རྟ་ནག་ཆོས་འབྱུང་།
༡. སེམས་ཙམ་རྣམ་བདེན་པ།
上一章
(༡. སེམས་ཙམ་རྣམ་བདེན་པ།)
རྣམ་བདེན་པ་ལ་དབྱེ་ན། སྒོ་ང་ཕྱེད་ཚལ་བ་དང་། སྣ་ཚོགས་གཉིས་མེད་པ་དང་། གཟུང་འཛིན་གྲངས་མཉམ་པ་དང་གསུམ། དང་པོས་ཕྱི་རོལ་ཡུལ་ལ་ལྟོས་པའི་གཟུང་རྣམ་བདེན་པར་མ་གྲུབ། ནང་ཤེས་པ་ལ་ལྟོས་པའི་གཟུང་རྣམ་བདེན་པར་གྲུབ་ཅེས་ཁས་ལེན་པས་ན་དེ་སྐད་ཅེས་བྱ་སྟེ། རྣམ་འགྲེལ་ལས། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པའི་དབང་ཤེས་ལ་རང་དུས་སུ་སྣང་བ་སྣ་ཚོགས་ཀྱི་ངོ་བོར་མ་གྲུབ། ཤེས་པ་སྐད་ཅིག་གི་ངོ་བོར་བདེན་པར་འདོད་པས་དེ་སྐད་ཅེས་བྱ་ལ། གསུམ་པའི་གཟུང་བྱའི་ཡུལ་དང་འཛིན་བྱེད་ཀྱི་ཤེས་པ་གྲངས་མཉམ་དུ་འདོད་པས་དེ་སྐད་ཅེས་བྱའོ། །