམ་པ་དང་། བསྒོམ་ཚུལ་ལྔའི་སྲོལ་འཛུགས་ཤིང་། འབུམ་འགྲེལ་སེམས་ལུགས་མ། རྒྱ་ཆེན་སྤྱོད་པའི་དོན་བསྡུས་སྐབས་བརྒྱད་མ། ལང་གཤེགས། དགོངས་འགྲེལ་སོགས་མདོ་སྡེ་འགའི་ཊིཀ་ཀ་དང་། སྡོམ་ཚིགས་སམ་འགྲེལ་སོགས་དང་། མཛོད་འགྲེལ། ཚད་མ་བསྡུས་པ་ལ་སོགས་པའི་བསྟན་ཆོས་མང་པོ་མཛད། བསྟན་པ་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོ། ཡང་སྒོས་སེམས་ཙམ་

ལུགས་ཤིན་ཏུ་དར་བར་བྱས། ཚི་ཨེན་ཟིའི་ལྷོ་ངོས་སུ་མཆོད་རྟེན་འཕགས་ལུགས་མ། ཁྲི་ལོགས་ཞེང་དུ་འདོམ་ཉི་ཤུ་རྩ་བརྒྱད་དང་། རྟེན་དངོས་དཔངས་སུ་ཡང་འདོམ་ཉེར་བརྒྱད་ཡོད་པ་ལ་ཚིགས་རིམ་པ་ལྔ་དང་གདུགས་དང་ཆར་ཁེབས་བཅས་ཡོངས་སུ་རྫོགས་པ། འཁོར་ཁང་ལྕགས་རི་སོགས་འཚམས་པར་གཞེངས་ནས། འཕགས་ཡུལ་ནས་སྤྱན་དྲངས་པའི་དཔེ་ཆ་དང་རིང་བསྲེལ་རྣམས་གཟུངས་སུ་ཕུལ། གཞན་ཡང་རྒྱུ་སྣ་ཚོགས་ལས་སྐུ་རྟེན་བྱེ་བ་གཅིག །རྒྱལ་བ་མ་ཕམ་པའི་ཐང་སྐུ་སྟོང་ཚོ་གཅིག །རྡོར་གཅོད། སྨན་བླའི་མདོ། སྒོ་དྲུག་པའི་གཟུངས་རྣམས་ཚར་སྟོང་ཕྲག་རེ་གཞེངས། གཅོད་ངེས་ཀྱི་སྲོག་ཁྲི་ཚོ་གཅིག་བླུས། མཆོད་ཡུལ་དང་སྦྱིན་ཡུལ་མི་ཁྲི་ཕྲག་རེ་ལ་སྟོན་མོ་བྱས། མར་མེ་དུང་འབུལ། ལོ་བཞི་བཅུར་ཉེ་བར་འགྲོ་དོན་དཔག་མེད་མཛད་ནས་དགུང་ལོ་དྲུག་ཅུ་རྩ་ལྔའི་ཐོག་འཇའ་སྤྲིན་དང་། མེ་ཏོག་གི་ཆར་སོགས་བཀྲ་ཤིས་པའི་མཚན་མ་བསྟན་སྟེ་མྱ་ངན་ལས་འདས། ཐུགས་དམ་ལ་ཞག་བདུན་བཞུགས་སྐད་དོ། །བོད་ཀྱི་ལོ་ཙ་རྣམས་ཀྱི་ལམ་ཡིག་རྒྱས་པ་མ་མཐོང་ཞིང་། གསེར་དང་གླ་རྩི་འཚོལ་མཁན་ཚོའི་སྒྲོ་བསྐུར་ལ་ཡིད་བརྟན་དཀའ་བས། གནས་འཇལ་སྐོར་གྱི་འགའ་ཞིག་དེ་ཉིད་ཀྱི་རྣམ་ཐར་བསྡུས་པ་བམ་པོ་གཉིས་པ་དང་། རྒྱས་པ་བམ་པོ་བཅུ་པ་ལས་ཅུང་ཟད་བཏུས་སྟེ་འཕྲོས་དོན་དུ་བཀོད་ལ། གཞན་

༄༅། །ཡང་གོང་དུ་སོང་བའི་འཕགས་ཡུལ་གྱི་མངོན་པར་རྟོགས་པ་ལེའུ་བཅུ་པ་དང་། འདི་པས་མཛད་པའི་རྒྱ་གར་ཡུལ་གྱི་བཀོད་པ་བམ་པ་བཅུ་པ་ལ་ལྟ་རྟོགས་བྱས་ཚེ་འཕགས་ཡུལ་དུ་བགྲོད་མྱོང་བ་འདྲ་མོ་ཞིག་ཡོད་སྣང་ངོ་། །སློབ་དཔོན་འདི་ནི་མཧཱ་ཙི་ནའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ཤིང་རྟ་ཆེན་པོ་སྟེ་བརྒྱུད་པ་ནི། སྟོན་པ་བཅོམ་ལྡན་འདས་རྒྱལ་བ་མ་ཕམ་པ། སློབ་དཔོན་ཐོགས་མེད། གཅུང་དབྱིག་གཉེན། དྷརྨ་རཀྵི་ཏ། སློབ་དཔོན་དགའ་བོ། རྗེ་དུལ་བ་བཟང་པོ། ཐང་ཟན་ཅང་སྟེ་ཐང་ཀུར་གྱི་སྡེ་སྣོད་གསུམ་པར་གྲགས་པ་ཥྭན་ཊྭང་ཧྥ་ཤིའ། ཁུའི་ཀི་ཧྥ་ཤིའ། དེ་ནས་ལྟ་བརྒྱུད་ཀྱི་སློབ་དཔོན་ཊི་ཡན་ཥིའན་ཤེའུ་སོགས་ཀྱིས་ཐོབ་ནས་ལྟ་སྤྱོད་ཟུང་འབྲེལ་དུ་གྱུར་ཏོ། ། ༈ ལོ་ཙྭ་མཁས་པ་ཨཱི་ཀྱིང་ཞེས་བྱ་བ་རང་ལོ་སུམ་ཅུ་རྩ་བདུན་ཐོག་བོད་བཙུན་དགའ་དང་འགྲོགས་ནས་འཕགས་ཡུལ་དུ་ཕྱིན། ལོ་ཉི་ཤུ་རྩ་ལྔར་གནས་ཆེན་འཇལ་ཞིང་སློབ་གཉེར་བྱས། རྒྱ་དཔེ་པོ་ཏི་བཞི་བརྒྱ། ཐུབ་པ་རྡོར་གདན་མའི་ལི་སྐུ་གཅིག། རིང་བསྲེལ་སུམ་བརྒྱ་སྤྱན་དྲངས་ནས་རང་ལོ་རེ་གཅིག་ལ་འཁོར་སྟེ། དེ་དུས་རྒྱལ་མོ་ཨུ་ཙི་ཐའིན་གྱིས་ས་སྐྱོང་བྱེད་སྐབས་ཡིན་པས་རྒྱལ་མོ་ལ་ཕུལ། རྒྱལ་མོས་བཀུར་གཟོ་བདག་རྐྱེན་ལེགས་པར་གནང་ལ་ཞེའུ་གི་ཟིར་རྒྱ་གར་གྱི་སློབ་དཔོན་ཤཱཀྱ་ནནྡི་དང་ཁ་ཆེའི་པཎྜི་ཊ་ཨ་མི་ཛི་ན། ཧྭ་ཤང་ཆོས་རིན་ཆེན་སོགས་དང་བློན་པོ་ཁ་ཤས་ཀྱིས་རོགས་རམ་བྱེད་དུ་བཅུག་སྟེ།

ཕལ་ཆེན། མ་ཕམ་པའི་སྔགས་ཡི་གེ་གཅིག་མ། གཞི་ཐམས་ཅད་ཡོད་སྨྲའི་འདུལ་བ་ཁ་ཤས། ཀླུ་སྒྲུབ་གྱི་བསླབ་བྱའི་སྐོར། རྨ་བྱ་ཆེན་མོ། རྡོ་རྗེ་གནྡྷ་རིའི་གཟུངས་ལ་སོགས་པ་མང་པོ་འགྱུར། ཕྱིས་ཐོ་གར་གྱི་སློབ་དཔོན་དྷརྨ་མ་ན། མ་ག་དྷའི་སློབ་དཔོན་ཤྲཱི་པ་ཎུ། ཁ་ཆེའི་མཁན་པོ་དྷརྨ་ནནྡ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དགེ་བསྙེན་ཨི་ཤྭ་ར་དང་མཁན་ཆེན་གོོ་ཏཾ་བཛྲ། ༈ སིའུ་ཝེན་ཀུའན་དཱ་ཥི་ཡེ་ཞིའི་ལས་ཀ་འཛིན་པ་བློན་ཆེན་ལི་ཁིའོའུ་སོགས་ཀྱིས་རམ་འདེགས་གནང་སྟེ་བསྒྱུར་བ་དང་། རྩོམ་པའི་རིགས་ཤིན་ཏུ་མང་བ་འདུག་ལ་དགུང་ལོ་བདུན་ཅུ་རྩ་དགུའི་ཐོག་ཞི་བར་གཤེགས་སོ། ། ༈ ཡང་ཐུགས་བསྐྱེད་མཐོ་ཡང་བསོད་ནམས་དམན་པའི་དགེ་བཤེས་དྲུག་ཅུ་ཙམ་སྔ་ཕྱི་རིམ་པ་ལྟར་རྒྱ་གར་དུ་ཕེབས་ཀྱང་བཞེད་དོན་མཐར་མ་ཕྱིན་པར་ཆུད་ཟོས་པ། རྒྱ་གར་ཉི་འོག་གི་རྒྱལ་པོ་ཤྲཱི་ཀེ་ཏུས་ཐོས་ནས་སྔོན་ཏག་གཟིག་སོག་པོའི་རྒྱལ་པོ་ཁུ་ནི་མྭནྟ་ཞེས་བྱ་བས་སོག་དམག་དྲངས་ཏེ་འཕགས་ཡུལ་གཡོག་ཏུ་བཅུག་པ་ལ་ཝ་ར་ན་སིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས། རྒྱ་ནག་ཏུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་དང་མི་སྣ་བཏང་སྟེ་བསྙད་པས། རྒྱ་ནག་རྒྱལ་པོས་གསེར་མང་པོ་བསྐུར་བའི་མཐུན་རྐྱེན་གྱིས་རེ་ཞིག་ཏག་གཟིག་བཅོམ་སྟེ་ལྗོངས་མང་པོ་ཚུར་བླངས་པ། དེ་དུས་ནས་གཟུང་རྒྱ་གར་ནག་དག་སྣང་ཆེ་བས་ཤར་ཕྱོགས་ཀྱི་མཚམས་

༄༅། །དང་ཉེ་བར་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་དགོན་པ་དང་དབྱིབས་དང་ཚད་མཉམ་པའི་ལྷ་ཁང་ཞིག་གཞེངས(ཟི་ཆྭན་ནས་དཔག་ཚད་ལྔ་བརྒྱ་ལྷག་ཙམ་ཡོད་ཟེར།)ནས་མཐུན་རྐྱེན་བསྒྲུབ་པའི་ལྷ་འབངས་ལྗོངས་ཉེར་བཞི་བཙུགས་པ། སློབ་དཔོན་འདི་ཕེབས་སྐབས་གསུམ་ཆ་ཙམ་ལུས་ཡོད་སྐད་དོ། ། ༈ རྒྱ་གར་ལྷོ་མཐའ་མ་ལ་ཡའི་གནས་ཀྱི་སློབ་དཔོན་བཛྲ་བོ་དྷི(རྡོ་རྗེ་ཡེ་ཤེས་སུ་འགྱུར་འདུག)དེའི་སློབ་མ་ཨ་མོ་གྷ་བཛྲ་གཉིས་ལྷན་དུ། ཐང་མིང་ཧུའང་རྒྱལ་པོའི་དུས་སུ་ཕེབས། གཉིས་ཀ་རིག་གནས་སྤྱི་ལ་མཁས་ཤིང་ཁྱད་པར་གསང་སྔགས་ལ་རྩལ་ཐོན་པ་ཡིན་པས། ཡོ་གའི་ཏནྟྲ་སྡེ་བཅོ་བརྒྱད་ལ་ཤློ་ཀ་འབུམ་ཡོད་པ་ལས་སྔར་བཤད་པའི་ཨི་ཤྭ་ར་དང་ཧྭ་ཤང་ཝེན་ཀུས་གྲོགས་བྱས་ཏེ་ཅི་རིགས་པར་བསྒྱུར། བསམ་གཏན་མཁན་པོ་ཡེ་ཤེས་མཐའ་དང་། ཤེས་རབ་མཐའ་ཡས་གཉིས་ཀྱིས་དབུས་པའི་སྐལ་ལྡན་འགའ་ཞིག་ལ་དབང་བསྐུར། རྒྱུད་བཤད། མན་ངག་གནང་སྟེ་ཟབ་མོ་རྡོ་རྗེ་ཐེག་པའི་སྒྲོན་མེ་སྤར། ཆར་འབེབས་གཅོད་དང་། ནད་གདོན་སེལ་བ་སོགས་ཀྱི་སྒོ་ནས་རྒྱལ་པོའི་བླ་མཆོད་དུ་གྱུར། འགྲོ་བ་མང་པོ་ལ་སྨན་བཏགས་ནས། སྔ་མས་དགུང་ལོ་དོན་གཅིག་ལ་གཤེགས། ཕྱི་མས། རྒྱལ་པོ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབང་ཕུལ། གོང་ནས་ཀྱང་ཐཱེ་ཀྱིན་ཀུའང་ལུ་དཱའི་ཧྥུ་ཡིན་པ་ལ་ཞི་ཧུང་ལུ་ཁིང་གི་གོ་ས་དང་། དཱ་ཀུའང་ཊི་ཟན་ཙང་

སྟེ་སྡེ་སྣོད་གསུམ་པ་ཡེ་ཤེས་ཀྱི་མཛོད་ཞེས་པའི་མཚན། ལམ་རྒྱན་གོས་སྣ་ཚོགས་ཀྱི་འཕན་སུམ་ཅུ་རྩ་གཉིས་གནང་། ལན་གཅིག་ལྟས་ངན་གྱི་སྐར་མ་ཤར་བས། སུ་ཙུང་རྒྱལ(མིང་ཧུའང་གི་སྲས། བོད་ཀྱི་ཁྲི་སྲོང་སྡེ་བཙན་དང་དུས་མཉམ།)པོས་རིམ་འགྲོ་མཛོད་གསུངས་པར་རི་བོ་རྩེ་ལྔ་ལ་ཕེབས་ནས་ཆོས་དབྱིངས་གསུང་དབང་གི་སྒྲུབ་དཀྱིལ་བཞེངས་ཤིང་སྒྲུབ་པ་མཛད་དེ་སྦྱིན་སྲེག་བླུག་པས་སྐར་ངན་ཡལ། ལན་གཅིག་བོད་དམག་ལིའང་ཊེའུ་ལ་སོགས་པའི་གནས་སུ་རྒྱབ་སྟེ་ལན་འགའ་རྒྱལ་ཁ་ཐོབ་པར། རིམ་གྲོ་བགྱིད་གསུངས་པ་ལ། སློབ་དཔོན་གྱིས་རྣམས་སྲས་རྦད་པས་བོད་དམག་རང་བྱེར་དུ་སོང་། གོང་ནས། གསེར་གོས་ཀྱི་སྣམ་སྦྱར་གནང་ཞིང་། ལས་ཀ་ཁའི་ཧྥུ་ཨི་ཐུང་ཟན་ཟི་ཡིན་པ་ལ། །སིའོའུ་ཀྭ་ཀུང་གི་གོ་ས་བརྩལ། ཁྱིམ་སྟོང་ཕྲག་གསུམ་འབངས་སུ་སྦྱིན། གསང་སྔགས་གཙོ་བོར་གྱུར་བའི་ཆོས་པོ་ཏི་བདུན་ཅུ་རྩ་བདུན་བསྒྱུར་བར། སློབ་དཔོན་ལ་གོས་ཆེན་སྣ་ཚོགས་ཡུག་བརྒྱད་བརྒྱ་དང་ལོ་ཙྭ་རྣམས་ལ་སུམ་ཅུ་རེའི་གསོལ་རས་གནང་། དགུང་ལོ་བདུན་ཅུ་ལོན་པའི་དབྱར་ཐའི་ཉ་ལ། སློབ་མ་ཧུའི་ལཱང(ཡེ་ཤེས་འོད།) ཞེས་བྱ་བ་ངོ་ཚབ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ནས་རང་གི་རྡོ་རྗེ་དྲིལ་བུ་དང་། བོ་དྷི་ཙིའི་ཕྲེང་བ་གཅིག་དང་ཆུ་ཤེལ་གྱི་ཕྲེང་བ་གཅིག་རྣམས་དངུལ་སྡེར་ལ་བཞག་སྟེ་གོང་མར་འབུལ་དུ་བཅུག་ལ། དྲི་བཟང་གི་ཆུས་ཁྲུས་བྱས་ནས་ཞིང་ཁམས་བརྗེས། གདུང་ལ་ཞུགས་ཕུལ་

༄༅། །བས་རིང་བསྲེལ་རྡོག་པོ་བརྒྱད་ཅུ་བྱོན་པ་མཆོད་རྟེན་ལ་གཟུངས་སུ་བཅུག་ཟེར་རོ། ། ༈ གཞན་ཡང་ཤཱཀྱ་བདུད་རྩིའི་ཟས་ཀྱི་རིགས་ལས་པཎྜི་ཏ་ཤྲུ་བམ་ཀ་ར་སིང་ཧ་ཞེས་བྱ་བ། རྔ་མོང་ལ་རྒྱུད་རྡོ་རྗེ་རྩེ་མོ། དཔུང་བཟང་གིས་ཞུས་པ། བསམ་གཏན་ཕྱི་མ། རྣམ་སྣང་མངོན་བྱང་ལ་སོགས་པའི་དཔེ་ཆ་མང་པོ་བཀལ་སྟེ་བྱོན་ནས། ཧྭ་ཤང་རིན་ཆེན་ཟླ་བས་ལོ་ཙྭ་བྱས་ནས་བསྒྱུར། རྒྱ་གར་བྱང་ཕྱོག་ཀྱི་པཎྜི་ཏ་ཤེས་རབ་ཡེ་ཤེས། ལྷོ་ཕྱོགས་པ་ཛྙཱ་ན་བྷ་ཏྲ། ཁ་ཆེའི་པཎྜི་ཏ་བུདྡྷཱ་ཏྲཱ་ཏ་སྟེ་སངས་རྒྱས་སྐྱོབ། ཤར་ཕྱོགས་པ་དེ་ཝ་ཛྙཱ་ན། ཐོ་གར་གྱི་སློབ་དཔོན་ཤནྟི་མི་ཏྲ། ནུབ་ཕྱོགས་པ་ཀ་བ་དྷརྨ། མ་ག་དྷའི་སློབ་དཔོན་ཨ་ཏི་ཀུཊ། ཤཱཀྱ་ཡ་ཤ། པ་ར་མ་ཏི། ཨུ་ཏྲ་ཡ་ནའི་སློབ་དཔོན་སྤྲིན་གྱི་ལྷུན་པོ། ཤིཀྵ་ནནྡི། ཡུལ་དབུས་པ་ཉི་མའི་འོད་ཟེར་རྣམས་ཕལ་ཆེར་དུས་མཚུངས་སུ་བྱོན་སྟེ། སྔ་རབས་པ་རྣམས་ཀྱིས་མ་བསྒྱུར་པར་ལུས་པའི་རྒྱ་དཔེ་མི་ཉུང་བ་དང་། གསར་པའང་མང་པོ་བསྒྱུར་ཏོ། ། ༈ སློབ་དཔོན་བུདྡྷཱ་པཱ་ལི་སྟེ་སངས་རྒྱས་བསྐྱངས་ཤེས་བྱ་བ། བོད་རྣམས་དམ་པ་རྒྱ་གར་དུ་འབོད་ཅིང་། མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་དང་འཆི་མེད་ཚེའི་རིགས་འཛིན་ཐོབ་པར་བཤད་འདུག་པ་དེ། ཐང་ཀའུ་ཙུང་རྒྱལ་པོའི་དུས་སུ་རི་བོ་རྩེ་ལྔ་འཇལ་བར་ཕེབས། སླེབས་ཙམ་ན་ནགས་ཚལ་ནས་རྒད་པོ་བྲམ་ཟེའི་ཆ་ལུགས་ཅན་

