རྟ་ནག་ཆོས་འབྱུང་།
༡. རྒྱུའི་སྒོ་ནས་ཁྱད་པར་འཕགས་ཚུལ།
(༡. རྒྱུའི་སྒོ་ནས་ཁྱད་པར་འཕགས་ཚུལ།)
དང་པོ་ནི༐ བླ་མ་ས་སྐྱ་པ་ཆེན་པོ་དེ་ཉིད་བྱང་ཆུབ་སེམས་དཔའ་ཕྱག་ན་པདྨོའམ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་སྟོབས་ཀྱི་མགོན་པོ་བིརཱུ་པའི་སྤྲུལ་པ་ཡིན་པར་འཁོན་དཀོན་མཆོག་རྒྱལ་པོའི་གཟིགས་སྣང་ལ་མ་གཅིག་ཞང་མོ་བྱ་བའི་མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་གཡས་མཆོག་སྦྱིན་གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པ་ཞིག་འབྲལ་མེད་དུ་འཁོར་ཞིང་འདུག་པས་རིགས་བསྐྲུན་པའི་ཆོ་ག་མཛད་པ་ན། ས་ཆེན་འཁྲུངས་ཤིང་དེ་ཡང་སྐུ་ཤ་དཀར་ལ་འོད་ཟེར་འཕྲོ་བ། ཞི་ཞིང་དུལ་བ། འགྲོ་བ་ཀུན་ལ་མ་འདྲིས་པའི་མཛའ་བཤེས་ལྟ་བུའི་ཐུགས་རྗེ་ཆེན་པོ་ཞིག་བྱུང་བས་བརྩེ་བ་ཆེན་པོར་གྲགས་པ་དང་། སིངྒ་ལའི་གླིང་ན་བཞུགས་པའི་མཁན་པོ་དགྲ་བཅོམ་པ་ཞིག་གིས་ཨ་ཙཪྱ་ཞིག་ལ་བོད་ན་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་ས་སྐྱ་པ་བྱ་བ་ཡོད་པས་དེར་སོང་ཞིག་ཅེས་ལུང་བསྟན་པ་ལྟར་བྱོན་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་སློབ་མ་གསུམ་གྱི་ནང་ཚན་དུ་གྱུར་པ་དང་། ཁམས་པ་རྒ་ལོ་ལ་རྒྱ་གར་དུ་རྩ་རླུང་གི་གེགས་བྱུང་བ་འཕགས་ཡུལ་གྱི་པཎ་གྲུབ་
༄༅། །སུས་ཀྱང་སེལ་བར་མ་ནུས་པའི་ཚེ། ཡེ་ཤེས་ཀྱི་མཁའ་འགྲོས་བོད་ན་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་ས་སྐྱ་པ་བྱ་བ་ཡོད་ཀྱིས། དེས་གེགས་ཀྱི་རིགས་ཆེ་ཆུང་གང་ཡང་སེལ་མི་ནུས་པ་མེད་པས། དེ་ཙ་ན་སོང་ཞིག་ཅེས་ལུང་བསྟན་པ་ལྟར་བྱོན་པས་བླ་ཆེན་གུང་ཐང་དུ་བཞུགས་པ་དང་མཇལ། གེགས་སེལ་གྱི་དམིགས་པ་ཕྲ་མོ་ཞིག་བསྟན་པས་དེ་མ་ཐག་གྲོལ་ཏེ། སྐུ་རྟེན་དང་གླེགས་བམ་སོགས་རྟེན་མང་པོ་དབུ་ཐོག་ཏུ་ཁུར་ནས་རྒྱ་བོད་གཉིས་ན་ཁྱོད་ལས་གདམས་པ་ཆེ་བ་ཡོད་རི་གསུངས་ནས་དབུ་བསྙུང་ཐེང་གསུམ་བཞེས་པ་དང