རྟ་ནག་ཆོས་འབྱུང་།

གཉིས་པ། ཁྱད་པར་བསྐལ་པ་བཟང་པོའི་སངས་རྒྱས་འབྱོན་ཚུལ།

上一章
下一章

(གཉིས་པ། ཁྱད་པར་བསྐལ་པ་བཟང་པོའི་སངས་རྒྱས་འབྱོན་ཚུལ།)

གཉིས་པ་བསྐལ་པ་བཟང་པོའི་སངས་རྒྱས་འབྱོན་ཚུལ་ནི། སྙིང་རྗེ་པདྨ་དཀར་པོ་ལས། སངས་རྒྱས་སྟོང་དང་ལྔ་འབྱོན་པར་བཤད་ཅིང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་སངས་རྒྱས་སྟོང་འབྱོན་པར་བཤད་ཀྱང་། འགྲོ་བའི་མགོན་པོ་འཕགས་པའི་གསུང་རབ་འགའ་ལས། གཉིས་ཀྱི་ལྷག་པའི་སྐྱོབ་པ་སྟོང་། །ཞེས་བཤད་པས་ན་རྫུས་སྐྱེས་མཆེད་གཉིས་དང་བཅས་ན་སངས་རྒྱས་སྟོང་རྩ་གཉིས་འབྱོན་པ་ལ་ཡང་འགལ་བ་མེད། ཀུན་མཁྱེན་བུ་སྟོན་ཆེན་པོས་སྟོང་རྩ་གཉིས་ཞེས་པ་བླུན་པོའི་ཁ་སྐད་ཡིན་གསུང་རབ་ལས་བཤད་ཚོད་མེད་ཅེས་གསུངས་ཀྱང་སངས་རྒྱས་སྟོང་རྫུས་སྐྱེས་མཆེད་གཉིས་དང་བཅས་པ་བཤད་ཅིང་། རྫུས་སྐྱེས་མཆེད་གཉིས་པོ་དེ་ཡང་སངས་རྒྱས་ལས་གཞན་མ་ཡིན་པས་མི་འགལ་བར་སེམས་སོ། །བསྐལ་པ་བཟང་པོ་ཞེས་བརྗོད་པའི་རྒྱུ་མཚན་ནི། སྔོན་བསྐལ་པ་འདི་ཆུས་ཞིག་པའི་ཚེ་ན་རྒྱ་མཚོ་ནས་གསེར་གྱི་པདྨ་སྟོང་བྱུང་བ་ལ་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་སྔ་ལྟས་སུ་གོ་སྟེ། ཨེ་མ་བསྐལ་པ་འདི་ནི་བཟང་པོའོ། །ཞེས་བརྗོད་པས་བསྐལ་པ་བཟང་པོར་གྲགས་ཞེས་སྙིང་རྗེ་པད་དཀར་ལས་བཤད་ཅིང་། ཡེ་ཤེས་རྒྱས་པའི་མདོ་ལས་བསྐལ་པ་པདྨ་སྟོང་ཞེས་ཀྱང་བཤད་དོ། །