གཅིག་བྱུང་ནས། ལེགས་སྦྱར་གྱི་སྐད་དུ་འོངས་པ་དང་དོན་དག་དྲིས། སློབ་དཔོན་གྱིས་ཇི་ལྟ་བ་བཞིན་ལན་བཏབ་པར། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་བསྣམས་ཨེ་ཡོད་གསུངས། མེད་ཅེས་པས། གཟུངས་དེ་འདི་ཕྱོགས་སུ་ཉེ་བར་མཁོ་ཆེ་བ་ཡིན་སྟེ། དེ་སྤྱན་མ་དྲངས་ཕྱིན་འཇམ་པའི་དབྱངས་དང་འཇལ་ཡང་དོན་རེ་ཆུང་གསུངས། སློབ་དཔོན་གྱིས། བཞིན་བཟང་ཉིད་སུ་ཡིན་རྗེ་བཙུན་ཡིན་ནམ་དྲིས་པས། ཡིན་པའང་སྲིད་གསུངས་པས། རྐྱང་ཕྱག་མཛད། དབུ་བཏེགས་ཙ་ན་ཅང་མི་འདུག་སྐད། གོམ་པ་དེ་ཉིད་དུ་ཁ་ཕྱིར་བསྒྱུར་ལ་ལོག། གཟུངས་སྤྱན་དྲངས་ཏེ་ལོ་གསུམ་ཐོག་ཥི་ཧྥུང་ལོ་གསུམ་པར་སླར་ཕེབས། རྒྱལ་པོར་རྒྱུ་མཚན་ཞུས་པས། བསྒྱུར་བློན་རྣམས་ལ་གཏད་ནས་བསྒྱུར་ཟིན་པའི་བུ་ཡིག་བཀའ་འགྱུར་དུ་ཆུད་པ་གནང་། མ་ཡིག་སླར་བླངས་ཏེ། སི་མིང་ཟིར་ལོ་ཙྭ་མཁས་པ་ཞུན་ཊེན་ལ་བཅོལ་ནས་ཡང་ཚར་གཅིག་བསྒྱུར། རྒྱ་དཔེ་དེ་ཀ་སྤྱན་དྲངས་ནས་རི་བོ་རྩེ་ལྔར་ཕྱིན། ཀིན་ཀང་ཁཱུའི་གཞལ་ཡས་སུ་བཞུགས་ལ་ཕྱིར་མ་བྱོན་ཏོ། འདི་འགྲེལ་པ་བུདྡྷཱ་བ་ལི་ཏ་མཛད་མཁན་ཡིན་ནམ་སླར་བརྟག་གོ། ། ༈ རྒྱ་གར་ལྷོ་ཕྱོགས་པ་བྲམ་ཟེའི་རིགས་ཀྱི་སློབ་དཔོན་པྲཛྙཱ་རུ་ཙི་ཞེས་བྱ་བ་ཡང་ཀའུ་ཙུང་གི་དུས་སུ་བྱོན་ཏེ། མིང་ཧུའང་གི་སྐབས་ཀྱི་བར་བཞུགས་ལ། ཧྭ་ཤང་མི་གཡོ་བློ་གྲོས་དང་། ཡེ་ཤེས་རྒྱལ་དང་། བསྒྱུར་བློན་

༄༅། །འགའ་ཞིག་གིས་ལོ་ཙ་བྱས་ནས་སྤྲིན་ཆེན་པོ་ཕལ་པོ་ཆེ། དཀོན་བརྩེགས་ཡོངས་རྫོགས། རྒྱུད་སྡེ་ཁ་ཤས་བསྒྱུར། མིང་ཧུའང་གིས་ཞི་ཧུང་ལུ་ཁིང་གི་གོ་ས་དང་ཐམས་ཅད་མཁྱེན་པའི་མཚན་གསོལ། དགུང་ལོ་བརྒྱ་ལྔ་བཅུ་རྩ་དྲུག་ཐོག་ཆོས་དབྱིངས་སུ་བསྡུས་སོ། ། ༈ ཧྭ་ཤང་ཏན་ཙང་ཞེས་བྱ་བ་ཕྱུག་པོ་ཞིག་གི་བུ་གཅིག་ཡིན་པ་ལ་བྱིས་དུས་མཚན་མཁན་དང་རྩིས་མཁན་མང་པོས་ཚེ་ཐུང་བར་ལུང་བསྟན། རབ་བྱུང་འདོད་དེ་ཕ་མར་ནན་གྱིས་ཞུས་ཀྱང་མ་གནང་། ལོ་བཅོ་ལྔ་ལོན་པ་དང་ཕ་མས་རིགས་ཆད་པར་དོགས་ནས་བག་མ་འཚོལ་བས། ཁོང་ཁྱིམ་ནས་མ་ཚོར་བར་བྲོས། ན་ཕྲ་བ་དང་གཅེས་བསྐྱངས་ཆེ་བས་ལམ་གྱི་རྒྱུས་མེད་པ་དང་། འཕྲལ་དུ་བསྡུ་མཁན་ཀྱང་སླ་མོ་མི་བརྙེད་སྙམ་ནས་སེམས་རྩེ་གཅིག་གིས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་གྱིན་ནུབ་ཕྱོགས་སུ་ཕྱིན། ཉི་མ་ནུབ་ཁར་ལུང་སྟོང་ཞིག་ལ་ཐུག་པས་ཇི་ལྟར་བྱ་སྙམ་ཙ་ན། མི་གཅིག་བ་གླང་གཉིས་དེད་པ་བྱུང་བ་ལ་དྲིས་པར་ནུབ་ཕྱོགས་མི་རིང་བར་ལྷ་ཁང་གྲྭ་ས་གཅིག་ཡོད་ཟེར་ལྟར་ཕྱིན་པས། དགོན་པ་ཆུང་ངུ་ཞིག་ལ་གནས་བརྟན་རྒན་པོ་ཅིག་དང་། གྲ་རྒྱང་བཅུ་ལྷག་ཡོད་སྐད། རྒྱུ་མཚན་རྣམས་ཞུས་པ་དང་། གཎྜ་བརྡུངས། ཆོས་གོས་གྱོན་ནས་ཚོགས། གནས་བརྟན་གྱི་དྲུང་དུ་གཙུག་ཕུད་ཕུལ། གནས་བརྟན་

གྱིས་གོ་མིའི་སྡོམ་པ་ཕོགས། མིང་བཏགས། སང་ཞོགས་སྔ་པོར་སོང་། སློབ་གཉེར་གཞན་དུ་བགྱིས་གསུངས། སང་གནམ་ལངས་པ་དང་རྒྱལ་ཁམས་ཉུལ་བར་ཆས། སྒོ་ནས་ཐོན་སྟེ་ཕྱི་མིག་ལྟས་ཙ་ན་ཅི་ཡང་མི་སྣང་ལ། དབུ་སྐྲ་ནི་བྲེག་ཐལ་ནས་མི་འདུག་སྐད། སྤྱན་ཆབ་ཤོར། ཐུགས་རྗེ་ཆེན་པོ་ཞེས་འབོད་བཞིན་ཕྱག་མང་པོ་བཙལ་ནས་སོང་། ཕྱིས་དགེ་བཤེས་བསྟན་འགྲོ་ལ་ཕན་ཆེ་བ་ཞིག་ཏུ་གྱུར་ནས། དགུང་ལོ་རེ་དགུ་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། ། ༈ ཧྭ་ཤང་བློ་གྲོས་སྣང་བ་ཞེས་བྱ་བ། མཁས་བཙུན་བཟང་གསུམ་འཛོམས་པ་ལ། ཐེག་པ་ཆེན་པོར་མི་མོས་ཤིང་ཁ་གཏོང་བ་ཞིག་བྱུང་སྟེ། ལན་གཅིག་ལྗགས་སྐྲངས་ནས་ཞལ་དུ་མི་ཤོང་བར་གྱུར། སྨན་དཔྱད་ཀྱིས་བཏུགས་ནས་མོས་ཡུལ་ཞིག་ལ་འདྲི་རུ་བཅུག་པས་ཐེག་ཆེན་ལ་བསྐུར་པ་བཏབ་པའི་ལན་ཡིན་གསུངས། བཤགས་སྡོམ་དྲག་ཏུ་བྱས་པས་རང་ཞིང་སོང་། འོན་ཀྱང་ཉམས་སུ་ནི་མ་བླངས་སྐད། ཉིན་གཅིག་ནགས་ཚལ་ཞིག་ཏུ་བསམ་གཏན་བསྒོམ་གྱིན་བཞུགས་ཙ་ན། སྐྱེས་བུ་དཀྱུས་མིན་གསུམ་བྱུང་ནས་བསླབ་གཞི་ལྔ་ཞུས་ཟེར། ཆོ་ག་ཚར་བ་དང་། བཞིན་བཟང་དག་མི་ཡིན་ནམ་བྱས་པས། དེ་ན་རེ་ལྷའི་རིགས་སུ་བཏོགས་པའི་འབྱུང་པོ་ཡིན་ཟེར། གཞན་དག་གི་སྐྱེ་བ་སྔ་ཕྱི་ཤེས་སམ་དྲིས་པས། ཤེས་པའང་སྲིད་ཞུས། བདག་གི་སྐྱེ་

༄༅། །བ་ཕྱི་མ་ཨེ་ཤེས་དྲིས་པས། ཤེས་ཏེ་ཞུ་མི་ཕོད་ཟེར། སྐྱོན་མེད་གསུངས་པས། ན་རག་ཏུ་གཤེགས་དགོས་ཟེར། རྒྱུ་མཚན་དྲིས་པས། ཐེག་པ་ཆེན་པོ་ལ་ཡིད་ཆེས་བཞིན་དུ་ཉམས་ལེན་མི་གནང་ཞིང་། ཐེག་ཆེན་གྱི་རིགས་ཅན་མང་པོ་ཐེག་དམན་ལ་བཀྲིས་པའི་ལན་ཡིན་ཟེར་བས་ཤིན་ཏུ་འགྱོད་ནས་བཤགས་པ་དྲག་པོ་བྱས། ཕལ་པོ་ཆེ། ཉི་ཁྲི། དམ་ཆོས་པད་དཀར། དྲི་མེད་གྲགས་པས་བསྟན་པ་རྣམས་ཚར་བརྒྱ་རྩ་བརྒྱད་རེ་གཞེངས་ནས་ཆོས་སྦྱིན་མཛད། སླར་རྨི་ལམ་དུ་དེ་གསུམ་བྱུང་ནས་ཉེས་པ་དག་པས་དགའ་སྐྱེལ་ཕུལ་དུ་འོངས་ཟེར། ཕྱིས་འཕྲིན་ལས་ཀྱང་རྒྱ་ཆེར་དར་ལ་སློབ་མ་བདུན་སྟོང་ལྷག་པ་བྱུང་། དགུང་ལོ་བརྒྱད་ཅུའི་ཐོག་བདེ་བར་ཞིང་ཁམས་བརྗེས་སོ། ། ༈ ཧྭ་ཤང་ཊིཥྭན་ཞེས་བྱ་བའི་འདུལ་བ་འཛིན་པ་ཆེན་པོ་ཚུལ་ཁྲིམས་གཡག་རྔ་ལྟར་སྲུང་བ་ཞིག་ཨན་ཀྭ་ཟིའི་མཁན་པོ་བྱས་སྐབས། སྤྲང་བཙུན་གནས་སྐོར་བ་ནག་ལ་རྩུབ་པ། ཤུ་ཐོར་གྱིས་གང་ལ་འབུས་གཞིགས་པ་སྤྱོད་ལམ་རྩིང་རྩིང་ལྟ་བུར་འདུག་པ་ཞིག་བྱོན། ཞལ་ཏ་བ་སོགས་མི་འདོད་པ་ལ། སློབ་དཔོན་གྱིས་བསྐུལ་ནས་འདོད་སྦྱར་གྱི་མཐུན་རྐྱེན་བསྒྲུབས། ཟླ་བ་གཅིག་གི་རིང་རི་མོར་བྱ་བ་མ་ལྷོད་པས། ཁོང་དགའ་བ་ལྟར་གྱུར་ནས་འགྲོ་ཁར་སློབ་དཔོན་ལྐོག་ཏུ་འཁྲིད་དེ། ལོ་ཤས་ན་སློབ་དཔོན་ལ་བར་ཆད་གཅིག་

བྱུང་ཉེན་ཡོད་དེ། བྱུང་ན་ཟི་ཆྭན་གྱི་སའི་ཚུན་མཐར་རི་བོ་འདི་འདྲ་ཞིག་གི་ངོས་ལ། སྒོའི་གཡས་གཡོན་དུ་ཐང་ཤིང་རེ་ཡོད་པའི། ལྷ་ཁང་ས་གྲ་ཆུང་ངུ་ཞིག་ཏུ་བདག་འཚོལ། གཞན་སུས་ཀྱང་ཕན་མི་ཐོགས་གསུངས་། སློབ་དཔོན་གྱིས་ཡིད་ལ་བཞག། ཕྱིས་ཐང་ཡུས་ཙུང་རྒྱལ་པོས་ཨན་ཀྭ་ཟིར་ཕེབས་ནས་བདག་རྐྱེན་གཡགས་པོ་མཛད་ཅིང་། ཨ་ཀར་ནག་པོའི་ཁྲི་རིན་པོ་ཆེས་སྤྲས་པ་ཞིག་བཞུགས་སྟན་དུ་གནང་བར། ཁྲི་སྟན་མཐོ་ལ་རིན་ཆེ་བ་འདི་འདྲ་དགེ་སྦྱོང་ལ་མི་རུང་སྙམ་དུ་དགོངས་བཞིན། རྒྱལ་པོའི་བཀའ་ནན་ལྕི་བས་ལན་འགའ་ལོངས་སྤྱད། མི་རིང་བར་པུས་མོ་གཡས་པའི་ལྷ་ང་ལ་ཕོལ་མིག་ཕོར་ཚད་ཙམ་པ། མིག་ཟུང་དང་སྨིན་མ་ཁ་སྣ་ཐམས་ཅད་ཚང་བ། ཁ་ཐད་རྡོལ་ནས། ཟས་བཅུག་ན་ཟ་ཐུབ་པ། བཞིན་མིའན་ཋྭང་སྟེ་ཕོལ་མིག་མི་གདོང་ཞེས་བྱ་བ་སྐྱེས། ཟུག་རྔུ་ནི་ནད་རིགས་ཀྱི་ནད་འགྲན་ཟླ་མ་མཆིས་སྐད། དེ་ནས་སློབ་དཔོན་གྱིས་སྔར་གྱི་ལོ་རྒྱུས་དྲན་ནས། ཡོ་བྱད་ལྷག་མས་འགྱེད་བཏང་། ལྷུང་བཟེད་དང་ཆོས་གོས་ཁུར། མཁར་བ་ཐོགས་ནས་བྲོས་ཏེ། སློང་མོས་འཚོ་ཞིང་ཕྱིན་པས། ཟི་ཆྭན་གྱི་ས་མཚམས་སུ་ཇི་སྐད་བཤད་པ་བཞིན་གྱི་རི་བོ་དང་ས་གྲ་དེ་འདུག་སྐད། སྒོ་བརྡུང་པས་བཙུན་པ་གཅིག་བྱུང་། ངོ་གནས་སྐོར་བ་དེ་ཡིན་པ་ལ་མཐོང་ན་དགའ་

༄༅། །ཞིང་གཟི་བརྗིད་ཆེ་བ་ཞིག་ཏུ་གྱུར་སྣང་ཟེར། ནང་དུ་འཁྲིད་དེ་དགའ་བའི་འབེལ་གཏམ་འགའ་ཞིག་བྱས། དེ་ནས་རྔ་ཡབ་གཅིག་ཐོགས་ལ་པ་གྲའི་རྒྱབ་ལོགས་སུ་ཆུ་མིག་ཞིག་འདུག་པའི་རྩར་སློབ་དཔོན་འཁྲིད་ནས་ཕོལ་མིག་བཀྲུས། རྔ་ཡབ་གྱིས་བྱབ་ཚུལ་བྱས་བཞིན་པར་ངག་ཏུ། དགེ་བཤེས་ཁྱོད་ཆེན་པོ་ཧཱན་གུར་གྱི་གིང་དྷཱི་རྒྱལ་པོའི་དུས་སུ་ནང་བློན་ཡུའང་ཨང་དུ་གྱུར་པ་ཨེ་དྲན། ཕོལ་མིག་ཁྱོད་དེ་དུས་ཀྱི་བགྲོས་བློན་བཞོའུ་ཚོར་གྱུར་པ་ཨེ་དྲན། ཡུའན་ཨང་ཁྱོད་རྒྱལ་པོར་ཕྲ་མ་བཅུག་ནས། བཞོའུ་ཚོ་བཀྲོངས་པ་ཨེ་དྲན། བཞོའུ་ཚོ་ཁྱོད་ཤ་ལོན་པར་གནག་པས་ཁེ་པ་སྐྱེ་བ་བཅུའི་བར་དུ་འབྲངས་ཀྱང་གླགས་མ་བརྙེད་པ་ཨེ་དྲན། ཡུའན་ཨང་ཁྱོད། ཕྱིས་འགྱོད་པ་སྐྱེས་ནས་རབ་ཏུ་བྱུང་ཞིང་། ཡང་སྲིད་མཐར་ཆགས་སུ་ཚུལ་ཁྲིམས་མིག་འབྲས་ལྟར་སྲུང་བའི་བཙུན་པ་བཟང་ཤོས་སུ་གྱུར་པས་གླགས་མ་སྟེར་ལ། དེ་ཉིན་གོང་ནས་ཁྲི་སྟན་ཆེན་པོ་གནང་བར་བསམ་པ་རྣམ་དག་གིས་མ་ཟིན་ཅིང་། དོགས་པ་ཟོས་བཞིན་དུ་ལོངས་སྤྱོད་པས་བསླབ་པ་ལ་སྐྱོན་བྱུང་སྟེ་གླགས་སྟེར་བ་ཡིན། བཞོའུ་ཚོ་ཁྱོད་ཀྱིས་བསམ་ཚོད་རྫོགས་པར་བྱས་ན་སླར་ཁྱོད་ལ་ཡང་ཚུལ་འདི་འབྱུང་བར་ངེས་པས་ཅི་ལ་དགའ། དེང་བདག་གིས་ཁྱོད་གཉིས་ཟླུམ་པར་བྱ་ཡི། ཐོང་ཞིག། གསུང་ཚར་མ་ཐག །འབག་བརྙན་བོར་བ་བཞིན་དུ་

ལྷུང་། དེ་ལྟར་གསུང་ཐེབས་རེ་ལ་ཕོལ་མིག་ཀྱང་ཨང་ལན་རེ་བཏབ་འདུག་ཟེར་བས་ངོ་མཚར་ཅན་དུ་གདའ། གནས་སྐོར་བ་དེ་ཐུགས་རྗེ་ཆེན་པོ་ཡིན་ཟེར། ཚུལ་འདི་ནི་པེ་ཧར་རྒྱལ་པོས་འདུལ་འཛིན་གྲགས་པ་རྒྱལ་མཚན་ལ་གླགས་མ་བརྙེད་པའི་ལོ་རྒྱུས་དང་མཚུངས་པར་སྣང་། དེ་ནས་སློབ་དཔོན་གྱིས་གནས་སུ་འཁོར་སྟེ། བཤགས་པ་ཆུ་རྒྱུན་མ་ཞེས་བྱ་བའི་ཆོ་ག་མཛད་པ། དེ་རྒྱུན་དེང་སང་དར་སོ་ཆེ་བར་འདུག་གོ། ༈ འདུལ་འཛིན་ཀིའན་ཊེན་ཞེས་བྱ་བ་ཆོས་སྤྱི་ལ་མཁས་ཤིང་། ཁྱད་པར་འདུལ་བ་ལ་རྩལ་ཐོན་པ་ཞིག་བྱུང་སྟེ། དོན་ལྡན་གྱི་སྙན་གྲགས་ཕྱོགས་ཀུན་ཁྱབ་པས། ཤར་ཕྱོགས་རྒྱ་མཚོའི་གླིང་ཤིན་ཏུ་ཐག་རིང་བ། གཞི་པེན་ཞེས་བྱ་བའི་ཡུལ་གྱི་རྒྱལ་པོས་མི་སྣ་མངགས་ཏེ་སྤྱན་དྲངས་པས་སློབ་དཔོན་གྱིས་ནན་ཡོ་ཟི་དཱ་ཤིའ(ཊེ་ཅེ་དཱ་ཤིའི་སློབ་དཔོན་ཡེ་ཤེས་བློ་གྲོས་ཡིན)ཡུལ་དེའི་རྒྱལ་པོར་སྐྱེ་བ་བཞེས་ལ་རྒྱལ་བསྟན་རྒྱ་ཆེར་སྤེལ་བ་དང་། ཡུལ་གོས་ཀྱི་ཆོས་གོས་རྣམ་གསུམ་ཚར་སྟོང་བསྒྲུབས་ནས་ཙི་ནའི་ཡུལ་འདིར་འགྱེད་དུ་བཏང་བའི་ལོ་རྒྱུས་ཡོད་པ་ལ་བརྟེན་ནས། དགེ་ཚུལ་སློང་གི་གྲོགས་བཅུ་བཞི་བཅས་ཕེབས། ཡུལ་དེའི་རྒྱལ་བློན་ཡུམ་སྲས་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། བསྙེན་གནས། དགེ་བསྙེན་ཕ་མ་ཅི་རིགས་པ་ཕོག། གཉུག་མར་གནས་པའི་དགེ་སློང་ཚུལ་ལྡན་བཅུ་ཕྲག་གཅིག་

