རྟ་ནག་ཆོས་འབྱུང་།
མན་ངག་གི་སྡེ།
(མན་ངག་གི་སྡེ།)
གསུམ་པ་མན་ངག་གི་སྡེ་ནི། སེམས་ཀློང་གི་སྡེ་གཉིས་ལས་ཆེས་ཁྱད་པར་དུ་འཕགས་པ་སྟེ། བཀོད་པ་ཆེན་པོ་ལས། ཀྱེ་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་སྤྱོད་འཛིན་པ་རྣམས་དང་ནི། ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་འམ། །གཅན་གཟན་རྣམས་ལས་སེང་གེའམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར༑ དེ་ལ་ཁ་འཐོར་གྱི་མན་ངག །ཁ་གཏམ་གྱི་མན་ངག །རྒྱུད་རང་གཞུང་དུ་གསུངས་པའི་མན་ངག་དང་གསུམ་དུ་ཡོད་པར་བཤད་དོ། །དེ་ལྟ་བུའི་སེམས་སྡེའི་རྒྱུད་ལ་སེམས་སྡེ་མ་བུ་བཅོ་བརྒྱད་ཡོད་པར་བཤད་དེ། རིག་པའི་ཁུ་བྱུག་རྩལ་ཆེན་དཀྲུག་པ་སོགས་སྔ་འགྱུར་ལྔ། རྩེ་མོ་བྱུང་རྒྱལ་སོགས་ཕྱི་འགྱུར་བཅུ་གསུམ་ཡོད་པར་བཤད་དོ། །ཀློང་སྡེའི་རྒྱུད་ལ་དོང་སྤྲུགས་རིན་པོ་ཆེ་གསང་བའི་རྒྱུད། བྱ་རྩོལ་མེད་པའི་རྒྱུད་སོགས་འབུམ་ཕྲག་གཅིག་ཡོད་པར་བཤད་དོ། །མན་ངག་གི་རྒྱུད་ལ་པདྨ་ཀློང་གསལ། པདྨ་དབང་རྒྱལ་སོགས་ཁྲི་ཁྲག་ལྔ་དང་སྟོང་ཕྲག་གཅིག་ཡོད་དོ། །