་། ཞིང་གཞན་དུ་གཤེགས་པ་ན་བདེ་བ་ཅན། པོ་ཏ་ལ། གསེར་མདོག་ཅན། ནུབ་ཕྱོགས་ཨུ་རྒྱན་བཞིར་གཤེགས་པར་བཤད་པའི་དང་པོ་གཉིས་སྤྱན་རས་གཟིགས་ལོངས་སྤྲུལ་གྱི་ཞིང་ཁམས་ཡིན་པས་རང་གནས་སུ་བྱོན་པས་ཀྱང་གྲུབ་མོད། ཐ་སྙད་དུ་མི་གཡོ་བ་དང་། འཇམ་པའི་དབྱངས་ཀྱི་མངོན་སུམ་དུ་ཞལ་བསྟན་ནས་གདམས་པ་དང་། རྗེས་སུ་བསྟན་པ་གནང་བས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་རབ་མངའ་བ་དང་། རྗེ་བཙུན་རྩེ་མོ་ནི་འཁྲུངས་མ་ཐག་སཾ་སྐྲྀ་ཏའི་སྐད་སྨྲ་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཏེ་ང་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ། ཞེས་ལན་གཉིས་ཀྱི་བར་དུ་གསུངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ། །ཞེས་པའི་ཡི་གེ་རྡོ་རྗེ་གདན་གྱི་སྒོའི་ཡ་ཐོག་ལ་བཏབ་པ་ཀོའུ་ཤམྦྷའི་པཎྜིཏ་དེ་བ་མ་ཏིས་ཕྱོགས་ཐམས་ཅད་དུ་བསྒྲགས་པས་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་གྲུབ་མོད།

ཐ་སྙད་དུ་སློབ་དཔོན་མི་ཐུབ་ཟླ་བའམ་སྦྱང་དཀའ་ཟླ་བའམ་དཀར་གསལ་ཟླ་བ་ཞེས་པའི་མཚན་གྱི་ཁྱད་པར་གསུམ་དང་ལྡན་པ་དེ་ཉིད་སོགས་པཎྜིཏའི་སྐྱེ་བ་བར་མ་ཆད་པ་བཅུ་གཅིག་ཏུ་སྐྱེ་བ་བཞེས་པར་བཤད་པས། ཤེས་བྱ་རིག་པའི་གནས་མཐའ་དག་ལ་མཁྱེན་པ་ཐོགས་མེད་དུ་གྲུབ་པ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་ཇོ་བོ་རྗེ་མངའ་རིས་ནས་དབུས་གཙང་དུ་ཕེབས་པའི་ལམ་འབྲོང་ངུའི་ལ་རྩེ་ནས་སྦོམ་པོ་རིའི་ངོས་ལ་འབྲོང་གཉིས་རྩྭ་ཟ་བ་གཟིགས། དེ་ཅིའི་ལྟས་ཡིན་ཞུས་པས། མ་འོངས་པ་ན་མ་ཧཱ་ཀ་ལ་གཉིས་དེར་བྱོན་ནས་འགྲོ་དོན་མཛད་པའི་ལྟས་ཡིན། ཞེས་ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ལ་མཛད་པ་དེ་ལུང་བསྟན། དེ་ནས་ཕྱག་འཚལ་སྒང་དུ་ཕེབས་པ་ན་ཆིབས་ལས་བབས་ཏེ། ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པ་ཞིག་མཛད། ཅི་ལགས་ཞུས་པས། ས་དཀར་པོ་ཕ་གིའི་ངོས་ལ་ཧྲཱིཿཡིག་གཅིག །དྷི་ཡིག་བདུན། ཧཱུཾ་ཡིག་གཅིག་རྣམས་འདུག་པ་ལ་ཕྱག་མཆོད་བྱས་པ་ཡིན་གསུངས། དེ་ཅིའི་ལྟས་ལགས་ཞུས་པས། མ་འོངས་པ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག(ས་ཆེན།)འཇམ་པའི་དབྱངས་ཀྱི་སྤྲུལ་པ་བདུན། (ནི། སྤྱན་ཀུན་དགའ་འབར། སློབ་དཔོན་བསོད་རྩེ་ རྗེ་བཙུན་གྲགས་པ། གཅུང་དཔལ་ཆེན་འོད། ས་པཎ། ཟངས་ཚ་བསོད་ནམས་རྒྱལ་མཚན། འགྲོ་མགོན་འཕགས་པ་དང་བདུན་ནོ། །)ཕྱག་ན་རྡོ་རྗེའི་སྤྲུལ་པ་གཅིག(འགྲོ་མགོན་ཕྱག་ན།)རྣམས་ཕ་གིར་བྱོན་ནས་འགྲོ་དོན་མཛད་པའི་ལྟས་ཡིན་ཞེས་ལུང་བསྟན་པ་དང་། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་འཇམ་པའི་དབྱངས་དངོས་སུ་གཟིགས་ཤིང་། དེ་དང་མཐུན་པར་སངས་རྒྱས་ཞུ་ཕྲིན་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། །དགེ་བསྙེན་

༄༅། །མཆོག་གི་སྐུར་བསྟན་ནས། བདག་གི་འཁྲུལ་པའི་དྲ་བ་བཅད། །ཡུན་རིང་དུས་ནས་འདི་ཉིད་ནི། །ཁྱོད་ཀྱི་དགེ་བའི་བཤེས་སོ་ཞེས། །མཁའ་ལ་དེ་འདྲའི་སྒྲ་གྲགས་པ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་གྲུབ་མོད། ཐ་སྙད་དུ་སྒོ་མཐའ་ཡས་པའི་བློ་གྲོས་ལ་སོགས་པ་པཎྜིཏའི་སྐྱེ་བ་བདུན་བར་མ་ཆད་པར་བཞེས་པར་བཤད་པས་རིག་པའི་གནས་མ་ལུས་པ་ལ་མཁྱེན་པ་ཉི་མ་ལྟར་གསལ་བ་དང་། ཆོས་རྗེ་ས་སྐྱ་པཎྜི་ཏ་ནི་ཁ་ཆེ་པཎ་ཆེན་སིངྒ་ལར་བཞུགས་པའི་ཚེ། ཧོར་གྱི་ཕོ་ལྷ་གནམ་ཐེལ་དཀར་པོས་གདན་འདྲེན་དུ་བྱུང་བ་ན་རང་གི་ཡི་དམ་གྱི་ལྷ་རྗེ་བཙུན་མ་སྒྲོལ་མ་ལ་ཞུས་པས། ཁྱོད་ཕྱིན་ཀྱང་ཕན་མི་ཐོགས། བོད་ན་ཁྱོད་ཀྱི་སློབ་མ་འཇམ་དབྱངས་ཀྱི་སྤྲུལ་པ་ཀུན་དགའ་རྒྱལ་མཚན་བྱ་བ་ཡོད། དེས་ཕན་ཐོགས་པས་ལུང་སྟོན་ཅིག་གསུངས་པ་ལྟར་ལུང་བསྟན་པ་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་བྱང་གི་ཉི་ལུང་ཕུག་པར་བཞུགས་དུས་ཉེ་བའི་རིམ་གྲོ་པས་མཐོང་སྣང་ལ་ཧོར་གྱི་ཆ་ལུགས་ཅན་གྱི་རྟ་པ་ས་གཞི་གོ་སྐབས་པ་ཙམ་བྱུང་། རྗེ་བཙུན་གྱི་ཕུག་པར་སོང་། །མིག་འཁྲུལ་པའམ་ཅི་ཡིན་སྙམ་ནས་བལྟར་ཕྱིན་པས་ཐམས་ཅད་རྗེ་བཙུན་གྱི་དྲུང་ན་གྲལ་བྱས་འདུག །དེའི་ཁྲོད་ནས་ཁྱེའུ་དཀར་པོ་དུང་སོ་ཁོར་མོར་ཡོད་པ་ཞིག་ལངས་ཏེ་རྗེ་བཙུན་ལ་ཕྱག་འཚལ། རྗེ་བཙུན་རིན་པོ་ཆེ་འདི་རྣམས་ཧོར་གྱི་ཕོ་ལྷ་གནམ་ཐེལ་དཀར་པོ་བྱ་བ་ཁྱེད་སྤྱན་འདྲེན་པར་འོང་བ་ཡིན་པར་འདུག །ང་གཉན་ཆེན་ཐང་ལྷ་བྱ་བ་ཡིན་ཏེ་ཁོང་རྣམས་ཀྱི་ལམ་སྣ་ལ་འོངས་བ་ཡིན། ཧོར་གྱི་ལྷ་མི་ཐམས་ཅད་ལ་ཕན་པའི་ཕྱིར་དུ་འབྱོན་དགོས་ཞུ་བ་ལ། རྗེ་བཙུན་ཆེན་

པོས༑ ང་ན་སོ་ཡང་རྒས་ཧོར་དང་ལས་འབྲེལ་ཆེ་བ་རང་ཡང་མེད་པས་ཕན་མི་ཐོགས། ངའི་ཚ་བོ་འཇམ་དབྱངས་ཀྱི་སྤྲུལ་པ་ཀུན་དགའ་རྒྱལ་མཚན་སྤྱན་དྲངས་ན་ཧོར་དང་ལས་འབྲེལ་ཡང་ཆེ་བར་འདུག་པས་ཕན་ཐོགས་པ་འོང་ཞེས་ལུང་བསྟན། ནང་མཆོད་བདུད་རྩིར་བྱིན་གྱིས་བརླབས་ཏེ་སྲིན་ལག་གི་རྩེས་འཐོར་བ་གནང་བས་དེ་རྣམས་བཟི་བའི་རྣམ་པས་ཉམས་ཀྱི་མཚན་ཐོག་ཐག་གླུ་གར་སོགས་ཀྱི་དུས་འདའ། ནམ་ལངས་པ་ན་ལོག་སོང་བར་མཐོང་བ་དང་། ཡང་ཆ་ལུང་རྡོ་རྗེའི་བྲག་ཏུ་བཞུགས་པའི་ཚེ་ཚོགས་བདག་གླང་སྣ་ཅན་གྱི་མཁའ་དབྱིངས་མཐོན་པོར་བཏེག་ནས་རྒྱ་ནག་གི་ཡུལ་ཁམས་ཐམས་ཅད་བསྟན། འདི་ཐམས་ཅད་ཁྱོད་ཀྱི་གདུལ་བྱ་ཡིན་གསུངས་པ་ན་སྔར་བཞིན་གསུངས་ཏེ། ཀུན་དགའ་རྒྱལ་མཚན་གྱི་གདུལ་བྱར་འོང་བར་གྱིས་ཞེས་བཀའ་བསྒོས་པ་དང་། གཙང་ནག་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱིས་མནལ་ལམ་ཟིན་ནས་ཤར་ཕྱོགས་སུ་འཕུར་བྱོན་པས། རི་བོ་རྩེ་ལྔ་ཡིན་ཟེར་བའི་སྤང་རི་བཟང་པོ་ཞིག་གི་རྩེར་གནས་གཞི་བཟང་པོ་ལྟ་བུ་ཞིག་གི་དབུས་སུ་ཁང་པ་བཟང་པོ་ཞིག་འདུག་པ་ལ་འདི་འཇམ་པའི་དབྱངས་ཀྱི་ཕོ་བྲང་ཡིན་སྙམ་ནས་བསྐོར་བ་འགའ་བྱས། སྒོ་ཡུན་རིང་དུ་མ་རྙེད་པ་ལ་སླར་ཤར་ཕྱོགས་ནས་སྒོ་གཅིག་བྱུང་། ནང་དུ་བྱོན་པས་གཙུག་ལག་ཁང་བཟང་པོ་ཞིག་གི་དབུས་ན་བླ་མ་ཆོས་རྗེ་པ་བཞུགས་འདུག །འདི་འཇམ་པའི་དབྱངས་ཡིན་སྙམ་ནས་ཕྱག་འཚལ་བྱིན་རླབས་ཞུས་པས། གསུང་ནི་གང་ཡང་མ་བྱུང་། གླེགས་བམ་དར་སྣ་ཚོགས་ཀྱི་དྲིལ་བ་ཞིག་གནང་། ཁ་ཕྱེ་ནས་བལྟས་པས་མཚན་བརྗོད་ཀྱི་དཔེ་གསེར་གྱིས་བྲིས་པ་ཞིག་འདུག །དེ་མ་ཐག་མནལ་སད་དེ། དེ་ཕྱིན་ཆད་ཆོས་