༄༅། བསྡུས་ནས། འདི་པས་མཁན་པོ་མཛད་ལ། བསྙེན་རྫོགས་བཞི་བརྒྱ་དང་། དགེ་ཚུལ། བར་མ་མང་པོ་བསྒྲུབས། གཙུག་ལག་ཁང་ཆེན་པོ་གཅིག་གཞེངས། དགུང་ལོ་བདུན་ཅུ་རྩ་བདུན་ན་མཉམ་པར་བཞག་བཞིན་པར་མྱ་ངན་ལས་འདས། སྐུ་མདངས་ཡལ་བ་ཙམ་ཡང་མ་བྱུང་བས་གསེར་རྩི་ཕུལ་ནས་རྟག་པར་མཆོད་ཅིང་འདུག་སྐད་དོ། ། ༈ པཎྜི་ཏ་རྡོ་རྗེ་ཡེ་ཤེས་ཀྱི་དངོས་སློབ་དཱ་ཧུའི་ཆན་ཤཱིར་གྲགས་པའི་ཨི་ཥིང་ཧྭ་ཤང་ཞེས་བྱ་བ། རིག་གནས་ཐམས་ཅད་ལ་མཁས་ཤིང་གྲུབ་པ་བརྙེས་པ་གཅིག་བྱུང་སྟེ། རྡོར་ཡེ་དང་ཨ་མོ་གྷའི་གྲོགས་མཛད་ནས་བསྒྱུར་པ་དང་བརྩམ་ཆོས་ཀྱང་མང་ཞིང་མི་བརྗེད་པའི་གཟུངས་ཐོབ་ཚུལ་ལ། མིང་ཧུའང་གིས་བགམ་པས་དད་པ་ཐོབ་ནས་ཕྱག་ཕུལ། ལན་གཅིག་ཁོང་གི་ཐ་མལ་དུས་སུ་དྲིན་གྱིས་བསྐྱངས་ཤིང་ནུ་ཞོ་བསྣུན་པའི་མ་རྒན་ཉིད་བྱུང་ནས། ཁོང་གི་བུས་མི་བསད་པས། མི་རིང་བར་ཁྲིམས་ལ་སྦྱར་དགོས་ཡོད། ཅི་ནས་ཀྱང་སྐྱབས་འཇུག་མཛོད་ཞུས། སློབ་དཔོན་གྱིས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཞེས་བྱ་བ་དེ་བསྟན་སྲིད་གཉིས་ཀའི་སྲོག་ཤིང་ཡིན། རྒྱལ་པོ་རང་ཉིད་ཀྱང་དབང་མི་ཐུབ། ལྷག་ཏུ་དགེ་སྦྱོང་གིས་ཁ་འཇུག་ན། ཆོས་ཁྲིམས་དང་། རྒྱལ་ཁྲིམས་གཉིས་ཀ་དང་འགལ་གསུངས་ནས་མ་ཉན་ལ། ཀ་ཅ་སྣ་ཚོགས་སྟེར་ནས་ཐབས་

གཞན་འཚོལ་ཞིག་ཟེར་བར། ཁོང་ཁྲོས་ནས་སྨྲེ་ངག་འདོན་ཞིང་། ཀ་ཅ་མི་ལེན་པར་ཚིག་རྩུབ་མང་པོ་བརྗོད་པར། སློབ་དཔོན་གྱིས། རེ་ཞིག་སེམས་ལས་ཆུང་ངུར་བགྱིས་ཤིག། རིམ་འགྲོ་འདྲ་བྱ་ཡི་གསུངས། དེ་ནས་མཚམས་བཅད། དཀྱིལ་འཁོར་བཞེངས། རང་རྐྱལ་གཅིག་མཆོད་གཡོག་པར་བཅོལ་ནས། ཁང་སྟོང་ག་གེ་མོ་ན་སྨྲ་བ་བཅད་ལ་སྡོད་ཅིག །མཚན་མོ་སེམས་ཅན་ཅི་བྱུང་ཡང་གཟུང་ལ་མ་ཤོར་བར་བཅུག་ལ་ཁྱེར་ཤོག་བྱས། ཁོང་གི་དེ་ལྟར་འཚལ་བས་ཕག་ཕྲུག་ཆུང་ངུ་བདུན་བྱུང་བ་ཚང་མ་བཟུང་ནས་ཕུལ། ཕྱི་ཉིན་རྩིས་བློན་རྣམས་ཀྱིས་སྐར་མ་རྨི་བདུན་ཡིབ་ནས་ཆ་མེད་ཞུས་པས་གོང་ནས་བགྲོས་བྱེད་དུ་བཅུག། སུས་ཀྱང་ཐག་མ་ཆོད་པས་སློབ་དཔོན་ལ་དྲིས་པར་ཤཱོ(ཡུ་གུར་གྱི་བོད་དཔེར་འདི་བཞིན་སྣང་སྟེ་ཉིའུ་འདོན་པའི་མིང་ཡིན།)བཏང་ན་ཕན་གསོལ་བས་ཆུང་ངུ་བཏང་། སློབ་དཔོན་གྱིས་ཀྱང་ཕག་ཕྲུག་གཅིག་བཏང་བས། དེ་ནུབ་སྐར་མ་གཅིག་མངོན། ཡིད་ཆེས་ནས་ཤཱོ་བསྐྱེད་དེ་བཏང་བར་ཕག་ཕྲུག་ཀྱང་བསྐྱེད་དེ་བཏང་བའི་གྲངས་དང་མཉམ་པར་ཤར། བཙོན་ར་བསལ་དུ་བཏང་བ་ལ། སློབ་དཔོན་གྱིས་ཀྱང་མ་ལུས་པར་བཏང་སྟེ་ཐམས་ཅད་མངོན་པར་བྱས་པས། ཞོར་ལ་ཉེས་ཅན་དེ་ཡང་ཐར་ཏོ། །ལན་ཅིག་སློབ་དཔོན་གྱིས་རྩིས་ཚིགས་རིམ་གྱིས་འཆོལ་བ་གཟིགས་ནས། གཟའ་སྐར་གྱི་བགྲོད་ཚུལ་ལ་དཔང་པོ་བཅོལ་སྟེ།

༄༅། །ལིའུ་ཐོ་ལེགས་པར་བཅོས་ནས་ཕུལ། གོང་ནས་ཀྱང་དར་སོ་ཆེ་བར་མཛད་དེ། ཆེན་པོ་ཧཱན་གྱི་དུས་སུ་རྩིས་མཁན་མཁས་པ་ལོ་ཥི་ཡ་ཧེང་ཞེས་བྱ་བས་དེ་དུས་ཀྱི་རྩིས་འཁྲུལ་བསལ་ནས། དུས་ཚིགས་ཀྱི་རྣམ་གཞག་ལ་གཏན་གྱི་ངེས་པ་མེད་པས། རེ་ཞིག་ཙམ་ལས་ལོ་ཐག་ཧ་ཅང་རིང་བ་གཏན་ཕབ་མི་ནུས། ལོ་བརྒྱད་བརྒྱ་ལ་ཉི་མ་གཅིག་གིས་མ་ཚང་བའི་དུས་ན། འཕགས་པ་ཞིག་གིས་བྱི་དོར་བྱེད་ཡོང་ཞེས་ལུང་བསྟན་པ་ཡོད་ཚུལ་འགའ་ཞིག་གིས་ཞུས་པས། བགྲང་ཙ་ན་དེ་ཁོ་ན་ལྟར་འདུག་ཟེར། མཆོག་དམན་ཚང་མས་ངོ་མཚར་སྐྱེས་ལ་དེ་ཕྱིན་ཆད་སློབ་དཔོན་འཕགས་པར་འབོད་སྐད། འོན་ཀྱང་བྱ་བ་ཕྲ་མོ་མ་གཏོགས་བྱུང་རྒྱལ་དུ་ལུང་མི་བསྟན། ཡང་གཅིག་རྒྱལ་པོས་ཆབ་སྲིད་ཀྱི་དགེ་མི་དགེ་དྲིས་པར་ཅང་མ་ཞུས། ནན་གྱིས་དྲིས་པས། བདག་པོ་ཆེན་པོ་ལ་ལེ་དབར་ཁྲིའི་ཤུལ་རིང་ཞིག་གདའ་གསོལ། དོགས་པ་ཟོས་ནས་ཤིན་ཏུ་ཆགས་ཆེ་ཡོད་དམ་དྲིས་པར། ད་ལྟའི་བདག་པོ་ཆེན་པོ་ཉིད་དང་མཚུངས་པའི་ས་སྐྱོང་ཆེན་པོའི་ཕྱག་བྱ་བའི་ཡུལ་དུ་གྱུར་ཞུས། མཚུན་ཁྲོད་དུ་ཚུད་པར་དོགས་ནས་ཚེ་དྲིས་པས་རིང་ཞུས། འཆི་ལུགས་དྲིས་པས་བདེ་བར་གཤེགས་ཞུས། དེ་ནས་གསེར་གྱི་གའུ་ཆུང་ངུ་འགུལ་ན་ཁྲོག་ཁྲོག་ཡོད་པ་ཞིག་ཕུལ་ནས་ཤིན་ཏུ་ཐུགས་རྨུགས་པའི་དུས་མ་གཏོགས་མ་གཟིགས་ཞུས། ཕྱིས་སོག་པོ་ཨན་ལུ་ཞན་ངོ་ལོག།

