རྒྱ་ནག་ཆོས་འབྱུང་།
ཐེག་ཆེན་གྱི་མངོན་པའི་སྐོར།
(ཐེག་ཆེན་གྱི་མངོན་པའི་སྐོར།)
༈ རྩ་བའི་ས་བཅད་གསུམ་པ་མངོན་པ་ལ། ཐེག་པ་གོང་འོག་གིས་དབྱེ་བའི་གཉིས་ལས་སྔ་མ་ནི། (དེ་ཡང་མ་མོ་ངོས་འཛིན་ལུགས་ནི། མདོ་སྡེ་པ་ལ་སོགས་པའི་འདོད་པ་དང་མཐུན་པར། མདོ་སྡེ་འདུལ་བ་གཉིས་ཀའི་སྤྱི་ཁྱབ་བམ། གསེབ་ཚངས་ནས་བསྟན་པར་འདོད་ཅིང་། མངོན་པ་སྡེ་བདུན་ནི་བཀའི་དགོངས་འགྲེལ་ཡིན་པས་བསྟན་བཅོས་སུ་འདོད་ལ། དེ་དང་རྣམ་པ་མཐུན་པར་དགོངས་འགྲེལ་གྱི་བསྟན་བཅོས་ཐམས་ཅད་ལ་མངོན་པར་བསྡུས་པའི་ཐ་སྙད་བཏགས་སོ།།)ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེར་འགྲེལ་པ་བམ་པོ་བརྒྱ་པ་མགོན་པོ་ཀླུ་སྒྲུབ་གྱིས་མཛད་པ་རིགས་འཛིན་ཀུ་མཱ་ར་ཤྲཱིས་འགྱུར། (བོད་མ་མེད་ཅིང་ཅུད་ཟད་དཔྱད་བྱར་འདུག་གསུངས།)
དབྱིག་གཉེན་གྱི་མཛད་པའི་ས་བཅུ་པའི་འགྲེལ་པ་བོ་དྷི་རུ་ཙིས་འགྱུར། བྱམས་པས་དྲིས་པའི་འགྲེལ་པ་དཀོན་བརྩེགས་ཀྱི་སྤྱི་འགྲེལ་བམ་བཞི་པ། (མཛད་བྱང་མི་གསལ།) གཉིས་སློབ་དཔོན་བཤད་མ་ཐག་པས་འགྱུར། དབྱིག་གཉེན་གྱིས་མཛད་པའི་གཙུག་རིན་གྱི་ཞུས་པའི་འགྲེལ་པ་དྲང་སྲོང་བི་མུ་ཏྲིས་འགྱུར། སློབ་དཔོན་བཤེས་འོད་ཀྱིས་མཛད་པའི་སངས་རྒྱས་ཀྱི་སའི་འགྲེལ་པ་བམ་བདུན་ཥུའན་ཊུའང་ཧྥཱ་ཤིའས་འགྱུར། ཐོགས་མེད་ཀྱིས་མཛད་པའི་རྡོར་གཅོད་ཀྱི་འགྲེལ་པ་གཉིས་བམ་དོ་རེ་གཅིག་དྷརྨ་ཀ་རུ་དང་གཅིག་ཨ་མོ་གྷས་འགྱུར། དབྱིག་གཉེན་གྱིས་མཛད་པའི་རྡོར་གཅོད་ཀྱི་ཊིཀྐ་དང་ཡང་ཊིཀ་བམ་གསུམ་རེ། དཔལ་སྦྱིན་གྱིས་མཛད་པའི་རྡོ་རྗེ་གཅོད་པའི་འགྲེལ་པ་བམ་དོ་དེ་ཝ་ཀ་རས་འགྱུར། དབྱིག་གཉེན་གྱིས་མཛད་པའི་ག་ཡ་མགོ་རིའི་ཊིཀྐ་བམ་ཟུང་བོ་དྷི་རུ་ཙིས་འགྱུར། དེས་མཛད་པའི་དམ་ཆོས་པད་དཀར་གྱི་འགྲེལ་པ་རཏྣ་མ་ཏིས་འགྱུར། ཡང་མཛད་བྱང་མི་གསལ་བ་གཅིག །ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་འགྲེལ་པ་མཛད་བྱང་མི་གསལ་བ། (གོང་གསལ་གསུམ་བོད་མ་ཡོད་གསུངས།) དབྱིག་གཉེན་གྱིས་མཛད་པའི་མྱང་འདས་ཀྱི་འགྲེལ་པ་དྷརྨ་བོ་དྷིས་འགྱུར། ཡང་མྱང་འདས་ཆེ་ཆུང་གི་འགྲེལ་པ་གཉིས་མཛད་བྱང་མི་གསལ། དབྱིག་གཉེན་གྱིས་མཛད་པའི་ཚེ་མདོའི་ཊིཀྐ་བོ་དྷི་རུ་ཙིས་འགྱུར། དེས་མཛད་པའི་རྫོགས་པ་གསུམ་གྱི་མདོའི་འགྲེལ་པ། (གོང་གསལ་

