རྟ་ནག་ཆོས་འབྱུང་།

༢. ལམ་དང་འབྲས་བུས་ཕྱེ་བའི་ཉན་ཐོས།

上一章
下一章

(༢. ལམ་དང་འབྲས་བུས་ཕྱེ་བའི་ཉན་ཐོས།)

གཉིས་པ་ནི། ཉན་ཐོས་མཚན་ཉིད་པ་ཡིན་ཞིང་། དེ་ལ་ཉན་ཐོས་སློབ་པ་བཞི་མི་སློབ་པ་དང་ལྔར་ཡོད་དོ། །བདག་ཉིད་གཅིག་པུའི་དོན་དུ་རང་གི་བྱང་ཆུབ་ཏུ་སངས་རྒྱས་པས་ན་རང་སངས་རྒྱས་ཞེས་བྱ་སྟེ། འཇུག་པ་རང་འགྲེལ་ལས། བདག་ཉིད་གཅིག་པུའི་དོན་དུ་སངས་རྒྱས་པས་ན། དེ་སྐད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལ་སློབ་པ་ནི་མེད་ལ། མི་སློབ་པ་ལ་ཚོགས་ན་སྤྱོད་པ་དང་། བསེ་རུ་ལྟ་བུ་གཉིས་ཡོད་པར་བཤད། ཐེག་ཆེན་པ་ལ་སློབ་པ་བཞི་མི་སློབ་པ་དང་ལྔར་ཡོད་ཅིང་། སྡེ་སྣོད་དང་གྲུབ་མཐའི་དབང་དུ་བྱས་ན་སེམས་ཙམ་པ་དང་དབུ་མ་པ་གཉིས་ཡོད་ཀྱང་། དབུ་མ་པ་ཡིན་ན། ཐེག་ཆེན་གྱི་གང་ཟག་ཡིན་པས་ནི་མ་ཁྱབ་སྟེ། ཐེག་པ་གསུམ་ཆར་གྱི་འཕགས་པ་མཐའ་དག་དབུ་མ་པར་ཁས་ལེན་པའི་ཕྱིར་དང་། དངོས་པོར་སྨྲ་བའི་གྲུབ་མཐའ་ལ་བརྟེན་ནས་ཐེག་པ་གསུམ་པོ་གང་གི་ཡང་འཕགས་ལམ་ཙམ་ཡང་ཐོབ་མི་ནུས་པའི་ཕྱིར།

མདོ་སྔགས་ཀྱི་ཁྱད་པར་ནི། རང་དོན་དུ་ལྷ་བསྒོམ་པ་དང་། གཞན་དོན་དུ་དབང་བསྐུར་རབ་གནས་སོགས་ཀྱི་ཆོ་གའི་བྱ་བ་མེད་པ་དང་། ཡོད་པའི་ནང་པ་སངས་རྒྱས་པའི་ལུགས་ལ་མདོ་ལུགས་དང་སྔགས་ལུགས་ཞེས་བྱ་སྟེ། སྡོམ་གསུམ་རབ་དབྱེ་ལས། མདོ་དང་རྒྱུད་ཀྱི་ཁྱད་པར་ནི། །ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་གསུངས་པའི་ཕྱིར།