མིང་ཧུའང་རྒྱལ་ས་ཤོར་སྟེ་ཟི་ཆྭན་གྱི་གནས་སུ་བྲོས་ཏེ་སླེབས་ཙ་ན་རྡོའི་ཟམ་པ་གཅིག་ཡོད་སྐད། མིང་ཝཱན་ལི་ཁིའོའུ་སྟེ་ལེ་དབར་ཁྲི་ས་ཟེར་བས་ལུང་བསྟན་དང་པོ་ཐོག་ཏུ་བབས། ཤིན་ཏུ་ཡི་མུག་སྟེ། གའུ་ཕྱེ་ཙ་ན་སྨན་ཏང་ཀུན་པའི་རྡོག་པོ་ཡིན་པར་འདུག་པ། དེ་རྒྱ་ནག་སྐད་དུ་ཏང་ཀུས་ཟེར་བས། ལྡོག་ཡོང་ཞེས་པའི་སྒྲ་ཡིན་པས་ཐུགས་ཅུང་ལྷོད་སྐད། སྲས་བུ་ཙུང་རྒྱལ་པོ་དོན་དག་གི་ཆེད་དུ་ལུས་པ་དམངས་མ་ཚང་མས་རྒྱལ་སར་མངའ་གསོལ། དེས་ཕྱག་དང་བཅས་པའི་ལེགས་འཕུལ། ལྷའི་ལྷ་ཞེས་པ་ལྟ་བུའི་དོན་སྟེ་ཐའི་ཞང་ཧུའང་གི་མཚན་ཕུལ་བས་ལུང་བསྟན་གཉིས་པ་སྨིན། མ་འགྱངས་པར་ཨན་ལུ་ཞན་ནང་འཁྲུགས་ཀྱིས་ཤིག། རྒྱལ་ཁམས་བདེ་འཇགས་སུ་གྱུར་སྟེ་སླར་སྟི་གནས་སུ་གདན་དྲོངས་བས་ལུང་བསྟན་ཐ་མ་སྨིན། དགུང་གྲངས་བདུན་བཅུ་ལྷག་བཞེས་ཤིང་རང་མལ་དུ་ཞི་བར་གཤེགས་པས་ལུང་བསྟན་བར་མ་གཉིས་ཀྱང་འགྲིགས་སོ། ། ༈ ཙི་ནའི་ཡུལ་གྱི་མ་ཧཱ་པཎྜི་ཏ་ཆིང་ལིའང་ཀྭ་ཤིའ་མཚན་དངོས་ཋེང་ཀྭན་སྟེ་དྲི་མེད་གཟིགས་ཞེས་བྱ་བ། ཐང་མིང་ཧུའང་གི་དུས་སུ་བྱུང་སྟེ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། སྲིད་སྲུང་ལ་སོགས་པ་ཐམས་ཅད་ལ་ཤིན་ཏུ་མཁས་པ། བྱང་ཆུབ་ཀྱི་སེམས་སྐྱེ་སྟོབས་སུ་ལྡན་པ། རྒྱ་གར་དུ་མ་ཕྱིན་ཀྱང་ལེགས་སྦྱར་གྱི་སྐད་ལ་རྒྱ་གར་མཁས་པ་དང་མཉམ་པས་ལོ་ཙྭ་མཛད་པར་གཞན་དྲིང་མི་འཇོག་པ། སྐུ་བོང་སྲིད་དུ་ཁྲུ་དགུ་དང་ཚོན་

༄༅། །བཞི་ལོངས་པ་ལ་ཕྱག་པུས་མོ་ལས་འདའ་བ། དུང་ཚེམས་བཞི་བཅུ་ཚང་བ། སྤྱན་མི་འཛུམ་པ་སོགས་མཚན་དཔེ་མང་པོས་བརྒྱན་པ་མཐོང་བ་ཙམ་གྱིས་མཆོག་དམན་མཐའ་དག་གི་ཡིད་འཕྲོག་པ། ལྟ་བརྒྱུ་དེ་གཉིས་སུ་ཕྱེ་བའི་ཡ་གྱལ་ཥིའན་ཤེའུ་བརྒྱུད་པར་ཀླུ་སྒྲུབ་གཉིས་པ་ལྟ་བུ། བོད་དུ་རྗེ་རིན་པོ་ཆེ་དང་དབྱིབས་མཚུངས་པ། དོན་ལ་གནས་པའི་འཇམ་དཔལ་གྱི་སྤྲུལ་པར་གྲགས་ཆེ་བ་དེས། ཨུ་ཋ་ཡ་ནའི་འབངས་ནས་ལེགས་འབུལ་དུ་བྱུང་བའི་ཕལ་པོ་ཆེ་ཁ་ཆེའི་པཎྜི་ཏ་པྲཛྷཱའི་འགྱུར་འཕྲོ་འགའ་ཡོད་པ་རྣམས། སུ་ཙུང་རྒྱལ་པོའི་བཀས་ཐོགས་མེད་དུ་འགྱུར། ཆིང་སང་ཆེན་པོ་ཆི་ཀང་གིས་བསྐུལ་ནས། ཕལ་པོ་ཆེའི་ས་མ་འགྲེལ་བམ་པོ་གསུམ་པ། ལི་ཀི་ཧྥུས་བསྐུལ་ནས་སྡོམ་ཚིག་བམ་པོ་གཅིག་པ། ནན་ཁང་གི་ཡུལ་བདག་ཝེའི་ཀའུ་དབང་གིས་བསྐུལ་ནས་ཆོས་ཀྱི་དབྱིངས་སུ་ལྟ་བ་ཟབ་དོན་བསྒོམ་པའི་མེ་ལོང་ཞེས་བྱ་བ་བམ་པོ་གཅིག་པ། གཞན་ཡང་བློན་ཁག་དང་དགེ་བཤེས་མང་པོས་བསྐུལ་ནས། མེ་ལོང་སྒྲོན་མའི་བསྟན་བཅོས་བམ་པོ་གཅིག་པ། བྱང་ཆུབ་ལམ་གྱི་རིམ་པ་འཇུག་སྒོ་ལྔ་པ་སོགས་སྤྱིར་ཕལ་ཆེན་ཊིཀྐས་གཙོ་བྱས་སྡེ་སྣོད་གསུམ་ཀའི་གསལ་བྱེད། འཐོར་སྡུད། གབ་ཕྱུང་གི་རིགས་ཁྱོན་སྡོམ་བམ་པོ་གསུམ་བརྒྱ་ལྷག་པ་མཛད། ཁྱད་པར་ཕལ་ཆེན་ལ་རྒྱ་ནག་ཏུ་འདི་པས་མཁས་པ་མ་བྱུང་སྐད་དོ། །རྒྱལ་པོ་འཁོར་བཅས་ལ་སྡོང་

པོ་བཀོད་པའི་མདོ་ལན་གཉིས་སུ་ཞིབ་བཤད་ཕུལ་བ་སོགས་ཚོགས་བཤད་ལན་མང་མཛད། དའི་ཙུང་། ཏེ་ཙུང་། ཞུན་ཙུང་། ཥིའན་ཙུང་། མཱུ་ཙུང་། ཉིང་ཙུང་། ཝེན་ཅུང་སྟེ་རྒྱལ་པོ་རབས་བདུན་གྱིས་སློབ་དཔོན་དུ་གྱུར། རི་བོ་རྩེ་ལྔར་གཏན་བཞུགས་ཆེ་བས་ཆིང་ལིའང་ཀྭ་ཤིའི་མཚན་ཕུལ། དགུང་ལོ་བརྒྱ་དང་གཉིས་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། ། ༈ དེ་དག་ནི་ཆེན་པོ་སུང་གུར་གྱི་སྟོད་ཆ་ཡན་ཆད་དུ་ཕྱོགས་འདིར་བྱུང་བ་རྒྱ་གར་ནག་གི་མཁས་པ་དང་གྲུབ་པ་ཕལ་མོ་ཆེའི་རྣམ་པར་ཐར་པ་བམ་པོ་བརྒྱད་ཅུ་རྩ་དྲུག་ཡོད་པ་ལས། འཕྲིས་ཤིན་ཏུ་ཆེ་བ་འགའ་ཞིག་རྒྱ་མཚོ་ཆེན་པོ་ལས་སྐྱོགས་ཀྱིས་བཅུས་པས་བཞིན་བསྡུས། བྱ་བ་ཕྲ་མོ་སྣ་རེས་བསྟན་འགྲོ་ལ་སྨན་བཏགས་པའི་རིགས་ཁ་ཤས་ཀྱང་ཁ་ཚར་རྒྱན་གྱི་ཚུལ་དུ་སྡེབས་ཏེ་བཀོད་པ་ཡིན་ལ། སུང་གུར་གྱི་དུས་སུ་འཕགས་ཡུལ་གྱི་པཎྜི་ཏ་དཱེ་བ་ཀ་ར་ཤིནྟ་དང་ད་ན་རཀྵི་ཏ་ཞེས་བྱ་བ་གཉིས(བོད་དུ་ཇོ་བོ་རྗེ་ཕེབས་པའི་སྐབས་ཡིན།) ཕེབས་ནས་སྔགས་གཙོ་བོར་གྱུར་པའི་བཀའ་བསྟན་མང་པོ་བསྒྱུར། སྐལ་ལྡན་འགའ་ཞིག་ལ་དབང་ལུང་མན་ངག་གནང་བ་དང་། ཞན་ཧུའི་ཥུ་ཝན་མི་དཱ་ཤིའ། ཋེང་ཀི་ཡོ་དཱ་ཤིའ་ལ་སོགས་པ་རྒྱ་ནག་གི་མཁས་གྲུབ་མང་པོས་སོ་སོ་ནས་ཕན་བདེའི་གྲུ་ཆར་འབེབས་པར་མཛད་པ་དང་། རྒྱ་ནག་བྱང་པ་དཱའི་ཀིན་སྟེ་གསེར་གུར་གྱི་རྒྱལ་ཁམས་སུ་རྒྱ་གར་པེཎ་སུ་དྷ་ཤྲི་དང་། རྫུ་འཕྲུལ་གྱི་སྒོ་ནས་བོན་པོའི་རྒོལ་བ་བཟློག་སྟེ་རྒྱལ་པོའི་བླ་མཆོད་དུ་གྱུར་