༄༅། །གཉིས་བོད་མ་ཡོད་གསུངས།) དེས་མཛད་པའི་ཆོས་འཁོར་མདོའི་འགྲེལ་པ། དྲང་སྲོང་བི་མུ་ཏྲིས་འགྱུར། (གོང་གསལ་རྣམས་བཀའ་ལ་འགྲེལ་པ་བཏབ་པའི་བསྟན་བཅོས་སྟེ། ད་ནི་བཀའ་ཡི་དོན་རང་རྒྱུད་དུ་བརྩམས་པའི་བསྟན་ཆོས་ཀྱི་སྐོར་ལ།) བྱམས་ཆོས་ས་སྡེ་ལྔ་བམ་པོ་བརྒྱ་པ་ཥུའན་ཊུའང་ཧྥཱ་ཤཱེའི་འགྱུར། (འདི་སློབ་དཔོན་དོན་དམ་པའི་འགྱུར་བ་བམ་པོ་ལྔ་དང་། དྷརྨ་དྷ་ནས་འགྱུར་པའི་བམ་པོ་བཅུ་པ་གཉིས་ཡོད་ཀྱང་བམ་པོ་བརྒྱ་པ་འདི་ཚང་གསུངས།) བསྟན་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བའི་བསྟན་ཆོས་སློབ་དཔོན་ཐོགས་མེད་ཀྱི་མཛད་པ་བམ་པོ་ཉི་ཤུ་པ་ཥུའན་ཊུའང་ཧྥཱ་ཤེའི་འགྱུར། (བོད་མ་ཡོད་གསུངས།) སྡེ་ལྔའི་ཊིཀྐ་མདོར་བསྡུས་སློབ་དཔོན་རྣམ་པར་རྒྱལ་བའི་སྡེས་མཛད་པ་ལོ་ཆེན་བཤད་མ་ཐག་པས་འགྱུར། ཐོགས་མེད་ཀྱིས་མཛད་པའི་བསྟན་པའི་དོན་གསལ་ཚིག་ལེའུར་བྱས་པ་འགྱུར་གོང་འདྲ། མགོན་པོ་བྱམས་པས་གསུངས་པའི་ངེས་དོན་བསྟན་པ་འགྱུར་གོང་འདྲ། ཐེག་པ་ཆེན་པོའི་མངོན་པ་ཐོགས་མེད་ཀྱིས་མཛད་པ་བམ་བདུན་འགྱུར་གོང་འདྲ། ཡང་སློབ་དཔོན་བདེ་བའི་བློ་གྲོས་ཀྱིས་མཛད་པ་བམ་པོ་བཅུ་དྲུག་པ་འགྱུར་གོང་འདྲ། (གོང་གསལ་ལྔ་ཀའི་བོད་མ་མེད་གསུངས།) རྩ་ཤེས་ཀྱི་འགྲེལ་པ་དབུ་མ་ལ་འཇུག་པ་སློབ་དཔོན་ཐོན་མཐིང་མིག་གིས་མཛད་པ་བམ་བཞི་ཀུ་མཱ་རས་འགྱུར། འགྲེལ་པ་ཤེས་རབ་སྒྲོན་མེ་ལེགས་ལྡན་འབྱེད་ཀྱིས་མཛད་པ་པྲ་བྷ་མི་ཏྲས་འགྱུར། སྒོ་བཅུ་གཉིས་པ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ་ཀུ་མཱ་རས་འགྱུར། སྟོང་ཉིད་བཅོ་བརྒྱད་པ་མཛད་བྱང་མི་གསལ།

འཕགས་པ་ལྷས་མཛད་པའི་དབུ་མ་ཡི་གེ་བརྒྱ་པའི་རྩ་འགྲེལ་བམ་དོ་ཀུ་མཱ་རས་འགྱུར། དེས་མཛད་པའི་རང་འགྲེལ་རྒྱུས་པ་ཥུའན་ཊིའང་ཧྥུ་ཤིའི་འགྱུར། (གོང་གསལ་བཞི་ཀའི་བོད་མ་མེད་གསུངས།) ཡང་དེའི་རྒྱ་ཆེར་འགྲེལ་པ་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ་བམ་པོ་བཅུ་པ་ཥུའན་ཊུའང་གིས་འགྱུར། ཀླུ་སྒྲུབ་ཀྱིས་མཛད་པའི་ས་བཅུ་པའི་འགྲེལ་པ་བམ་བཞི་ཀུ་མཱ་རའི་འགྱུར། (གཉིས་བོད་མ་མེད་གསུངས།)ཚོགས་གཉིས་བསྟན་པ་བམ་དྲུག་ཀླུ་སྒྲུབ་ཀྱིས་མཛད་པ་དྷརྨ་ཀེ་ཏུས་འགྱུར། བྱམས་པའི་མན་ངག་ཐོགས་མེད་ཀྱིས་ཟིན་བྲིས་སུ་མཛད་པའི་ཐེག་པ་ཆེན་པོའི་རྒྱན་ཞེས་བྱ་བ་རང་འགྲེལ་དང་བཅས་པ་བམ་པོ་བཅུ་གསུམ་མ་པྲ་བྷཱ་ཀ་ར་མི་ཏྲའི་འགྱུར། ཡང་རྟ་དབྱངས་ཀྱིས་མཛད་པའི་འགྲེལ་པ་བམ་པོ་བཅོ་ལྔ་པ་ཀུ་མཱ་རས་འགྱུར། (གོང་གསལ་གསུམ་བོད་མ་ཡོད་གསུངས།) ཐོགས་མེད་ཀྱི་མཛད་པའི་དབུ་མ་དང་རྗེས་སུ་མཐུན་པ་བམ་དོ་པྲ་ཛྙཱ་རུ་ཙིས་འགྱུར། (བོད་མ་མེད་གསུངས།) ཐེག་པ་ཆེན་པོའི་དོན་བསྡུས་པ་བམ་གསུམ་སློབ་དཔོན་བཤད་མ་ཐག་པས་མཛད་པ་པཎྜི་ཏ་དོན་དམ་པ་བས་འགྱུར། ཡང་རྒྱས་བསྡུས་གཉིས་སློབ་དཔོན་གོང་གསལ་གྱིས་མཛད་པ། དེའི་རྒྱ་ཆེར་འགྲེལ་པ་རྣམ་པ་བཞི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། དེ་གཤེགས་སྙིང་པོའི་རྣམ་བཤད། གཏན་ལ་ཕབ་པའི་ཊིཀྐ་མཛད་བྱང་མེད། དབུས་མཐའ་རྣམ་འབྱེད་ཚིགས་ལེའུར་བྱས་པ། དེའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་འདྲ་མིན་གཉིས།

༄༅། །མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བསྟན་པ་མཛད་བྱང་མེད། དབྱིག་གཉེན་གྱིས་མཛད་པའི་བྱ་བ་གྲུབ་པའི་གཏན་ཚིགས་གཉིས། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་སྒོ་གཉིས། ཚད་མ་ལ་འཇུག་པ་ཞེས་བྱ་སློབ་དཔོན་ཤང་ཀ་རས་མཛད། (གོང་གསལ་གསུམ་གྱི་བོད་མ་ཡོད་གསུངས།) སེམས་མངོན་གསལ་གྱི་ཚུལ་དང་སེམས་གནས་འགྱུར་གྱི་ཚུལ་གཉིས་མཛད་བྱང་མི་གསལ། བོད་མ་མེད་གསུངས། དབྱིག་གཉིན་གྱིས་མཛད་པའི་སེམས་ཙམ་ཉི་ཤུ་པ་གསུམ། སེམས་ཙམ་སུམ་བཅུ་པ། སེམས་ཙམ་དུ་བསྟན་པ་རིན་པོ་ཆེའི་འབྱུང་གནས་བམ་ལྔ་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ་ཨཱི་ཀྱིང་གིས་འགྱུར། བོད་མ་མེད་གསུངས། སེམས་ཙམ་དུ་གྲུབ་པ་བམ་པོ་བཅུ་པ། སྐྱེས་བུ་ཆེན་པོའི་བཤད་པ་དེ་ཝ་ཀ་རས་མཛད་པ། (གོང་གསལ་གཉིས་བོད་མ་ཡོད་གསུངས།) ཐེག་ཆེན་ལ་འཇུག་པ་བམ་བཞི་བློ་གྲོས་བརྟན་པས་མཛད་པ་ཧྭ་ཤང་དཱའུ་ཐའི་གིས་འགྱུར། ཐེག་ཆེན་ལག་མཐིལ་ནོར་བུ་བམ་དོ་དྲི་མེད་བློ་