རྟ་ནག་ཆོས་འབྱུང་།

བསྟན་པའི་མེ་རོ་སྟོད་ནས་གསོས་ཚུལ།

上一章
下一章

(བསྟན་པའི་མེ་རོ་སྟོད་ནས་གསོས་ཚུལ།)

གཉིས་པ་ནི། ལྷ་བླ་མ་ཡེ་ཤེས་འོད་ཅེས་པ་བོད་ཆོས་རྒྱལ་གྱི་རྒྱུད་དུ་འཁྲུངས། དང་པོར་རྒྱལ་སྲིད་ཆོས་བཞིན་བསྐྱངས། ཕྱིས་མཁན་པོ་ཡེ་ཤེས་བཟང་པོ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དེས་ཡབ་མེས་ཀྱི་རྣམ་སྲོལ་བཟང་པོ་གསོབ་ཏུ་རེ་བའི་ཐུགས་བསྐྱེད་རླབས་པོ་ཆེས་ཀུན་ནས་བསླངས་ཏེ་མི་ཉི་ཤུ་རྩ་གཅིག་ལ་གསེར་བྲེ་རེ་བསྐུར་ཏེ་རྒྱ་གར་ཁ་ཆེར་ཆོས་སློབ་ཏུ་བརྫངས་པ་ལས་བཅུ་དགུ་ཚད་པའི་ནད་ཀྱིས་གྲོངས་ནས་ཕན་པར་རྔོ་མ་ཐོགས། ལོ་ཆེན་རིན་ཆེན་བཟང་པོ། དེའི་གཡོག་པུ་ཧྲང་བ་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་ཕན་ཐོགས་ཤིང་། ལྷག་པར་ལོ་ཆེན་རིན་ཆེན་བཟང་པོས་རྒྱ་གར་ཤར་ནུབ་དབུས་ཐམས་ཅད་དུ་མྱུལ། བླ་མ་རྡོ་རྗེ་གདན་པ་དང་། ཇོ་བོ་ན་རོ་ཏ་པ་སོགས་མཁས་གྲུབ་ཀྱི་བླ་མ་རབ་ཏུ་མང་པོའི་ཞལ་ལས་མདོ་སྔགས་ཀྱི་བདུད་རྩི་བླངས་ཏེ་བོད་དུ་སྤྱན་དྲངས་པ་ལ་སྟོད་ནས་གསོས་པ་ཟེར་རོ། །འདི་ལ་ཁ་ཅིག་བར་དར་ཞེས་པའི་ཐ་སྙད་བྱེད་པ་ནི་མི་འཐད་དེ། དབུས་གཙང་གི་མི་བཅུའི་བསྟན་པ་སྤེལ་བ་ནས་འདིས་བར་ལ་བསྟན་པ་མེད་པའི་བར་སྟོང་མ་བྱུང་བའི་ཕྱིར་རོ། །དེས་ན་བསྟན་པ་སྔ་དར་དང་ཕྱི་དར་གཉིས་ལས། བར་དར་ཞེས་པའི་ཐ་སྙད་མེད་ཅིང་། དེ་ཡང་འདུལ་

67b

བའི་བསྟན་པ་ཁོ་ནའི་དབང་དུ་བྱས་ལ། དེའི་ནང་ནས་ཀྱང་དབུས་གཙང་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། ཁམས་མངའ་རིས་གཉིས་སུ་བསྟན་པ་སྔ་དར་ནས་དབུས་གཙང་གི་མི་བཅུས་བསྟན་པ་སྤེལ་བའི་བར་དུ་འདུལ་བའི་བསྟན་པ་མེད་པར་བར་སྟོང་མ་བྱུང་ཞིང་དབུས་གཙང་ཉིད་དུ་ཡང་འདུལ་བའི་བསྟན་པ་ནུབ་སྐབས་སྔགས་པ་རྟེན་སྐྱ་བོ་རྣམས་ཀྱིས་གསང་སྔགས་ཀྱི་ཉམས་ལེན་ལྐོག་ཏུ་བྱས་ཤིང་རྟེན་དང་གླེགས་བམ་མི་མངོན་པའི་སར་གཅེས་པར་བསྐྱངས་པས་ཕྱིས་བསྟན་པ་བྱུང་བ་ན་ཕྱག་མཆོད་དང་། དཔེ་ལྟ་བ་སོགས་ལོངས་སྤྱོད་པས་ཆོག་པ་འདི་བྱུང་བའི་ཕྱིར་རོ། །འོ་ན་དབུས་གཙང་དུ་འདུལ་བའི་བསྟན་པ་མེད་པའི་བར་སྟོང་ལོ་ཇི་ཙམ་བྱུང་ཞེ་ན། ཀུན་མཁྱེན་བུ་སྟོན་ཆེན་པོས་ལྕགས་མོ་བྱ་ལ་བསྟན་པ་བསྣུབས་པ་ནས་བདུན་ཅུ་རྩ་གསུམ་པ་ཆུ་མོ་བྱ་ལ་བསྟན་པ་བྱུང་བ་ཡིན་ཞེས་དང་། འབྲོམ་སྟོན་པས་བདུན་ཅུ་རྩ་བདུན་འབྱུང་བར་བཤད་པ་དང་། ནེལ་པ་པཎྜིཏས་བརྒྱ་དང་བརྒྱད་བྱུང་བར་བཤད་པ་དང་། འགའ་ཞིག་གི་དྲུག་ཅུ་རྩ་གསུམ་འབྱུང་བར་བཤད་པ་དང་། འགའ་ཞིག་གི་བདུན་ཅུ་བྱུང་བར་བཤད་པ་དང་། འགའ་ཞིག་གི་བརྒྱ་དང་བཅུ་ལྷག་ཙམ་བྱུང་བར་བཤད་པ་སོགས་མི་མཐུན་པ་སྣ་ཚོགས་འབྱུང་བས་དཔྱད་པར་བྱའོ། །དེས་ན་མི་བཅུས་སྨད་ནས་བསླང་པ་དང་། ལོ་ཆེན་གྱིས་སྟོད་ནས་གསོས་པ་གཉིས་ཀ་ཕྱི་དར་ཡིན་ཏེ། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས༑ སྡོམ་གསུམ་རབ་དབྱེ་ལས། ཕྱིས་ནས་གངས་རིའི་ཁྲོད་འདི་རུ། །སངས་རྒྱས་བསྟན་པ་ལེགས་པར་བསྒྱུར། །དེ་ནས་བསྟན་པ་དར་བའི་ཚེ། །རྒྱལ་པོ་དར་མས་བསྟན་པ་བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །དེ་ཚེ་བླ་མ་

68a

༄༅།       །ཡེ་ཤེས་འོད། །ཆོས་རྒྱལ་དེ་ཡིས་སྐྱེས་བུ་མཆོག །རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པའི། །མཁས་པ་དེ་ཡིས་སྔོན་མེད་པའི། །ཆོས་རྣམས་ཕལ་ཆེར་བསྒྱུར་ཅིང་ཞུས། །ཆོས་དང་ཆོས་མིན་རྣམས་འབྱེད་པ། །ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་ལོག་ཐམས་ཅད་སྣུབ་པར་མཛད། །དེ་ཡིས་སློབ་མ་ཞི་བ་འོད། །དེས་ཀྱང་སྔགས་ལོ་གསུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ཅེས་ཟེར། །དེ་དག་འདས་པའི་འོག་ཏུ་ཡང་། ཆོས་ལོག་འགའ་ཞིག་འཕེལ་བའི་རྒྱུས། །ལྷས་བཙས་ཞེས་བྱའི་ལོ་ཙྭ་བ། །དེས་ཀྱང་ཆོས་ལོག་སུན་འབྱིན་པ། །ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་དང་ཆོས་མིན་རྣམ་པར་ཕྱེ། །ཞེས་གསུངས་པའི་ཕྱིར།