རྟ་ནག་ཆོས་འབྱུང་།
༡༽ མདོ་ལུགས་ལས་སྔགས་ལུགས་ཁྱད་པར་དུ་འཕགས་པ།
(༡༽ མདོ་ལུགས་ལས་སྔགས་ལུགས་ཁྱད་པར་དུ་འཕགས་པ།)
དང་པོ་ནི། སློབ་དཔོན་ཛྙཱན་ཤྲཱིས་མདོ་ལུགས་ལས་སྔགས་
༄༅། །ལུགས་ཁྱད་ཆོས་བཅུ་གཅིག་གིས་ཁྱད་པར་དུ་འཕགས་པར་བཤད་ཅིང་། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་འཕགས་པར་གསུངས། དེ་ཡང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་རྡོ་རྗེ་ཐེག་པ་གཉིས་ཐོབ་བྱ་རྫོགས་པའི་སངས་རྒྱས། རྟོགས་བྱ་སྤྲོས་བྲལ་གྱི་ལྟ་བ། ཀུན་སློང་བྱང་ཆུབ་ཀྱི་སེམས་རྣམས་ལ་ཁྱད་པར་མེད་ཀྱང་། ལྟ་བ་རྟོགས་ཚུལ་ལ་ཕར་ཕྱིན་ཐེག་པའི་ལུགས་ལ་སོ་སྐྱེའི་གནས་སྐབས་སུ་ཆོས་ཉིད་དཔེའི་ཚུལ་གྱིས་མངོན་སུམ་དུ་མཐོང་བའི་རྟོག་མེད་ཀྱི་ཡེ་ཤེས་སྐྱེ་བ་མེད་ལ། རྡོ་རྗེ་ཐེག་པའི་ལུགས་ལ་དེ་ཡོད་པས་ཕར་ཕྱིན་ཐེག་པ་བ་ལྟ་བ་རྟོགས་ཚུལ་ལ་རྨོངས་ཤིང་། རྡོ་རྗེ་ཐེག་པ་བ་མ་རྨོངས་པའི་སྒོ་ནས་ཁྱད་པར་འཕགས། ཡང་ཕར་ཕྱིན་ཐེག་པ་ལ་སངས་རྒྱས་སྒྲུབ་པའི་ཐབས་མཁས་ཇི་ཙམ་ཞིག་ཡོད་པ་དེའི་སྟེང་དུ་ཐབས་རྒྱུད་མངོན་པར་རྟོགས་པ་བཅུ་གཅིག་སོགས་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཡོད་པས་ཐབས་མང་ཉུང་གི་སྒོ་ནས་རྡོ་རྗེ་ཐེག་པ་ཁྱད་པར་དུ་འཕགས། ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་སངས་རྒྱས་སྒྲུབ་པ་ལ་མགོ་དང་རྐང་ལག་སྦྱིན་པར་གཏོང་བ་སོགས་དཀའ་སྤྱད་དྲག་པོ་བསྟེན་དགོས་ལ། རྡོ་རྗེ་ཐེག་པའི་ལུགས་ལ་འདོད་ཡོན་ལམ་དུ་འཁྱེར་བ་སོགས་སྤྱོད་པ་བདེ་བས་འབྲས་བུ་བདེ་བ་འགྲུབ་པས་ན་དཀའ་ཚེགས་ཆེ་ཆུང་གི་སྒོ་ནས་རྡོ་རྗེ་ཐེག་པ་ཁྱད་པར་དུ་འཕགས། ཡང་ཕར་ཕྱིན་ཐེག་པའི་ལུགས་ཀྱི་སངས་རྒྱས་སྒྲུབ་པ་ལ་

བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་འགོར་བ་ཡང་ཡོད་ཅིང་། བརྩོན་འགྲུས་ཅི་ཙམ་དྲག་དབང་པོ་ཇི་ལྟར་རྣོ་ཡང་བསྐལ་པ་གྲངས་མེད་གསུམ་ནི་ངེས་པར་འགོར་ལ། རྡོ་རྗེ་ཐེག་པའི་ལུགས་ཀྱི་སངས་རྒྱས་སྒྲུབ་པ་ལ་གང་ཟག་དབང་པོ་ཡང་རབ་ཀྱིས་ཚེ་འདི་འབྲིང་གི་བར་དོ། །ཐ་མས་སྐྱེ་བ་བདུན། ཤིན་ཏུ་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ན་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པས་ན་གསང་སྔགས་པ་རང་བཞིན་གྱིས་དབང་པོ་རྣོ་བའི་ཕྱིར་དབང་པོ་རྣོ་རྟུལ་གྱི་སྒོ་ནས་རྡོ་རྗེ་ཐེག་པ་ཁྱད་པར་དུ་འཕགས་པ་ཡིན་ནོ༑ །
