རྟ་ནག་ཆོས་འབྱུང་།

༤༽ མང་པོས་བཀུར་བའི་སྡེ་པ།

上一章
下一章

(༤༽ མང་པོས་བཀུར་བའི་སྡེ་པ།)

བཞི་པ་ལ་ས་གྲོགས་ཀྱི་རི་ལ་གནས་པའི་སྡེ་པ། སློབ་དཔོན་བསྲུང་བའི་རྗེས་སུ་འབྲང་བའི་སྡེ་པ། གནས་མ་བུའི་སྡེ་པ་དང་གསུམ་སྟེ་སྡེ་པ་བཅོ་བརྒྱད་དུ་ཡོད་དེ། སློབ་དཔོན་དུལ་བ་ལྷས། སྡེ་པ་ཐམས་ཅད་བསྡུས་པ་ལས། འོད་སྲུང་ས་སྟོན་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་

25b

པར་ཕྱེ་དང་གཞི་ཀུན་པ། །ཐམས་ཅད་ཡོད་པར་སྨྲ་བ་བདུན། །ཤར་དང་ནུབ་དང་གངས་རིར་གནས། །འདུས་བྱས་རྟག་པར་སྨྲ་བ་དང་། །འཇིག་རྟེན་འདས་སྨྲ་ཕལ་ཆེན་ལྔ། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་གསུམ། །ས་གྲོགས་རི་དང་བསྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱི་བཀུར་བ་རྣམ་པ་གསུམ། །དེ་ལྟར་རྣམ་པ་བཅོ་བརྒྱད་དུ། །འགྱུར་དེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། །ཞེས་གསུངས་པའི་ཕྱིར། དང་པོས་སཾ་སྐྲྀ་ཏའི་སྐད་ཀྱིས་སོ་ཐར་གྱི་མདོ་འདོན། གཉིས་པ་རང་བཞིན་ཀྱི་སྐད་ཀྱི། གསུམ་པ་ཟུར་ཆག་གི་སྐད་ཀྱི། བཞི་པ་ཤ་ཟའི་སྐད་ཀྱི་སོ་ཐར་གྱི་མདོ་འདོན་པ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། ཉན་ཐོས་རྩ་བའི་སྡེ་བཞི་ལ། །འདུལ་བ་མི་འདྲ་རྣམ་བཞི་ཡོད༑ །སྐད་ཀྱང་ལེགས་སྦྱར་རང་བཞིན་དང་། །ཟུར་ཆག་པ་དང་ཤ་ཟའི་སྐད། །རྣམ་པ་བཞི་རུ་གནས་པ་ཡིན། །དེ་ལས་གྱེས་པ་བཅོ་བརྒྱད་ལ། །འདུལ་བའི་དབྱེ་བའང་བཅོ་བརྒྱད་ཡོད། །ཅེས་གསུངས་པའི་ཕྱིར། ཡང་དེ་ལ་གནས་པའི་སྒོ་ནས་དབྱེ་ན་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། ཉི་འོག་བྱེ་བྲག་ཏུ་སྨྲ་བ་གཉིས་སུ་ཡོད། གྲུབ་པའི་མཐའ་ནི་རྫས་ལ་རྟག་པའི་རྫས་དང་། མི་རྟག་པའི་རྫས་གཉིས་ལས། དང་པོ་ནི། ནམ་མཁའ་དང་། སོ་སོར་རྟག་འགོག་དང་། སོ་སོར་རྟག་མིན་གྱི་འགོག་པ་གསུམ་ཡིན༑ འདུས་བྱས་ཐམས་ཅད་ལ། དོན་གཞན་གྱི་བདག་དང་ངོ་བོར་གྱུར་པས་བདག་མེད་པས་ན་བདག་གིས་སྟོང་པ་དང་། ཆ་དང་དབང་ཕྱུག་སོགས་འཇིག་རྟེན་གྱི་བྱེད་པ་པོ་གཞན་མེད་ཀྱང་སྣོད་ཀྱི་འཇིག་རྟེན་རྡུལ་ཕྲན་ལས་བྱུང་བ་དང་། སྐད་ཅིག་གི་མི་རྟག་

26a

༄༅།       །པ་དང་། དབང་ཤེས་ལ་རང་དུས་སུ་ཕྱི་རོལ་རྒྱང་ཆད་དུ་སྣང་བ་ཕྱི་དོན་དངོས་སུ་འདོད་པ་ཡིན་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་པོ་ནི་རྟག །འདུས་བྱས་བདག་གི་ཀུན་སྟོང་ལ། །བྱེད་པ་པོ་མེད་སྐད་ཅིག་མ། །མིག་ལས་སྐྱེས་བློ་རྣམ་མེད་ཅིང་། །མངོན་སུམ་རིག་པ་རྡུལ་གྱི་ཚོགས། །བློ་ལྡན་ཞེས་བྱ་ཁ་ཆེ་ཡིས། །བྱེ་བྲག་སྨྲ་བའི་གཞུང་དུ་བཤད། །ཅེས་གསུངས་པའི་ཕྱིར།