གྲོས་ཀྱིས་མཛད་པ་ཥུའན་ཊུའང་གིས་འགྱུར། ཕུང་པོ་ལྔའི་རབ་བྱེད་མཛད་བྱང་མི་གསལ། (བོད་མ་ཡོད་གསུངས།) ཡང་ཕུང་པོའི་རབ་བྱེད་བདེ་བ་སྦྱིན་གྱིས་མཛད་པ། རིན་པོ་ཆེ་སྤྱོད་པའི་རྒྱལ་པོ། རྟ་དབྱངས་ཀྱིས་མཛད་པའི་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པ་གཉིས། (གོང་གསལ་བཞི་བོད་མ་མེད་གསུངས།) བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིམ་པ། འཁོར་གསུམ་

མི་དམིགས་པ་བསྟན་པ། ཐབས་ལ་མཁས་པའི་སེམས་བསྟན་པ། དོན་དམ་བདེན་པ་མི་འགྱུར་བ་བསྟན་པ། སླད་པ་མི་མངའ་བ་བསྟན་པ། རྟེན་འབྲེལ་བསྒོམ་པ། (གོང་གསལ་དྲུག་ཀ་བོད་མ་མེད་གསུངས།) ཡང་རྟེན་འབྲེལ་བསྒོམ་པ་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ་ཨཱི་ཀྱིང་གིས་འགྱུར། (བོད་མ་ཡོད་གསུངས།) རྩོད་པ་བཟློག་པ་ཀླུ་སྒྲུབ་ཀྱིས་མཛད་པ་དྲང་སྲོང་བི་མུ་ཏྲིས་འགྱུར། རྒྱུ་རྐྱེན་རྟེན་ཅིང་འབྲེལ་བ་བསྟན་པ་འཕགས་པ་ཡུ་རམ་ཀས་མཛད་པ། རྟེན་འབྲེལ་བཅུ་གཉིས་ཀྱི་འབྱུང་ཚུལ་དྲི་མེད་བློ་གྲོས་ཀྱིས་མཛད་པ་བོ་བྷི་རུ་ཙིས་འགྱུར། (འདི་བོད་མ་ཡོད་གསུངས།) བསྟན་ཆོས་ཨི་ཤུ་རུ་ཀ། ཉེར་ལེན་གྱི་རྒྱུའི་ཀུན་རྫོབ་བསྟན་པ། བསྒོམ་པའི་མཚན་ཉིད་ཚིགས་ལེའུར་བྱས་པ། ཞི་ལྷག་ཟུང་འབྲེལ་གྱི་འཇུག་སྒོ་ཚིགས་སུ་བཅད་པ། ཤཱཀྱ་གྲགས་ཀྱིས་མཛད་པའི་ཕྱག་འཁར་གྱི་བསྟན་ཆོས། སྒོ་དྲུག་གི་སྒོ་ནས་སློབ་སྦྱོང་བརྟན་པའི་རིམ་པ། ཆོས་ཀྱི་དབྱིངས་དབྱེར་མི་ཕྱེད་པ་བློ་གྲོས་བརྟན་པས་མཛད་པ། ཡང་མཛད་བྱང་མེད་པ་གཅིག །འཕགས་པ་ལྷས་མཛད་པའི་ཆོས་ཀྱི་སྒོ་བརྒྱ་པ། དེས་མཛད་པའི་ཡི་གེ་བརྒྱ་པའི་རྩ་བ། བྱང་ཆུབ་སེམས་དཔའ་ཛི་ནས་མཛད་པའི་ཡོངས་སུ་བསལ་བ་དང་མངོན་སུམ་དུ་རྟོགས་པ་ཞེས་བྱ་བ་གཉིས། (གོང་གསལ་བཞི་བོད་མ་ཡོད་གསུངས།) འཕགས་པ་ལྷས་མཛད་པའི་མུ་སྟེགས་པ་དང་ཐེག་དམན་གྱི་རྒྱུད་བཞི་འགོག་པ་དང་། དེ་དག་གི་མྱང་འདས་སུན་

༄༅། །འབྱིན་པ། (གཉིས་ཀ་བོད་མ་ཡོད་གསུངས།) ཡང་རྟེན་འབྲེལ་གྱི་རྒྱུ་རྐྱེན་གཅིག །རྒྱུད་རྡོ་རྗེ་རྩེ་མོ་ལས་ཕྱུང་བ་སེམས་བསྐྱེད་པའི་ཐབས། ཕྱོགས་གླང་གིས་མཛད་པའི་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྫོགས་པར་བསྡུས་པ་སྦྱིན་སྲུང་གིས་འགྱུར། དེ་ལས་རྒྱུས་པ་བམ་བཞི་མ་འཕགས་པ་རིན་ཆེན་གསུམ་འཛིན་གྱིས་མཛད་པ། (གཉིས་ཀ་བོད་མ་མེད་གསུངས།) ཀ་མ་ལ་ཤཱི་ལས་མཛད་པའི་བྱང་ཆུབ་སེམས་འགྲེལ་བམ་བཞི་སློབ་དཔོན་བཤད་མ་ཐག་པའི་འགྱུར། བྱང་ཆུབ་ཀྱི་སེམས་འཛིན་པ་དང་བྲལ་བ་ཞེས་བྱ་བ་ཀླུ་སྒྲུབ་གྱིས་མཛད་པ་འགྱུར་གོང་འདྲ། དེས་མཛད་པའི་ཐེག་ཆེན་ཉི་ཤུ་པ་འགྱུར་གོང་འདྲ། (བཞི་ཀ་བོད་མ་ཡོད་གསུངས།) སློབ་དཔོན་ཞི་བ་བཟང་པོས་མཛད་པའི་དམ་པའི་ཆོས་ཐམས་ཅད་ཀྱི་དོན་བསྡུས་པ་བམ་དོ་འགྱུར་འདྲ། ཐེག་པ་ཆེན་པོའི་དོན་བསྡུས་པ་བམ་ཟུང་སློབ་དཔོན་སངས་རྒྱས་དཔལ་གྱིས་མཛད་པ་འགྱུར་གོང་འདྲ། ཀླུ་སྒྲུབ་གྱིས་མཛད་པའི་ཡོད་མཐའ་སེལ་བ་འགྱུར་འདྲ། གྲུབ་མཐའ་ཐམས་ཅད་ཀྱི་མིང་དོན་གཏན་ལ་ཕབས་པ་ཞེས་བྱ་བ་བྱམས་པས་མཛད་པ་འགྱུར་འདྲ། རྡོ་རྗེ་མྱུང་བུ་ཞེས་བྱ་བའི་བསྟན་ཆོས་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པ་དྷརྨ་དེ་བས་འགྱུར། (འདི་གཏན་ཚིགས་རྡོ་རྗེ་ཟེགས་མའམ་རྡོ་རྗེ་ཚེར་མ་ཡིན་མིན་བརྟག །གོང་གསལ་ལྔ་བོད་མ་མེད་གསུངས།) ཡང་ཐེག་པ་ཆེན་པོའི་དོན་བསྡུས་བམ་པོ་བཅུ་པ་མཛད་བྱང་མི་

གསལ་བ་དྷརྨ་རཀྵི་ཏས་འགྱུར། དབུ་མའི་ལྟ་བའི་རིམ་པ་བམ་པོ་བཅོ་བརྒྱད་པ་བདེ་བ་སྦྱིན་གྱིས་མཛད་པ་འགྱུར་འདྲ། སློབ་དཔོན་ཆོས་ཀྱིས་གྲགས་པས་མཛད་པའི་བྱང་ཆུབ་ཀྱི་སེམས་ལ་སློབ་པའི་ཚུལ་རྒྱ་ཆེར་བཤད་པ་བམ་པོ་ཉེར་ལྔ་པ་ལོ་ཙྭ་བ་ཉི་གྲགས་ཀྱིས་འགྱུར། (འདི་ཐེག་ཆེན་པ་རྣམས་ལ་ཉེ་བར་མཁོ་བ་ཐུན་མོང་མིན་པ་ཞིག་ཏུ་སྣང་།) དཔའ་བོས་མཛད་པའི་སྐྱེས་རབས་ཕྲེང་བའི་རྣམ་བཤད་དེ་བ་ས་མས་མཛད་པ་བམ་པོ་བཅུ་དྲུག་པ་ལོ་ཙྭ་བ་ཞོའུ་ཏེ་སོགས་ཀྱིས་འགྱུར། གྲུབ་མཐའ་གོང་མའི་གཞིའི་དོན་བཤད་པ་བམ་བརྒྱད་མ་རྟ་དབྱངས་ཀྱིས་མཛད་པ་སློབ་དཔོན་དོན་དམ་པ་བས་འགྱུར། ཐེག་ཆེན་སྤྱི་འགྲེལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་བམ་བཅུ་མ་པཎྜི་ཏ་ཧྥ་ཐི་མ་ཏོས་འགྱུར། (གོང་གསལ་དྲུག་གི་སྔ་མ་ལྔ་བོད་མར་མེད་ཅིང་། ཕྱི་མ་གཅིག་བུ་ཡོད་པར་གྲགས་ཀྱང་དཔེ་མ་མཐོང་གསུངས།) རྣམས་བཞུགས། །
