རྟ་ནག་ཆོས་འབྱུང་།

༢. བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ།

上一章
下一章

(༢. བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ།)

གཉིས་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་ལ་མདོ་ཕལ་ཆེར་ལས་བསྐལ་པ་གྲངས་མེད་གསུམ་དང་། རྒྱ་ཆེར་རོལ་པ་ལས་གྲངས་མེད་བདུན་དང་། སྡེ་པ་ཐ་དད་ཀླག་པའི་འཁོར་ལོ་ལས་གྲངས་མེད་བཅུ་དང་། བརྒྱད་སྟོང་འགྲེལ་ཆེན་ལས་གྲངས་མེད་སུམ་ཅུ་རྩ་གསུམ་བཤད་པ་སོགས་དུ་མ་འབྱུང་ཡང་གྲངས་མེད་གསུམ་དུ་འདུས་པ་ཡིན་ཏེ། མགོན་པོ་བྱམས་པས། ས་ནི་དང་པོ་ཡིན་པར་འདོ། །འདི་དེ་བསྐལ་པ་དཔག་མེད་ཀྱི། །ཞེས་དང་། གྲངས་མེད་གཉིས་ནི་རྫོགས་པ་ཡིས། །སྒོམ་པའི་ལམ་ནི་མཐར་ཕྱིན་ཏེ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཐེག་པ་ཆེན་པོའི་ལུགས་ལ་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་ཅན་ཞེས་བྱ་བར་རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་གྲངས་མེད་དང་པོ་རྫོགས་ནས་ས་དང་པོ་ཐོབ། གྲོང་ཁྱེར་ཛམྦཱུ་ཆུ་བོའི་གསེར་དུ་རྒྱལ་པོ་མཛེས་པར་གནང་བའི་ནང་ཆེན་པ་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་པར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བཟུང་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་གྲངས་མེད་གཉིས་པ་རྫོགས་ནས་ས་བདུན་པ་ཐོབ། རྒྱལ་པོ་དགྲ་ཐུབ་ཀྱི་གྲོང་ཁྱེར་པདྨ་ཅན་དུ་བྲམ་ཟེའི་ཁྱེའུ་ཆོས་ཀྱི་སྤྲིན་ཞེས་བྱ་བར་གྱུར་པའི་ཚེ་བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་

9a

༄༅།     །པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་ལ་མེ་ཏོག་ཨུཏྤལ་ལྔ་གཏོར་ཏེ་དགེ་བའི་རྩ་བ་བསྐྲུན་པས་ས་བརྒྱད་པ་ཐོབ་པ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་གྲངས་མེད་གསུམ་པ་རྫོགས་ནས་ས་བཅུ་པ་ཐོབ་པ་ཡིན་ཏེ། མདོ་ལས། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔས། །གཏོར་ཏེ་རལ་པ་གདན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ཏེ། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་དང་། འདུལ་བ་ལུང་ལས། གང་ཚེ་མར་མེ་མཛད་ཀྱི་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་པ་དང་། ཟླ་བ་སྒྲོན་མེའི་མདོ་ལས། སངས་རྒྱས་དག་ནི་བྱེ་བ་ཕྲག་ཁྲིག་དང་། །དེ་བས་ལྷག་པ་གངྒཱའི་བྱེ་མ་སྙེ། །ཀུན་ཀྱང་བྱ་རྒོད་ཕུང་པོ་འདིར་བཞུགས་ཏེ། །མི་དབང་དེ་ཀུན་ང་ཡིས་བཀུར་སྟི་བྱས། །ཞེས་གསུངས་པའི་ཕྱིར།