རྟ་ནག་ཆོས་འབྱུང་།

དང་པོ། སྤྲུལ་པའི་མུ་སྟེགས་པ།

上一章
下一章

(དང་པོ། སྤྲུལ་པའི་མུ་སྟེགས་པ།)

དང་པོ་ནི། སྟོན་པའི་ཆེ་བ་དབྱུང་བའི་ཆེད་དུ་མུ་སྟེགས་པར་སྤྲུལ་པ་སྟེ། བདེན་སྨྲས་ཀྱི་མདོ་ལས། ཡིད་བཞིན་ནོར་དང་མཆིང་བུ་ཕྲད་གྱུར་པ། །བདེན་པའི་ཚུལ་དུ་ནམ་ཡང་འབྱུང་བ་མེད། །ཞིང་མཆོག་གང་ན་དེ་བཞིན་གཤེགས་བཞུགས་པ། །དེར་ནི་མུ་སྟེགས་ཅན་རྣམས་འབྱུང་བ་མེད། །མུ་སྟེགས་ཅན་སྒོ་འདི་ཀུན་བསམ་གཏན་དང་། །མངོན་ཤེས་དབང་བསྒྱུར་ཐབས་མཁས་ཡིན་ཞེས་ཀྱིས། །ཤེས་རབ་ཐབས་ཀྱིས་དཔྱོད་པའི་བློ་ལྡན་རྣམས། །རྣམ་པར་སྤྲུལ་པ་སྣ་ཚོགས་སྟོན་པར་བྱེད། །ཅེས་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། སེང་གེ་ཆེན་པོའི་མདུན་དུ་རི་དྭགས་ཕྲ་མོ་མི་གནས་པ་བཞིན་དུ། དེ་བཞིན་གཤེགས་པའི་མདུན་དུ་མུ་སྟེགས་གནས་པར་མི་ནུས་མོད་ཀྱིས། སེམས་ཅན་སྨིན་པར་བྱེད་པའི་དོན་དུ་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ནི་མ་གཏོགས་སོ། །ཞེས་བསྟན་པ་ལ་དངོས་སུ་འཇུག་ཏུ་མི་རུང་བ་དག་རིམ་གྱིས་ཁྲིད་ནས་བཞུགས་པའི་ཕྱིར་དུ་སངས་རྒྱས་དང་བྱང་སེམས་དབང་ཐོབ་པ་མང་པོས་མུ་སྟེགས་ཀྱི་སྟོན་པར་སྤྲུལ་ནས་ཤེས་བྱའི་གནས་ཚུལ་སྟོན་པར་མཛད་པའི་ཕྱིར་རོ། །དེ་ལྟར་ན་ལུང་ལས། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་ལ་དགེ་སྦྱོང་གི་ཚུལ་དང་འཕགས་པའི་ལམ་མེད་དོ། །ཅེས་དང་། ཀུན་ཏུ་རྒྱུ་ཀླན་ཀ་འཚོལ་བའི་བསམ་པས་འོངས་པ་དེ་དག་ལ་དཀར་པོའི་ཆོས་གཅིག་ཙམ་ཡང་ངས་མ་མཐོང་སྟེ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། སྤྲུལ་པའི་སྟོན་པ་དེའི་འཁོར་མང་པོ་རང་རྒྱུད་པ་ཡིན་པའི་དོན་ཡིན་པའི་ཕྱིར་རོ། །འོ་ན་ལང་

16b

ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་འཕེན་ཡིན། །རྣམ་པར་རྟོག་པ་མི་འཇུག་ན། །དེས་ནི་རང་གི་སེམས་མཐོང་ངོ་། །ཞེས་དང་། མདོ་གཞན་ལས། ཤཱ་རིའི་བུ། དགེ་སློང་འཇིག་རྟེན་རྒྱང་འཕེན་པའི་གཏམ་ལྷུར་ལེན་པ་མུ་སྟེགས་བྱེད་ཀྱི་གསང་ཚིག་སྨྲ་བ་དེ་དག་ནི་འཁོར་གྱི་ནང་དུ་ཆོས་ཀྱི་སྒྲས་དགའ་བར་མི་བྱེད་དེ། དེ་དག་ནི་དགེ་སྦྱོང་རུལ་པའོ། །ཞེས་གསུངས་པའི་དོན་ཇི་ལྟར་ཞེ་ན། དེ་ནི་རང་སྡེ་དངོས་པོར་སྨྲ་བ་རྣམས་ཀྱིས་ཕྱི་ནང་གི་དངོས་པོ་བདེན་གྲུབ་ཏུ་སྨྲ་བ་ལ་ནང་གི་མུ་སྟེགས་བྱེད་ཅེས་དབུ་མ་པས་དམད་པ་སྟེ། རེ་ཞིག་དབུ་མར་ཁ་དྲངས་པར་མི་ནུས་པ་དེ་དག་མུ་སྟེགས་དང་གྲུབ་མཐའ་ཆ་འདྲ་བ་ལ་དགོངས་པའི་ཕྱིར་རོ། །འོ་ན་གཅེར་བུ་གོས་མེད་ལྷུར་ལེན་དགེ་སྦྱོང་ལ། །མུ་སྟེགས་ཅན་གྱི་སློབ་དཔོན་མཁས་པར་སྟོན། །ཞེས་པ་དེ་སྤྲུལ་པའི་མུ་སྟེགས་ཡིན་ནམ་ཞེ་ན། མ་ཡིན་ཏེ། །དེའི་དོན་ནི་སྔོན་དགེ་སྦྱོང་ཞིག་རྐུན་པོས་ནགས་ཁྲོད་དུ་གཅེར་བུར་བཅིངས་སྟེ་བཞག་པ་མུ་སྟེགས་ཞིག་གིས་མཐོང་བ་ན། འདི་ནི་བརྟུལ་ཞུགས་དམ་པའོ། །སྙམ་ནས་ཕྱིན་ཆད་དེའི་བརྟུལ་ཞུགས་བླངས་ནས་གནས་པའི་རྒྱུན་ནམ་རྗེས་འབྲང་ལ་གཅེར་བུ་པར་གྲགས་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །དེས་ན་མུ་སྟེགས་ཀྱི་སྟོན་པ་དྲུག་ཅེས་པ་ནི་སྤྲུལ་པ་ཡིན་གྱིས་རང་རྒྱུད་པ་མིན་པར་ངེས་དགོས་སོ། །