༄༅། །པའི་ཧྭ་ཤང་ཧྥ་ཋུང་དཱ་ཤིའ་ལ་སོགས་པའི་མཛད་པའང་གོང་མཚུངས་ལ། ཆེན་པོ་ཧོར་གྱི་དུས་སུ་འཕགས་ཡུལ་གྱི་པཎྜི་ཏ་བི་མཱ་ལ་ཤྲཱི་དང་། པཎྜི་ཏ་ཛ་ཡ་དྷཱ་ས། བོད་ཀྱི་པཎྜི་ཊ་ས་སྐྱ་པ་ཀུན་དགའ་རྒྱལ་མཚན་དང་སྲིད་ཞིའི་གཙུག་གཏོར་མཛེས་རྒྱན་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་སྟེ་ཁུ་དབོན་བརྒྱུད་པར་བཅས་པ་མི་ཉུང་བ་དང་། གྲུབ་ཆེན་ཀརྨ་པཀྴི་དང་། ཆོས་རྗེ་རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ་སྟེ་རྒྱལ་དབང་ཀརྨ་པ་ཡང་སྲིད་སྔ་ཕྱི་གསུམ། རྙིང་པ་མ་གཡུང་སྟོན་རྡོ་རྗེ་དཔལ། ཧྭ་ཤང་ཧུ་ཝ་ཡན་ཕུས་སྟེ་བྱང་ཆུབ་སེམས་དཔའ་སྡོང་པོ་བཀོད་པར་གྲགས་པ་དང་། ཊེན་ཀི་ཡོ་ཀྭ་ཤིའ་ཀུའི་ཀྭ་ཀུང་ཝེན་ཚའི་ཧུ་ཝ་ཧྭ་ཤང་སྟེ་ཆེང་ཙུང་རྒྱལ་པོའི་བླ་མཆོད་དུ་གྱུར་པ་གཉིས། ཡིང་ཙུང་རྒྱལ་པོའི་བླ་མཆོད་དུ་གྱུར་པ་ས་སྐྱའི་བླ་ཆེན་དྷི་ཤིའ་ཞིག་ལས་དབང་ཞུས་ནས་སྔགས་ལ་ཞུགས་པའི་སློབ་དཔོན་ཧུང་ཀི་ཡོའུ་དཱ་ཤིའ། ཞུན་དྷཱི་རྒྱལ་པོ་དང་། ཕྱིས་དཱའི་མིང་ཧུང་ཨུ་རྒྱལ་པོ་གཉིས་ཀའི་བླ་མཆོད་དུ་གྱུར་པ་ཀྱི་ཀི་ཡོའུ་ཡུ་ཝན་མིང་དཱ་ཤིའ། ཆེན་པོ་མིང་གུར་གྱི་དུས་སུ། རྒྱ་གར་ཀ་སི་ལའི་པཎྜི་ཏ་རྒྱལ་རིགས་ཤྲཱི་མངྒ་ལ་དང་། ཤཱཀྱའི་རིགས་ལས་བྱུང་ཞིང་ཡུང་ལོ་རྒྱལ་པོས། མིའོའུ་ཀི་ཡོ་ཡུ་ཝན་ཐུངས་ཧུའི་ཆི་ཕུ་ཡིང་ཧྥུ་ཀྭ་ཥིའན་ཀི་ཡོའུ་ཀྭན་ཏིང་ཧུང་ཤན་སི་ཐི་ཡན་ཧྥོ་ཙི་དཱ་ཀྭ་ཤིའི་མཚན་ཕུལ་སྟེ་སློབ་དཔོན་དུ་བཀུར་པ་པཎ་ཆེན་ཤཱཀྱ་ཡེ་ཤེས། དགེ་ལྡན་པ་སེ་རྭ་བྱམས་ཆེན་ཆོས་རྗེ།

རྒྱལ་བ་ཙོང་ཁ་པ་དང་རྗེ་ཀརྨ་པ་གཉིས་ཀའི་དངོས་སློབ་ཆོས་རྗེ་དཔལ་ལྡན་བཀྲ་ཤིས། རྒྱལ་པོ་དེ་ཉིད་ཀྱིས་བཞུ་ལའི་དཱ་པོའུ་ཧྥ་དབང་སི་ཐིའན་ཙི་ཙའི་ཧྥོ་སྟེ་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་དེ་བཞིན་གཤེགས་པའི་དམ་ཆོས་རིན་པོ་ཆེའི་རྒྱལ་པོ་ཞེས་པའི་མཚན་མཆོག་ཕུལ་སྟེ་མཆོད་གནས་སུ་བཀུར་བའི་ཆོས་རྗེ་དེ་བཞིན་གཤེགས་པ་ལ་སོགས་པའི་རྒྱ་གར་ནག་དང་བོད་ཀྱི་མཁས་གྲུབ་དམ་པ་ཡོན་ཏན་དང་འཕྲིན་ལས་གཉིས་ཀའི་སྒོ་ནས་སྟོན་པ་གཉིས་པ་ལྟ་བུར་གྱུར་པ་མང་ཡང་། གོང་དུ་བཤད་པ་དག་གིས་མཚོན་བྱེད་ཙམ་གྱི་གོ་ཆོད་ཕྱིན་ཧ་ཅང་མང་ན་གཟིགས་པ་པོ་དག་གི་ཐུགས་བསུན་པའི་རྒྱུར་འགྲོ་ཤས་ཆེ་བར་ཡང་དོགས་ནས་འཐོར་སྡུད་ཀྱི་རྩོལ་པ་མ་བྱས་སོ། །དེ་ལྟ་མོད་ཀྱིས་རྒྱ་ཡུལ་འདིར་གསང་སྔགས་མ་དར་ཅིང་། རབ་ཏུ་བྱུང་ནས་ཐུན་མོང་བའི་རིག་གནས་ལ་ཆེད་དུ་སྦྱངས་སྲོལ་མེད་པས་གཞན་དོན་གྱི་སྒོ་དེ་དག། བོན་བསྟན་དང་བཞུ་བསྟན་སོ་སོ་ནས་ངོ་མཐོ་ལ་ཕུག་གྱི་དོན་མ་ལོན་པའི་མཁས་རློམ་འགས་སྐབས་སྐབས་སུ་ཁ་ཆོས་ཀྱིས་རྒོལ་བ་རྩོམ་པ་དང་། སྲིད་སྲུང་ལ་བཞུ་བསྟན་གཙོ་ཆེ་ཐོག་ཡུལ་ཆོས་ལ་རྒྱལ་བློན་དབང་ཆེ་བས་ཆོས་དང་མཐུན་མི་མཐུན་ཇི་ལྟར་ཡང་ངེས་པར་ངོ་སྲུང་བྱེད་དགོས་པས་ཕྲལ་དུ་འདོད་སྦྱར་ཞུས་པ་འགའ་ཞིག་ལུགས་སྲོལ་དུ་སོང་བ་དང་། ཐ་ན་གོས་སེར་པོ་དང་དམར་པོ་རྣམས་ཙི་ནའི་རྒྱལ་པོ་དང་བློན་ཁག་གི་

༄༅། །ཚོན་སྐལ་ཡིན་པ་ལ་རིན་ཆེ་བས་དགེ་སྦྱོང་སྨུག་ཆས་སུ་མི་ཞུགས་ཁ་མེད་པ་སོགས་རྣམ་གྲངས་མང་པོའི་སྒོ་ནས་རྒྱ་བཙུན་གདུལ་བྱ་སྲབ་ཅིང་མངོན་ཚན་མི་ཆེ་བར་གདའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འཇམ་མགོན་འདུལ་བྱ་ཞིང་མཆོག་ཡུལ་དབུས་འདིར། །ཧཱན་གྱི་རྒྱལ་པོ་མིང་དྷཱིས་བསྟན་པའི་དབུ། །བརྙེས་དུས་ནས་གཟུང་རྒྱ་གར་པཎ་གྲུབ་མང་། །རིམ་བྱོན་ཆོས་རྣམས་བསྒྱུར་ཞིང་རྒྱལ་བསྟན་སྤེལ། །དེ་ལ་བརྒྱུད་པ་རྣམ་ལྔས་སྤྱིར་ཁྱབ་ལས། །འདུལ་བ་བའི་དྷཱིའི་དུས་ཀྱི་མ་ཏང་གའི། །བརྒྱུད་འཛིན་ད་ལྟ་ཡོད་ནའང་ཉིན་སྐར་ཙམ། །ཕྱིས་ཀྱི་འཕགས་པ་དགེ་འདུན་གོ་ཆ་དང་། །རིག་འཛིན་ཀུ་མཱ་ར་ཡི་རྗེས་ཞུགས་པའི། །ཆེ་ཆུང་ཐེག་པའི་འདུལ་འཛིན་དེང་སང་མང་། །གསང་སྔགས་བླ་མེད་ཡང་སྒོས་མ་རྒྱུད་རྒྱུན། །རྒྱལ་ཁྲིམས་དམ་པས་གཞི་ནས་གཙུགས་མ་གྱུར། །དཔེ་རིགས་ཡོད་ཀྱང་མཆོད་པའི་རྟེན་དུ་ཟད། །ཁ་གཅིག་ལྡེམ་དགོངས་ལུགས་སུ་བཤད་པ་ཡོད། །སྒྱུ་དྲ་གསང་འདུས་ལ་སོགས་ཡོ་གར་ཡང་། །བཀྲལ་ཡོད་ཕ་རྒྱུད་འགའ་དང་རྣལ་འབྱོར་རྒྱུད། །མན་ཆད་གཅིག་དྲིལ་རྒྱུད་སྡེ་བཅོ་བརྒྱད་དང་། །ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་རུ་གྲགས། །བརྒྱུད་ཚུལ་རྣམ་སྣང་ཕྱག་ན་རྡོ་རྗེ་ནས། །གསུམ་པ་རྡོ་རྗེ་ཡེ་ཤེས་རྒྱ་ཡུལ་བྱོན། །རྒྱུད་གཞུང་བསྒྱུར་ཞིང་དབང་ལུང་མན་ངག་གནང་། །དེ་རྗེས་ཨ་མོ་གྷ་

དང་ཡེ་ཤེས་འོད། །སྔགས་བསྟན་རིམ་པར་འཛིན་པ་ཐང་དུས་ཡིན། །སུང་གི་དུས་སུ་མཁན་ཆེན་སྦྱིན་སྲུང་དང་། །ཆོས་བཟང་ལ་སོགས་འཕགས་ཡུལ་པཎ་གྲུབ་འགའ། །ཕེབས་ཏེ་རྡོ་རྗེ་ཐེག་པའི་སྲོག་འཐུད་ཀྱང་། །ཡུལ་ལུགས་བཙན་ཞིང་བཀས་བཅད་དམ་དྲགས་པས། །ད་ལྟ་དབང་རྒྱུན་ནུབ་པར་བཤད་པ་བདེན། །ལྷག་མ་གསུམ་ནི་རྒྱ་ཆེན་སྤྱོད་རྒྱུད་དང་། །ཟབ་མོ་ལྟ་བརྒྱུད་སྙིང་པོ་དོན་བརྒྱུད་དེ། །དང་པོ་རྒྱལ་ཚབ་མེ་ཕམ་མགོན་པོ་ནས། །ཐོགས་མེད་སྐུ་མཆེད་དྷརྨ་རཀྵི་ཏ། །སློབ་དཔོན་དགའ་བོ་སློབ་དཔོན་འདུལ་བ་བཟང་། །འདི་ལ་རྒྱ་ནག་ཐང་ཟན་ཙང་གིས་ཞུས། །ཕྱིར་བྱོན་དགོངས་པ་ངེས་འགྲེལ་ལངྒར་གཤེགས། །བྱམས་ཆོས་ལྔ་སོགས་སེམས་ཙམ་གཞུང་ལུགས་ཀྱི། །བཀའ་བསྟན་རྩ་འགྲེལ་འཆད་རྩོད་རྩོམ་པ་ཡིས། །རྒྱ་ཆེར་སྤེལ་ཞིང་ལྟ་བསྒོམ་རིམ་པ་གསུམ། །རིམ་ལྔའི་སྲོལ་འཛུགས་ཚི་ཨེན་ལུགས་སུ་གྲགས། །མཆེད་པའི་བརྒྱུད་གཅིག་མིང་ལ་ཏེའུ་ཤིའ་རྒྱུན། །གཉིས་པ་འཇམ་དབྱངས་འཕགས་པ་ཀླུ་སྒྲུབ་ནས། །ཟླ་བ་གྲགས་པ་སློབ་དཔོན་ལེགས་ལྡན་འབྱེད། །པྲཛྙཱ་རསྨི་རྒྱ་ནག་ཡེ་ཤེས་དཔལ། འདི་ལ་ཀླུ་སྒྲུབ་ཉེ་བརྒྱུད་ཡོད་པའང་སྣང་། །དེ་ཡིས་སློབ་དཔོན་ཡེ་ཤེས་བློ་གྲོས་ལ། །དེ་ནས་ཊི་ཅེ་དཱ་ཤཱིའ་ལ་བརྒྱུད་པར། །ཐིའན་ཐའི་ལུགས་ཟེར་སངས་རྒྱས་ཕལ་ཆེན་དང་། །ཤེར་སྐོར་པད་དཀར་

༄༅། །གཙོ་བྱས་རྒྱལ་བ་ཡི། །བཀའ་རྣམས་དུས་ཚིགས་ལྔས་ཕྱེ་ཁོག་འབུབས་སྟེ། །རྩ་ཤེས་ལ་སོགས་དབུ་གཞུང་འཆད་རྩོམ་གྱིས། །སྤེལ་ཞིང་འཇུག་སྒོ་བརྒྱད་ཀྱི་སྲོལ་བཟང་འཛུགས། །བརྒྱུད་ཚུལ་སྣ་གཅིག་ཥིའན་ཤེའུ་བརྒྱུད་པ་ཟེར། །འདིར་བྱུང་སློབ་དཔོན་ཆིང་ལིའོང་ཀྭ་ཤིའ་ཞེས། །དོན་ལ་གནས་པའི་འཇམ་དབྱངས་སྤྲུལ་དངོས་སུ། །ཡོངས་གྲགས་ལྔ་རིགས་མཁྱེན་པའི་དབང་པོ་དེས། །འཇུག་སྒོ་སྐྱེས་བུ་འབྲིང་དང་ཐུན་མོངས་ལམ། །ཐེག་པ་ཆེ་ལ་སྔོན་འགྲོ་དངོས་གཞི་གཉིས། །དེ་བཞིན་གཅིག་ཅར་འཇུག་དང་ཐོད་རྒལ་གྱི། །ལམ་གྱི་རིམ་པ་ལྔ་ཡིས་འཁྲིད་ཚུལ་མཛད། །གསུམ་པ་སྙིང་པོ་དོན་གྱི་བརྒྱུད་པ་ནི། །ཚིག་དང་ཡི་གེའི་ཡུལ་མིན་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་དགོངས་པའི་མཐར་ཐུག་པ། །དོན་གྱི་སྙིང་པོའི་བླ་བརྒྱུད་གཏད་རབས་བདུན། །དེ་ནས་བི་བྷ་གལ་ནས་སེང་གེའི་བོར། །བུ་སྟོན་ཆོས་འབྱུང་ནང་གསལ་སོར་བཞག་ནས། །བྷ་བྱ་སིདྡྷ་བི་ཤྭོ་མི་ཏྲ་དང་། །པྲཛྙཱ་དྷ་ར་དྷརྨོ་དྷ་ར་ལ། །གཅིག་ནས་གཅིག་བརྒྱུད་རྒྱ་གར་བསྟན་རབས་བདུན། །དྷརྨོ་དྷ་རས་རྒྱ་ནག་ཡུལ་འདིར་ཕེབས། །ལོ་རྒྱུས་རགས་ཙམ་ཐང་ཡིག་སྡེ་ལྔར་བདོག །མང་ཞིག་སློབ་དཔོན་འདི་དང་ཕ་དམ་པ། །གཅིག་པར་འདོད་པ་མ་དག་རྒྱུན་འབྱམས་ཡིན། །དེ་ནས་ཧུའི་ཁེ་ནས་གཟུང་ལཱུ་ཙུའི་བར། །མི་རབས་ལྔ་ལ་རྒྱལ་ཤུལ་ཚབ་འཇགས་རང་། །ལཱུ་ཙུས་གང་ཟག་མང་པོར་གནང་ཟེར་ཡང་། །

གདུང་འཚོབ་བཀའ་བབས་ཡལ་ག་ལྔ་རུ་གྱེས། །ལིན་གྱི་བརྒྱུད་དང་དེ་བཞིན་ཚོོ་དུང་བརྒྱུད། །ཡུན་ཡེན་ཅེས་དང་ཝེའི་ཡང་ཟེར་བ་དང་། ཧྥ་ཡན་མིང་ཅན་བརྒྱུད་པ་རྣམ་ལྔ་ལ། །སོ་སོར་བརྗོད་ཚུལ་འདྲ་མིན་གབ་པའི་ཚིག །ཡོད་མོད་བྱེ་མདོ་དབུ་སེམས་ཟེར་བ་ལྟར། །མ་ཡིན་དོན་གཅིག་གྲུབ་མཐའ་གཅིག་ཏུ་ཟད། །དེང་དུས་སྒྲུབ་བརྒྱུད་ལིན་གྱི་ཚོ་དུང་གཉིས། །མ་གཏོགས་ཕྱི་མ་གསུམ་ཀ་བཞུགས་མི་མངོན། །ཐང་གི་རྒྱལ་སྲིད་གུང་ཡོལ་སྐབས་ཙམ་ནས། །རྒྱལ་བའི་བསྟན་པ་སྤྱི་ལ་ཐུན་མོངས་དུ། །འདུལ་བ་ལྱུའི་མེན་བཤད་བརྒྱུད་ཀི་ཡོའུ་མེན་དང་། །སྒྲུབ་བརྒྱུད་ཙུང་མེན་འདོད་སྦྱར་སྒོ་གསུམ་གྲགས། །བློ་དམན་ཀུན་ལ་ཞིབ་པར་འབྱོངས་ལྕོགས་དཀའ། །ལེགས་པར་མི་རྟོགས་རྒྱུད་ལ་ཕན་ཐོགས་ཆུང་། །ལུགས་བཟང་འཆོལ་པོར་འགྲོ་དོགས་སོགས་ལ་དགོངས། །ཚུལ་འདི་མཁས་པ་འབྲི་ཁུང་དཔལ་འཛིན་གྱིས། །བཀའ་བརྒྱུད་པ་རྣམས་བསྒོམ་པ་གཙོ་བོར་སྟོན། །ས་སྐྱ་པ་རྣམས་བཤད་པ་གཙོ་བོར་སྟོན། །བཀའ་གདམས་པ་རྣམས་སྤྱོད་པ་གཙོ་བོར་སྟོན། །ཞེས་གསུངས་པ་དང་དབྱིབས་མཚུངས་འདྲ་མོད་ཀྱང་། །གྲུབ་མཐའ་སོ་སོའི་ཐ་སྙད་བྱས་པ་མིན། །གང་ཟག་གཅིག་དང་དགོན་སྡེ་གཅིག་བུ་ལ། །གསུམ་ཀར་གཉིས་དཀར་སྤྱོད་པ་མི་ཉུང་ཙམ། །དེ་བཞིན་འཁྲིད་ཚུལ་ཉམས་ལེན་སྣ་ཚོགས་ཀྱི། །ལམ་ཐོག་མགྲོན་ཆོས་གྲུབ་མཐའི་མིང་འདོགས་

༄༅། །མེད། །ཞག་ས་གནས་མལ་བསམ་འདས་མཐའ་བྲལ་དབྱིངས། །བརྗོད་དུ་ཐེག་པ་གཅིག་གི་འབྲས་བུར་གནས། །ཆེན་པོ་ཧོར་གྱི་སེ་ཆེན་རྒྱལ་པོ་ཡིས། །རྒྱ་གར་དྲི་མེད་དཔལ་སོགས་པཎྜི་ཏ། །འགའ་དང་འགྲོ་མགོན་འཕགས་པ་ཁུ་དབོན་གྱིས། །དབུས་པའི་བོད་བླ་དགེ་ལེགས(ཁིང་ཀི་བྱ)དཔལ་ལ་སོགས། །ཙི་ནའི་མཁས་མང་ལ་བཅོལ་ཞུས་དག་མཛད། །ཆོས་ལུགས་གཅིག་ཏུ་ཞལ་འཆམ་རྒྱལ་པོ་དགྱེས། །བོད་བླ་རྒྱ་བླའི་བཟང་ཟེར་སོ་སོ་ལ། །མཚན་རྟགས་ལུང་ལས་གནང་ཞིང་བཀུར་གཟོ་བྱས། །ཙན་དན་ཇོ་བོ་བཀའ་བསྟན་རིང་བསྲེལ་གྱིས། །མཆོད་རྟེན་བྱིན་གནས་དགོན་སྡེ་བཅས་མང་བཞུགས། །འཕགས་བོད་མཁས་དང་གྲུབ་བརྙེས་རྟོགས་བརྗོད་དང་། །འདྲ་བའི་རྣམ་ཐར་མངའ་བའི་བླ་མང་བྱོན། །སྲིད་ཆོས་གཙོ་ཆེ་བསྟན་པ་གཞན་ཡོད་དང་། །རབ་ཏུ་བྱུང་བས་ཐུན་མོངས་རིག་གནས་ལ། །མི་སློབ་སྲོལ་གྱིས་གདུལ་བྱའི་འབྲེལ་བ་སྲབ། །ཆ་ལུགས་མི་འགྲོབ་ལ་སོགས་དུ་མ་ཡི། །སྒོ་ནས་རྒྱ་བན་མངོན་མཚན་མི་ཆེ་ལགས། །ཇི་སྐད་མགོ་མཐོང་ཙམ་གྱིས་ལུས་ངོ་ཤེས། །ཆུ་སྲིན་འཇུག་མར་པ་ཊ་ཡོང་ཟེར་ལྟར། །སྡོམ་ཚིག་འདི་འདྲས་དཔག་པའི་ཚད་མ་ཡིས། །གཞལ་ཅིང་དཔྱད་པའི་དགོས་པའང་ཡོད་དམ་སྙམ། །ཞེས་སོ། །
