རྟ་ནག་ཆོས་འབྱུང་།
སློབ་དཔོན་པདྨ་འབྱུང་གནས།
(སློབ་དཔོན་པདྨ་འབྱུང་གནས།)
དེའི་ལོ་རྒྱུས་ནི་ལྷོ་ནུབ་རྔ་ཡབ་གླིང་གི་ཚུ་རོལ།
༄༅། །ཨུ་རྒྱན་ཡུལ་གྱི་ཕ་རོལ། ཆུ་བོ་ཆེན་པོ་སིནྡྷུ་རྒྱ་མཚོར་འབབ་པ། ཀླུའི་རྒྱལ་པོ་འཇོག་པོའི་ཕོ་བྲང་གནས་པའི་རྒྱ་མཚོར་པདྨའི་སྡོང་པོ་ཕུན་སུམ་ཚོགས་པའི་གེ་སར་གྱི་རྩེར་ཁྱིའུ་ལོ་བརྒྱད་ཙམ་ལོན་པའི་ན་ཚོད་བྱད་གཟུགས་ཤིན་ཏུ་མཛེས་པ་ཞིག་ཏུ་བརྫུས་ཏེ་འཁྲུངས་པས་ཨིནྡྲ་བྷཱུ་ཏི་ཆེན་པོས་མཁྱེན་ནས་སྤྱན་དྲངས། རང་གི་སྲས་སུ་བཟུང་སྟེ་རྒྱལ་སྲིད་གཏད་པ་ཆོས་བཞིན་དུ་བསྐྱངས། སླར་རྒྱལ་སྲིད་སྤངས་ཏེ་ཡུལ་དབུས་སུ་བྱོན་ཏེ་ཀུན་དགའ་བོ་ལས་རབ་ཏུ་བྱུང་། མཚན་ཉིད་ཀྱི་གཞུང་ལས་ཐོས་པ་མཛད། ལྐོག་ཏུ་གསང་སྔགས་ཀྱི་ཆོས་གསན། དུར་ཁྲོད་བསིལ་བའི་ཚལ་དུ་གསང་སྤྱོད་མཛད། མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུས། ཕྱོགས་བཞི་མཚམས་བཞིའི་དུར་ཁྲོད་ཆེན་པོ་བརྒྱད་དུ་སྤྱོད་པ་མཛད་པས་ཡེ་ཤེས་མཁའ་འགྲོར་ཐམས་ཅད་དབང་དུ་འདུས། རྡོ་རྗེ་ཕག་མོའི་ཞལ་མཐོང་བྱིན་གྱིས་བརླབས་པས་ནམ་མཁའི་གཟའ་ཆེན་ཐམས་ཅད་བྲན་དུ་བཀོལ་བར་ནུས། མཚན་རྡོ་རྗེ་དྲག་པོ་རྩལ་ཞེས་གྲགས། བྲག་དམར་བྱ་ཁྱུང་ཚལ་དུ་སློབ་དཔོན་ཆེན་པོ་པྲ་བྷ་ཧ་ཏིའི་སྤྱན་སྔར་ཡོ་ག་རྣམ་པ་གསུམ་གྱི་ཆོས་ལ་སྦྱངས། དེ་ནས་བཤད་པའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས། མཚན་ཤཱཀྱ་སེང་གེར་གྲགས། འཕགས་ཡུལ་གྱི་གཙུག་ལག་ཁང་དུ་མར་བྱོན། ཕྱི་མཚན་ཉིད། ནང་གསང་སྔགས་སྒྲ་ཚད་སོགས་རིག་གནས་ཀུན་ལ་སྦྱངས་པས་མཚན་མཁས་པ་བློ་ལྡན་མཆོག་སྲེད་ཅེས་གྲགས། བྲག་ཕུག་མ་ར་ཏི་ཀའི་གནས་སུ་ཚེ་བསྒྲུབས་པས་འཆི་མེད་ཀྱི་དངོས་གྲུབ་བརྙེས་ཏེ་ནམ་མཁའ་ཇི་སྲིད་གནས་ཀྱི་བར་བཞུགས་པའི་ནུས་པ་ཐོབ་པས་མཚན་པདྨ་འབྱུང་གནས་ཞེས་གྲགས། ཟ་ཧོར་གྱི་

རྒྱལ་ཁམས་རྫུ་འཕྲུལ་གྱིས་བཏུལ་ཏེ་དམ་པའི་ཆོས་རྒྱས་པར་མཛད་པས་མཚན་པདྨ་སམྦྷ་ཝ་ཞེས་གྲགས། ཨུ་རྒྱན་གྱི་ཡུལ་དུ་བྱོན་པའི་ཚེ་གཤེད་མས་མེའི་དབུས་སུ་བསྲེགས་པས་མེ་ཐམས་ཅད་མཚོར་སོང་དེའི་དབུས་སུ་པདྨའི་སྡོང་པོ་བྱུང་བ་ལ་སློབ་དཔོན་ཡབ་ཡུམ་བཞུགས་ཏེ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འབྲིང་པོ་འཁོར་བཅས་བྱང་ཆུབ་ཀྱི་ལམ་ལ་བཀོད། མཚན་པདྨ་རྒྱལ་པོར་གྲགས། སླར་རྒྱ་གར་དབུས་སུ་བྱོན། མཁའ་འགྲོ་བདུད་འདུལ་མའི་བྱིན་གྱིས་བརླབས། མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་རྩོད་པས་བཏུལ། ངན་སྔགས་ཀྱི་བདག་པོ་ཕྱག་སོར་གྱི་རྩེ་ལས་ཐོག་འཕངས་ཏེ་བསྒྲལ་བས་མཚན་འཕགས་པ་སེང་གེ་སྒྲ་སྒྲོགས་སུ་གྲགས། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་གི་སྒྲུབ་པ་མཛད་པས་བར་དུ་གཅོད་པའི་བགེགས་བྱུང་བ་རྡོ་རྗེ་ཕུར་པས་བསྒྲལ་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། མཚན་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས། དེ་ནས་བོད་ཀྱི་རྒྱལ་པོས་སྤྱན་དྲངས་པས་བྱོན་ཏེ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས། སྲོག་གི་སྙིང་པོ་ཕུལ་ཏེ་བཀའ་འབངས་བགྱིད་པར་ཁས་བླངས། སངས་རྒྱས་ཀྱི་བསྟན་པ་སྐྱོང་བར་ཆད་བྱས༑ བསམ་ཡས་བཞེངས་པའི་སའི་ཆོ་ག་མཛད། མཆིམས་ཕུར་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་རྒྱལ་པོ་འཁོར་བཅས་སྨིན་པར་མཛད། སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཕུག་ཏུ་བདུད་དང་དམ་སྲི་བཏུལ། གནས་ཆེན་གང་བྲག་རྣམས་སུ་གཏེར་ཆེན་པོ་དུ་མ་སྦས་ཏེ་མ་འོངས་པའི་སེམས་ཅན་གྱིས་སྤྱོད་པའི་སྐབས་ཕྱེ་བས་མཚན་རྡོ་རྗེ་གྲོ་ལོད་རྩལ་ཞེས་གྲགས། བོད་ཀྱི་གངས་ཆེན་བཞི་ལ་སྒྲུབ་པ་མཛད་ཅིང་བྲག་ཕུག་ཆེན་པོ་བརྒྱད་ལ་ཡང་དབེན་མཛད། ཕྱོགས་བཞིའི་བྲག་ལ་

༄༅། །ཞབས་རྗེས། ཡོངས་སུ་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས། ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས། སྐུ་ཚབ་རིག་ལྔ་བོད་ཀྱི་དོན་ལ་བཞག་སྟེ་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས་མཐར་མང་ཡུལ་གུང་ཐང་གི་བར་དུ་རྒྱལ་པོ་འཁོར་དང་བཅས་པས་བསྐྱལ་ཏེ། ནང་རེ་དགོང་རེ་བོད་ཀྱི་དོན་ལ་འབྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན། །ཡར་ངོའི་ཆོས་བཅུའི་དུས་ན་དངོས་སུ་འབྱོན། །ཞེས་ཞལ་གྱི་བཞེས་ཏེ་རྒྱལ་པོ་འཁོར་བཅས་ཀྱི་ཇི་ཙམ་མཐོང་བའི་བར་དུ་མཁའ་ལ་འཕུར་བ་ལྟར་མཛད། དེ་ཕན་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས་སྲིན་ཡུལ་རྔ་ཡབ་གླིང་དུ་སྲིན་པོའི་རྒྱལ་བུའི་ཚུལ་གྱི་སྲིན་པོའི་ཁ་གནོན་ལ་ཇི་སྲིད་གནས་ཀྱི་བར་དུ་བཞུགས་པ་ཡིན་ཞེས་གྲགས་སོ། །འདིའི་ལོ་རྒྱུས་ལ་མི་འདྲ་བ་མང་དུ་འབྱུང་ཡང་འདིར་གསོལ་འདེབས་ལེའུ་བདུན་མའི་སིནྡྷུ་རྒྱ་མཚོ་མ་ལྟར་བྲིས་པ་ཡིན་ནོ། །