༄༅། །རྗེ་པ་ལ་ཐ་མལ་པ་ཡིན་སྙམ་པའི་བསམ་པ་སྐད་ཅིག་ཀྱང་མ་སྐྱེས་པ་དང་། ཆོས་རྗེ་པ་ལིང་ཆུ་རྩེར་ཁབ་ན་བཞུགས་པའི་ཚེ་མི་མང་པོས་རི་བོ་རྩེ་ལྔ་ལ་མཆོད་པ་འབུལ་དུ་ཕྱིན་པས་ཐམས་ཅད་ལ་རྨི་ལམ་མཐུན་པར་འཇམ་པའི་དབྱངས་འདི་ན་མི་བཞུགས། ལིང་ཆུ་རྩེར་ཁབ་ན་བཞུགས་ཟེར་བ་བྱུང་བས། སླར་ལོག་སྟེ་ལིང་ཆུ་རྩེར་ཕྱིན་པ་ན་ཆོས་རྗེ་པ་མི་མང་པོ་ལ་ཆོས་གསུངས་པ་དང་མཇལ། ཆོས་ཀྱང་ཐོབ་སྟེ་ཐམས་ཅད་ལ་འཇམ་པའི་དབྱངས་ཡིན་སྙམ་པའི་ངེས་ཤེས་སྐྱེས་པ་དང་། ལྷ་རྗེའི་རྫི་སོགས་མོས་གུས་ཅན་གྱིས་སློབ་མ་མང་པོས་འཇམ་པའི་དབྱངས་དངོས་སུ་མཐོང་བ་སོགས་ཀྱི་ཕྱག་ན་རལ་གྲིའི་སྤྲུལ་པ་ཡིན་པར་གྲུབ་མོད། ཐ་སྙད་དུ་དབྱིག་གཉེན་དང་རྔོག་བློ་ལྡན་ཤེས་རབ་སོགས་པཎྜིཏའི་སྐྱེ་བ་བར་མ་ཆད་པ་ཉི་ཤུ་རྩ་ལྔའམ་རྩ་བདུན་གྱི་བར་དུ་རིག་པའི་གནས་ལྔ་ལ་སྦྱངས་པས་ཤེས་བྱ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་དང་། འགྲོ་བའི་མགོན་པོ་འཕགས་པ་ནི། སྔར་གྱི་ཇོ་བོ་རྗེའི་ལུང་བསྟན་དང་། དགུང་ལོ་གསུམ་བཞེས་པ་ན་སྒྲུབ་ཐབས་མཚོ་སྐྱེས་ལ་མཁས་པ་དུ་མའི་དབུས་སུ་བཤད་པ་མཛད་པ་དང་། དགུང་ལོ་བརྒྱད་པ་ལ་ཆོས་རྗེ་བའི་སྔོན་འགྲོའི་ཆོས་འཁོར་གྱིས་དུས་རབ་ཏུ་བྱུང་བ་ཁྲི་ཕྲག་དུ་མ་འདུས་ཤིང་། དེའི་ནང་ན་སྡེ་སྣོད་འཛིན་པ་རང་ཡང་སྟོང་ཕྲག་དུ་མ་དང་། གདུགས་ཐོགས་པའི་བསྟན་འཛིན་ཆེན་པོ་སྟོང་ལྷག་པ་འདུས་པའི་དབུས་སུ་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང་། དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པ་ལ་སྡེབ་སྦྱོར་དང་ཚིག་རྒྱན་དུ་མས་སྤྲས་ཤིང་། བཤད་པའི་ཚེ་ནའང་དགག་སྒྲུབ་དང་བཅས་པ་སྨྲ་བའི་རྒྱན་བཞི་དང་ལྡན་པའི་སྒོ་ནས་མཛད་པ་ན། མཁས་པ་ཐམས་

ཅད་ཀྱི་ང་རྒྱལ་ཆག་ནས་ཧ་ལས་པར་གྱུར་ཏེ་སོ་སྐྱེ་ལ་འདི་ལྟ་བུ་འབྱུང་བ་མི་སྲིད། འདི་ནི་ངེས་པར་ས་ལ་གནས་པའི་འཕགས་ཆེན་ཞིག་གོ། །ཅེས་གླེང་པས་འཕགས་པ་ཞེས་པའི་མཚན་བླ་དགས་སུ་ཆགས་པ་སོགས་ཀྱི་ཟུར་ཕུད་ལྔ་པའི་སྤྲུལ་པར་གྲགས་མོད། ཐ་སྙད་དུ་རྒྱ་གར་དུ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དུ་མར་སྐྱེ་བ་བཞེས་པ་དང་། བོད་དུ་ཡང་གླང་རི་ཐང་པ་དང་། སྤྱན་རས་གཟིགས་དང་གསུང་གླེང་མཛད་པར་གྲགས་པའི་ས་སྟོན་རི་པ་སོགས་མཁས་ཤིང་གྲུབ་པ་བརྙེས་པ་དུ་མར་སྐྱེ་བ་བཞེས་པས་ཤེས་བྱའི་གནས་ཐམས་ཅད་ལ། ཆོས་རྗེ་པས། མཁས་པ་ལ་ལ་མཚོ་བཞིན་ངང་གིས་གང་། །ལ་ལ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ། །ཅེས་པ་ལྟར་གྱུར་པ་ཡིན་ལ། དེ་ལྟ་བུའི་ཤིང་རྟའི་སྲོལ་གསར་དུ་བཏོད་པའི་བཀའ་སྲོལ་ལ་ཕྱིས་ཆོས་རྗེ(བསོད་ནམས་རྒྱལ་མཚན།)བླ་མ་དམ་པ། ཐེག་ཆེན(ཀུན་དགའ་བཀྲ་ཤིས།)ཆོས་ཀྱི་རྒྱལ་པོ། (བླ་མ་འདི་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོ། འཇམ་དཔལ་ཀྱི་རྗེས་གནང་། བཀའ་འགྱུར་གྱི་ལུང་། ས་སྐྱ་བཀའ་བསྩམ་གྱི་ལུང་། དབུ་སེམས་གཉིས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལ་སོགས་པ་གསན།) ས་ལོ་ཐམས་ཅད་མཁྱེན་པ(ཀུན་དགའ་བསོད་ནམས།)སོགས་ཉིད་ཀྱི་དབོན་རིགས་སུ་འཁྲུངས་པ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ནམ་མཁའི་སྐར་ཕྲན་གྱི་གྲངས་ཙམ་དང་། རྗེས་སུ་འབྲང་བ་མཁས་བཙུན་བཟང་གསུམ་གྱི་ཕ་མཐར་བྱོན་པར་མ་ཟད། གྲུབ་པ་ཆེན་པོའི་གོ་འཕང་ལ་བཞུགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པས་ལུང་གིས་བརྟགས། རིག་པས་དཔྱད། བཤད་ཉན་གྱིས་གཏན་ལ་ཕབ་སྟེ་ཤིན་ཏུ་རྣམ་པར་དག་པ་ལ་དག་པར་གཟིགས་པའི་ཕྱིར་ན་བཀའ་སྲོལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །
