རྟ་ནག་ཆོས་འབྱུང་།

གཉིས་པ། ཁྱད་པར་ཅན་གྱི་ནང་པ་དངོས་བཤད་པ།

上一章
下一章

(གཉིས་པ། ཁྱད་པར་ཅན་གྱི་ནང་པ་དངོས་བཤད་པ།)

གཉིས་པ་ནི་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་རྗེས་སུ་བཟུང་བའི་ཆེད་དུ་བསྟན་པ་སྣང་བ་ཐབས་ཀྱི་རང་བཞིན་ཕའི་རྒྱུད་མ་ཧཱ་

48b

ཡོ་ག །འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པར་དགའ་བ་རྗེས་སུ་བཟུང་བའི་ཆེད་དུ་བསྟན་པ་སྟོང་པ་ཤེས་རབ་ཀྱི་རང་བཞིན་མའི་རྒྱུད་ཨ་ནུ་ཡོ་ག །གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་རྗེས་སུ་བཟུང་བའི་ཆེད་དུ་བསྟན་པ་གཉིས་སུ་མེད་པའི་རང་བཞིན་ལ་ཨ་ཏི་ཡོ་ག་དང་གསུམ་དུ་ཡོད་དེ། བཀོད་པ་ཆེན་པོ་ལས། ཆེན་པོ་རིགས་ལྡན་གསུམ་དག་ལ། །སེམས་ཡས་ས་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པའི་ཕྱིར། དེ་ལ་བསྐྱེད་པ་ནི་ཐབས་བཞིའི་ལམ། རྫོགས་པ་ནི་ཤེས་རབ་ཀྱི་ལམ། བླང་དོར་གཉིས་སུ་མེད་པར་རྫོགས་པ་ནི་འབྲས་བུར་འདོད་དེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་རྣམས་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་རྣམས་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། དང་པོས་སྣང་སྲིད་ལྷ་དང་གཞལ་ཡས་ཁང་པར་གསལ་ཞིང་། ཕུང་ཁམས་སྐྱེ་མཆེད་ལྷར་དག་པས་རླུང་ལྔ་གཙོ་བོར་གྱུར་པའི་བདེ་གསལ་མི་རྟོག་པའི་གཉིས་མེད་ཀྱི་ཡེ་ཤེས་ལམ་དུ་བྱས་ཏེ་ཚེ་འདིར་གྲོལ་བར་འདོད་པ་ཡིན་ཞིང་། དེ་ལ་རྩ་བའི་རྒྱུད་དང་། མན་ངག་གི་རྒྱུད་གཉིས། དང་པོ་ལ་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད༐ རི་རབ་ཀྱི་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པས་གཞི་དང་མཉམ་པའི་རྒྱུད་གསུམ། གཉིས་པ་ལ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་སོགས་མང་དུ་ཡོད་པར་བཤད་དོ། །གཉིས་པ་ཨ་ནུ་ཡོ་ག་ནི་སྣོད་བཅུད་ལྷའི་རང་

49a

༄༅།       །བཞིན་དུ་དབྱིངས་ནས་སངས་རྒྱས་པ་ཙམ་དུ་གཏོགས་པའི་ངང་ནས་བསྐྱེད་པ་ཐབས་ཤེས་ཆུང་ཞིང་རྫོགས་པ་རྩ་ཐིག་རླུང་གི་རྣལ་འབྱོར་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱས་ཏེ་ཚེ་འདིར་གྲོལ་བར་འདོད་པ་ཡིན་ལ། དེ་ལ་རྩ་བ་དང་མན་ངག་གི་རྒྱུད་གཉིས་ལས། དང་པོ་ལ་ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་མོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་དེ་བཞིའོ། །གཉིས་པ་ལ་སྐུའི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུནྡ་རི་ཀ །ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། ཕྲིན་ལས་ཀྱི་རྒྱུད་ཏིང་འཛིན་འདུས་པ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པར་བཤད་དོ། །གསུམ་པ་ཨ་ཏི་ཡོ་ག་ནི། རྒྱུའི་ཐེག་པ་གསུམ་གསང་སྔགས་ཀྱི་ཐེག་པ་གསུམ་དང་བཅས་པ་ལས་ཁྱད་པར་དུ་འཕགས་པར་མ་ཟད་བསྐྱེད་རྫོགས་ཀྱི་ཐེག་པ་གཉིས་ལས་ཀྱང་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་འདོད་ལ། དེ་ཡང་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་དང་ཕྱོགས་ལྟུང་མེད་པ། ཐེག་པ་ཀུན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་རྩེ་མོར་གྱུར་པ་ཞིག་ཡིན་ཏེ། ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་ལ་རྫོགས། །གཅིག་རྫོགས་སེམས་ཀྱི་བྱས་པར་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་གསུངས་པའི་ཕྱིར། དེ་ཡང་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་རྣམས་དང་། ལྟ་སྒོམ་སྤྱོད་པ་ཐེག་པ་རྣམས་ཀྱི་གཞི་ལམ་འབྲས་བུ་བཏགས་སོ་ཅོག་ཐམས་ཅད་སེམས་ཀྱི་བཟོ་བོས་གློ་བུར་དུ་བྱས་པའི་འཁྲུལ་པ་སྟེ་འཕྲལ་བདེན་བདེན་འདྲ་ཡང་དོན་ལ་ངོ་

49b

བོ་མ་གྲུབ་པས་རང་བྱུང་ཡེ་ཤེས་ཀྱི་རོལ་པ་ལས་མ་འདས་པའི་ཕྱིར་རྫོགས་པ། རང་བྱུང་གི་ཡེ་ཤེས་འོད་གསལ་བས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པ་སྤྲུལ་སྐུ་སྟེ་སྐུ་གསུམ་ཡེ་ནས་རང་ཆས་སུ་ཚང་བས་གཞན་ནས་རྩོལ་སྒྲུབ་མི་དགོས་པའི་ཕུན་སུམ་ཚོགས་པར་རྫོགས་པ་སྐྱེས་བུའི་གཉིད་དང་རྨི་ལམ་ལྟར། སྣང་སྲིད་ཀྱི་ཆོས་དག་མ་དག་ཏུ་སྣང་བ་ཐམས་ཅད་རྩ་བ་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་འདུས། ངང་ལས་ཤར། ངང་ལ་གནས་པས་བྱང་ཆུབ་ཀྱི་སེམས་སུ་རྫོགས་པ་ཞེས་ཟེར་རོ། །དེ་ལ་སེམས་སྡེ། །ཀློང་སྡེ། མན་ངག་གི་སྡེ་གསུམ་དུ་ཡོད་པར་འདོད་དེ། བཀོད་པ་ཆེན་པོ་ལས། འོན་ཀྱང་ང་འདས་འོག་ཏུ་ནི། །འདི་ལྟར་རྣམ་པར་སྣང་བར་འགྱུར། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། ནམ་མཁའ་ཅན་ལ་ཀློང་གི་སྡེ། །བྱ་རྩོལ་ཅན་ལ་མན་ངག་གོ། །ཅེས་གསུངས་པའི་ཕྱིར། །