རྟ་ནག་ཆོས་འབྱུང་།

གཉིས་པ། རིག་བྱེད་པ།

上一章
下一章

(གཉིས་པ། རིག་བྱེད་པ།)

གཉིས་པ་རིག་བྱེད་པ་ནི་རིག་པ་ཅན་པ་སྟེ། དེ་ཡང་རིག་བྱེ་ཀྱི་བསྟན་བཅོས་ཉིད་ལ་ཚད་མར་བྱེད་པའི་རིག་བྱེད་པ་དང་། རིག་བྱེད་ཀྱི་བསྟན་བཅོས་འཇིག་རྟེན་ན་འགའ་ཞིག་གི་རྒྱུད་ལ་མི་གསལ་བར་ཡོད་པ་ཚངས་པས་གཞུང་བསྲངས་བས་རིག་བྱེད་ཀྱི་ལས་གསལ་བར་བྱས་པར་འདོད་པས་རྙིང་པ་པ་དང་། རིག་བྱེད་ཀྱི་གསང་ཚིག་རྣམས་འཆད་ཅིང་ཉན་པར་བྱེད་པས་གསང་བའི་མཐའ་སྨྲ་བ་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། ཚངས་པ་རྣམས་ལྷར་བྱེད་པས་དབང་ཕྱུག་པ་དང་། ཁྱབ་འཇུག་པ་དང་། ཚངས་པ་པ་དང་། གཅེར་བུ་པའི་སྟོན་པ་རྒྱལ་བ་ལས་བོགས་འདོན་པས་རྒྱལ་དཔོག་པ་དང་། དྲང་སྲོང་ངན་སྤོང་རྣམ་དཔྱོད་གསལ་བ་ལ་བརྟེན་པའི་གཞུང་འཆད་པར་བྱེད་བས་སྤྱོད་པ་པ་དང་། སྙན་ངག །སྲིད་སྲུང་། མཆོད་སྦྱིན། ངེས་བརྗོད་དེ་རིག་བྱེད་བཞི་པོ་ཐོག་མ་མེད་པ་ནས་བརྟག་པར་ཡོད་པ་

21a

༄༅།       །ཚངས་པས་དྲན་ནས་བརྗོད་པའི་རྒྱུ་མཚན་གྱིས་རིག་བྱེད་བརྟག་པར་འདོད་པས་དྲན་པ་པ་དང་། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་ཙ་ར་ཀ་འབུམ་སྡེ་ལ་བརྟེན་པས་ཙ་ར་ཀ་པ་རྣམས་རྣམ་གྲངས་སོ། །དེའི་གྲུབ་པའི་མཐའ་ནི༑ རིག་བྱེད་བཞི་ཚད་མར་འདོད་དེ། སྙན་ངག་གིས་སྐྱེ་བོ་རྣམས་དགའ་བར་བྱེད་པ་དང་། སྲིད་སྲུང་གིས་རང་གི་སྡེ་རྒྱལ་བར་བྱེད། མཆོད་སྦྱིན་གྱིས་འདི་ཕྱིའི་དོན་སྒྲུབ། ངེས་བརྗོད་ཀྱིས་མཆོག་གི་དངོས་གྲུབ་བསྒྲུབ་པར་འདོད་པའོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །