རྟ་ནག་ཆོས་འབྱུང་།
༣. རྟགས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ།
(༣. རྟགས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ།)
གསུམ་པ་ནི་བླ་མ་ས་སྐྱ་པ་ཆེན་པོ་དགུང་ལོ་བཅུ་གཉིས་བཞེས་པ་ན་ཡབ་གཤེགས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་གདན་སར་བསྐོས་པས༑ བ་རི་བའི་གསུངས་ནས་ཕ་ཇོ་སྲས་ཀྱི་བུ་བྱ་བ་སློབ་གཉེར་བྱེད་དགོས། སློབ་གཉེར་བྱེད་པ་ལ་ཤེས་རབ་དགོས། ཤེས་རབ་ཀྱི་ལྷ་འཕགས་པ་འཇམ་དཔལ་ཡིན་པས་འདི་སྒྲུབས་ཤིག་གསུངས་ནས་འཇམ་དཔལ་གྱི་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང་གནང་སྟེ(བླ་བྲང་ཤར་དུ།)སྒྲུབ་པས་དུང་གི་མི་ཆེན་པོ་ཞིག་ཡང་ཡང་བྱུང་། དེ་བླ་མ་ལ་ཞུས་པས། དཔེ་དཀར་འདི་བར་ཆད་ཅིག་བྱེད་འདོད་ཡིན་འདུག་པས་བར་འདིར་ཇོ་བོ་མི་གཡོ་བ་སྒྲུབ་གསུངས་ནས་བསྒྲུབས་པས་རྗེ་བཙུན་མ་སྒྲོལ་མས་ཞལ་མངོན་སུམ་དུ་བསྟན་ནས་ཕྱིའི་བར་ཆད་བསལ། མི་གཡོ་བས་ཞལ་མངོན་སུམ་བསྟན་ནས་ནང་གི་བར་ཆད་བསལ། ཟླ་བ་དྲུག་ན་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་རིན་པོ་ཆེའི་ཁྲི་ལ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ། འཁོར་བྱང་ཆུབ་
སེམས་དཔའ་གཉིས་དང་བཅས་པ་མངོན་སུམ་དུ་ཞལ་གཟིགས་ཏེ་བློ་སྦྱོང་ཞེན་པ་བཞི(རིགས་ཀྱི་བུ་ཚེ་འདི་ལ་ཞེན་ན་ཆོས་པ་མིན། ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། བདག་དོན་ལ་ཞེན་ན་བྱང་སེམས་མིན། འཛིན་པ་བྱུང་ན་ལྟ་བ་མིན།)བྲལ་གྱི་གདམས་པ་གནང་ཡང་ལན་ཅིག་མལ་གྱི་ཉེ་གནས་མཛད་པ་ན་སྙུན་གཞི་ཐུ་མོ་ཞིག་བྱུང་བའི་ཚེ། བཟོ་མོ་ཙི་ཙི་ཞེས་པ་བརྟན་མ་བཅུ་གཉིས་ཀྱི་ཡ་གྱལ་དེས་སྨན་ཕུལ་བས་དངས། ཡང་རེ་ཞིག་ན་དེའི་སྙུན་རོ་ལངས་ཏེ་ཡུན་རིང་པོ་ཞིག་སྙུན་བས་གསུང་ངག་ཐམས་ཅད་བརྗེད་པ་ན་འདི་ཤེས་པ་བོད་ན་ནི་མེད་པས་འདྲི་ས་མི་འདུག །རྒྱ་གར་དུ་ཕྱིན་ཀྱང་ཅི་འདྲ་ཡོད་མི་ཤེས་སྙམ་ཐུགས་མ་བདེ་བར་ས་སྐྱའི་བྲང་ཁང་རྙིང་པར་མཚམས་བཅད་དེ་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་པས། ཐོག་མར་རྨི་ལམ་དུ་ཞང་དགོན་པ་བ་བྱོན་ནས་གསུངས། སླར་མངོན་སུམ་དུ་བྱོན་ནས་གསུངས་པས་ཐམས་ཅད་གསོས་པར་གྱུར་ཏེ། དེ་དུས་བསྟོད་པ་མཛད་པའི་ནང་ན། རང་གི་སྤྱད་པའི་ལས་ལས་གྱུར་པ་གཡོ་བ་ཡི། །ནད་ཀྱིས་བཏབ་པ་ཁྱོད་ཀྱི་ཐུགས་རྗེས་ཟིལ་མནན་ནས། །རྨོངས་པར་གྱུར་པ་ཡེ་ཤེས་ཆེན་པོའི་རོས་གང་པ། །རྣལ་འབྱོར་དབང་ཕྱུག་ཁྱེད་ཀྱི་མཐུ་ཡིས་རྗེས་སུ་སྐྱོངས། །ཞེས་པ་འབྱུང་། དེའི་རྗེས་སུ་བིཪྺ་པ་དཔོན་གཡོག་ལྔ་བྱོན་ཏེ་གསུངས་པའི་ལོ་རྒྱུས་གོང་བཞིན། རྩེ་མོས་ནི། གཞོན་ནུའི་དུས་ནས་འཇམ་དབྱངས་སྤྱན་རས་གཟིགས། རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཞལ་གཟིགས་ཤིང་མ་བདེ་བའི་དོགས་པ་ཅི་བྱུང་ཡང་རྣལ་འབྱོར་དབང་ཕྱུག་ལ་ཞུས་ཆོག་པ་བྱུང་། དགུང་ལོ་ཉེར་བརྒྱད་བཞེས་པའི་ཚེ་གསུང་ངག་གི་ལྟ་བའི་སྐབས་ནམ་མཁའ་འོད་ཀྱི་གུར་ཁང་གི་དབུས་སུ་རྗེ་བཙུན་ཆེན་པོ་ལ་འཇམ་དཔལ། ཞུ་བྱས་ལ་ཀྱེ་རྡོ་རྗེ། གཉགས། རྨོག་

༄༅། །སྟོན༐ གཙུག་ཏོར་དབོན་པོ་སོགས་བཅོ་ལྔ་ལ་སྤྱན་རས་གཟིགས་སུ་བསྟན་ཏེ་ཆོས་ཉན་བཅུ་དགུ་དག་པའི་སྣང་བ་ལ་བཀོད་ཅིང་། རྗེ་བཙུན་ཆེན་པོ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། ཨུ་རྒྱན་སོགས་ཡུལ་ཉེར་བཞི་དང་། པོ་ཏ་ལ་སོགས་དུ་མར་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་བྱོན་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་ཉེ་བའི་གནས་བསམས་གཉིས་པ་དྲི་མ་མེད་པའི་རྟོག་པ་བསྐྲུན་པར་མཛད་པ་སོགས་ངོ་མཚར་མཐའ་ཡས། རྗེ་བཙུན་ཆེན་པོས་མནལ་ལམ་དུ་ཀྱེ་རྡོར་རྒྱུད་གསུམ་གྱི་པུ་སྟི(བརྟག་གཉིས། རྡོ་རྗེ་གུར། སཾ་བུ་ཊ།)གསོལ་བས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད། དགུང་ལོ་ཉི་ཤུ་པའི་ཚེ་ཉིན་པར་གཡེངས་པར་མནལ་དུ་སོང་བའི་མནལ་ལམ་དུ་མཚན་བརྗོད་ཕྱེད་ཙམ་བཏོན་པའི་སྣང་བ་བྱུང་། ཡང་ལན་གཅིག་མནལ་ལམ་དུ་ཚར་གཅིག་བཏོན་པ་རྨིས་ཏེ་མནལ་སད་པ་ན་ཐུགས་ལ་འཛིན་མ་དགོས་པ་བྱུང་ཞིང་། དེའི་ཚེ་འཕགས་པ་འཇམ་དཔལ་སྐྱེ་བ་བདུན་གྱི་བར་གྱི་ཡི་དམ་གྱི་ལྷའོ་ཞེས་པའི་སྒྲ་ནམ་མཁའ་ལ་གྲགས་པ་བྱུང་། ཡང་ལན་ཅིག་མནལ་ལམ་དུ་ས་སྐྱ་པ་ཆེན་པོ་རྡོ་དཀར་བ་འཇམ་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་རྣམ་པ་ཡོད་པ། དབུས་སུ་ཧཱུཾ་དང་ཨ། མཚམས་བཞིར་ཡ་ར་ལ་ཝ་བཞི་ཡོད་པ། ཕྱོགས་བཞི་སྟོང་པར་ཡོད་པ་ཞིག་བསྟན་ཏེ་ངས་ཁྱོད་ལ་ཆོས་བསྟན་པ་ཐམས་ཅད་ཀྱི་དོན་འདིར་འདུས་པ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དང་པོ་ཆོས་ཉིད་གདན་དུ་བྱ། །གཉིས་པ་རླུང་ལ་སྦར་ཟིན་བྱ། །གཏུམ་མོའི་མེ་དྲོད་རབ་ཏུ་སྦར། །བྱང་སེམས་ཆུ་རྒྱུན་དབུ་མར་ཞུགས། །ས་སོགས་འབྱུང་བ་དབང་དུ་བསྡུ། །ཡེ་ཤེས་ལྔ་ནི་མངོན་གྱུར་ནས། །

འཆི་བ་མེད་པའི་གནས་ཐོབ་བོ། །ཞེས་གསུངས་པས་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཐུགས་སུ་ཆུད། ཡང་ལན་གཅིག་དབུས་སུ་བླ་མ་ས་སྐྱ་པ་ཆེན་པོ་ལ་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར། གཡས་སུ་ཤཱཀྱ་ཐུབ་པ་ལ་ཉན་ཐོས་བརྒྱད་ཀྱིས་བསྐོར། གཡོན་དུ་ཀྱེ་རྡོ་རྗེ་ལ་ལྷ་མོ་བརྒྱད་ཀྱི་བསྐོར་བའི་ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་སྡོམ་པ་ལེན་ན་སུ་ལ་ལེན། དབང་བསྐུར་ཞུ་ན་སུ་ལ་ཞུ་གསུངས་པ་ན། བདག་སྡོམ་པ་ལེན་པའི་སློབ་དཔོན་ནམ་དབང་བསྐུར་ཞུ་བའི་བླ་མར་གྱུར་པ་ནི་ཆོས་ཀྱི་རྗེ་ཉིད་དོ། །ཞེས་ཞུས་པས། དེ་ཁོ་ན་བཞིན་ཏེ་ཁྱོད་ཀྱིས་ལེགས་པར་རྟོགས་པ་དེ་བཞིན་ནོ། །ཞེས་དབུགས་དབྱུང་སྟེ་ཆོས་དང་འཇིག་རྟེན་གྱི་དགེ་ལེགས་ཐམས་ཅད་ཡར་འཕེལ་དུ་སོང་། ཡང་སློབ་དཔོན་རིན་པོ་ཆེ་བདེ་བ་ཅན་དུ་གཤེགས་ནས་ཡུན་རིང་པོ་མ་ལོན་པའི་ཐོ་རངས་ཞིག་མནལ་ལམ་དུ་སློབ་དཔོན་རིན་པོ་ཆེ་ན་བཟའ་སྦུབ་ཧ་རེ་སྐུ་ལུས་འདི་ཉིད་ཀྱི་མཁའ་སྤྱོད་དུ་གཤེགས་པའི་ན་བཟའི་སྦུབས་ནས་སྦྲང་པོ་ཆེ་ལྟ་བུའི་སྐད་ཅིག་བར་སྣང་ལས་འཐོན་ཏེ་ཁྱོད་འདི་ནས་བྱང་ཕྱོགས་སུ་ཞིང་ཁམས་དཔག་ཏུ་མེད་པ་འདས་པ་ན་སངས་རྒྱས་ཀྱི་ཞིང་གསེར་མདོག་ཅན་བྱ་བར་དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་རྩེན་པའི་རྒྱལ་པོའི་བསྟན་པ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མཐའ་ཡས་བྱ་བ་བཞུགས། དེའི་སྲས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་སུ་སྐྱེའོ་ཞེས་པའི་སྒྲ་རང་གྲགས་སུ་བྱུང་ངོ་། ཡང་ཁ་ཆེ་པཎ་ཆེན་གྱི་ཤང་བསྲེག་ཤིང་དུ་ཟླ་བ་གཟའ་འཛིན་གྱི་སྒོ་ཡིག་བཏབ་པ་ན་རྗེ་བཙུན་གྱིས་རོ་རྐྱང་གཉིས་རླུང་སེམས་འགྲོ་འོང་བཀག་སྟེ། དབུ་མའི་ནང་དུ་ཁམས་དཀར་དམར་བསྲེས་པས་དེའི་མཚན་མོ་ཟླ་བ་འཆར་རྒྱུ་མ་བྱུང་། དེང་སང་

༄༅། །ཆོས་རྗེ་པས་པཎ་ཆེན་ལ་དེ་ཅི་ཡིན་ཞུས་པས་ང་བརྫུན་མར་བཏང་བའི་ཕྱིར་ཁྱོད་ཀྱི་ཁུ་བོ་དགེ་བསྙེན་རྒན་པོ་དེ་ལ་དཀའ་ལས་ཅི་ཡང་བྱུང་སོང་གསུངས་ཞེས་གསུངས་པར་གྲག་གོ། །ཡང་བདེ་བ་ཅན་དུ་སྤྱན་འདྲེན་གྱི་ཕོ་ཉ་ལན་གཉིས་བྱུང་བའི་དང་པོ་ཕྱིར་ཟློགས། གཉིས་པའི་ཚེ་ལྷ་རྣམས་ཀྱི་བདེ་བ་ཅན་གྱི་བསྔགས་པ་དང་མི་མཇེད་ཀྱི་མི་བསྔགས་པ་མང་དུ་བརྗོད་ནས་ནན་གྱིས་སྤྱན་དྲངས་པ་ན། ཁོ་བོ་ཞིང་བཟང་བ་ལ་དགའ་བ་དང་། ངན་པ་ལ་མི་དགའ་བ་མེད་ཅིང་། ཞིང་སྦྱོང་བ་ལ་དམན་པ་ཉིད་ཁྱད་པར་ཆེ། ཁོ་བོ་ལ་ལྟོས་པའི་མགོན་མེད་པ་མང་པོ་ཡོད་པས་ང་མི་འགྲོ་གསུངས་ནས་ཟློགས། དགུང་ལོ་བདུན་ཅུ་བཞེས་པའི་ཚེ་ཅི་ནས་ཀྱང་གཤེགས་དགོས་ཞེས་ནན་གྱིས་སྤྱན་དྲངས། བདེ་བ་ཅན་གྱི་བཀོད་པ་ཡང་གཟིགས། ཐོ་རངས་ཆོས་རྗེ་པས་ཙོག་པུར་འདུག་སྟེ་གསོལ་བ་བཏབ་པས་ཅུང་ཟད་མནལ་བ་ན། བདེ་བ་ཅན་ནས་འོངས་ཟེར་བའི་ལྷ་ཚོགས་ནམ་མཁའི་ཁམས་ཁྱབ་པ་རྣམས་ཀྱིས་སེང་གེའི་ཁྲི་རྒྱན་དུ་མས་བརྒྱན་པ་དང་། མཆོད་པའི་བཀོད་པ་རྒྱ་མཚོར་འཁྱིལ་བ་དང་བཅས་པ་ཐོགས་ནས་རྗེ་པ་བདེ་བ་ཅན་དུ་སྤྱན་འདྲེན་ཟེར་བ་ལ་གསོལ་བ་བཏབ་པས་ཀྱང་མི་སྨྲ་བར་འཁོད། རྗེ་པ་ཉིད་ལ་གསོལ་བ་བཏབ་པས་གཤེགས་པ་ལ་སྤྲོ་བར་འདུག །ཁྱོད་ཀྱང་བདེ་བ་ཅན་གྱི་བཀོད་པ་ལ་ལྟོས་ཤིག་གསུངས། ཕྱག་གི་བརྡ་སྤྲད་པས། བཻ་ཌཱུཪྱའི་ས་གཞི་རིན་པོ་ཆེའི་ཤིང་ལྗོན་པ་སོགས་བཀོད་པ་ཡིད་འཕྲོག་པ་གཟིགས། དེར་དང་པོ་གསེར་མདོག་ཅན་དུ་གཤེགས་གསུངས་པ་དང་མི་འགལ་ལམ་ཞེས་ཞུས་པས། བླ་མ་ཡབ་སྲས་ཀྱི་དྲུང་དུ་སྐྱེ་བར་གྱུར་ཅིག་ཅེས་པའི་སྨོན་ལམ་གྱི་སྟོབས་

ལས༑ རེ་ཞིག་བདེ་བ་ཅན་དུ་འགྲོ། དེར་ཡུན་མི་རིང་བ་ཞིག་བསྡད་ནས་གསེར་མདོག་ཅན་དུ་སྔར་བཤད་པའི་ཚུལ་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཆ་བྱད་དུ་བྱས་ནས་ས་ལམ་ཕལ་ཆེར་བགྲོད་སྐྱེ་བ་གསུམ་པའི་ལུས་རྟེན་དེ་ལ་འཚང་རྒྱ་རྒྱུ་མེད་པའི་ཚུལ་གྱིས་རྒྱ་བར་རེ་བ་ཡིན་གསུངས་ནས་གཤེགས་པ་སོགས་མཐའ་ཡས། ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་མནལ་ལམ་དུ་ཨ་ཕྱི་འབུམ་པའི་དྲུང་དུ་དབྱིག་གཉེན་ཡིན་ཟེར་བའི་པཎྜིཏ་སྔོ་སང་ལང་ཚོ་དར་ཡོལ་ཞིག་ལ། ཆོས་མངོན་པ་མཛོད་ཟླ་བ་གཅིག་གསན་པར་རྨིས། མནལ་སད་པ་ན་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད་འདུག །ཕྱིས་ཁ་ཆེ་པཎ་ཆེན་ལས་གསན་པས་ཀྱང་སྔར་དང་ཁྱད་མ་བྱུང་གསུངས། ཡང་ཚོགས་པ་ཆེན་པོ་ཞིག་ལ་ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་སཾ་སྐྲྀ་ཏའི་སྐད་དུ་གསུངས་པའི་ཚེ་ཕྲག་གོང་གཉིས་ནས་ཉི་ཟླ་ཤར་ཏེ་དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་ཞིག་རྨིས་པ་དང་། དུས་གཞན་ཞིག་ན་ཕྱོགས་ཀྱི་གླང་པོའི་གདན་སར་བསྐོས་པས་གཤེགས་པར་ཞུ་ཟེར་ནས་བྱོན་པས་བྲག་ཕུག་བཟང་པོ་ངོས་རྣམས་ལ་གླེགས་བམ་གྱི་རྩིག་པ་མཐོན་པོ་དང་བཅས་པ་ཞིག་གི་ལྡེ་མིག་གཏད་པ་རྨིས། ཡང་ཁ་ཆེ་པཎ་ཆེན་བོད་དུ་མ་བྱོན་གོང་མནལ་ལམ་དུ་ཆོས་ཟབ་མོ་རྡོ་རྗེའི་གླུར་ལེན་པ་གསན། ཕྱིས་པཎ་ཆེན་དང་མཇལ་དུས་ཞུས་པས། དེ་དུས་ཁོ་བོ་ལ་ཡང་དེ་ལྟ་བུའི་སྣང་བ་ཞིག་བྱུང་གསུངས། ཡང་རྗེ་བཙུན་རིན་པོ་ཆེ་ལ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞུས་པས་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཇམ་དཔལ་དུ་མཐོང་། ཤེས་བྱའི་གནས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ནང་དུ་ཡང་

༄༅། །དག་པའི་རྟོགས་པ་ཤར། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་འདུས། རྒྱ་དཀར་ནག་ལ་སོགས་པའི་རྒྱལ་པོ་དྲེགས་མྱོས་ཀྱི་ང་རོ་འབྲུག་ཏུ་ལྡིར་བ་མང་པོས་གསུང་གི་བདུད་རྩི་ལེན་པར་འདོད་ནས་སྤྱན་འདྲེན་གྱི་ཕོ་ཉ་བཏང་། དབང་ཕྱུག་དང་ཚངས་པ་ལ་སྐྱབས་སུ་སོང་ཞིང་དྲང་སྲོང་སེར་སྐྱ་དང་གཟེགས་ཟན་ལ་སོགས་པའི་རྗེས་སུ་འབྲང་བ། རྒྱ་གར་ན་རྩོད་པའི་ཡ་མ་རྙེད་པ་འཕྲོག་བྱེད་དགའ་བོ་ལ་སོགས་པའི་སྟོན་པ་དྲུག་གི་ཆོས་རྗེ་པས་སྙན་པ་ཐོས་པས་ཕྲག་དོག་གི་བསམ་པ་རླུང་ལྟར་ལངས་ཏེ། ཁོ་བོ་ཅག་ཁ་བ་ཅན་གྱི་ལྗོངས་སུ་ཕྱིན་ཏེ། དེ་ན་གནས་པའི་སྐྱེ་བོ་གོའུ་ཏ་མའི་དགེ་སྦྱོང་དུ་ཁས་འཆེ་བ་བུད་མེད་ཀྱི་བརྟུལ་ཞུགས་ཅན་ལྟ་བ་དང་སྤྱོད་པ་ངན་པ་ལ་ཞེན་པ་དེ་དག་སུན་དབྱུང་ནས་རང་ཅག་གི་བརྟུལ་ཞུགས་འཛིན་དུ་གཞུག་གོ་ཞེས་བགྲོས་ཏེ་འོངས་པ་ན། ཆོས་ཀྱི་རྗེ་སྨྲ་བའི་སེང་གེས་རལ་པ་ཅན་རྐང་པ་བརྒྱད་དང་ལྡན་པ་དེས་རེ་རེ་ནས་སུན་ཕྱུང་སྟེ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད། རལ་པའི་ཁུར་བྲེགས་ནས་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེ་ལྟ་བུའི་གྲགས་དཀར་མི་ནུབ་པའི་ཕྱིར་རལ་པ་རྣམས་ད་ལྟའི་བར་དུ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་གི་ཀ་རྒྱན་དུ་བཏགས། སྤྱན་རས་གཟིགས་དང་སྒྲོལ་མ་དང་འཇམ་པའི་དབྱངས་དང་མི་གཡོ་བ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པས་ཞལ་བསྟན། དབུགས་དབྱུང་། ཆོས་ཀྱི་སྒོ་དུ་མ་གདམས་པ་དང་རྗེས་སུ་བསྟན། ཅུང་ཟད་བསྙུང་པའི་ཚུལ་བསྟན་པ་ན། འཕགས་པ་ཀླུ་སྒྲུབ་དང་ཞི་བ་ལྷ་ལ་སོགས་པས་བསྙུན་དྲིས། བསམ་ཡས་ཀྱི་བཙད་པོ་ཤཱཀྱ་མགོན་གྱིས་ཆོས་འཁོར་ལ་སྤྱན་དྲངས་པའི་ཚེ། རྒྱུད་ཀྱི་བརྟག་པ་གཉིས་པའི་ལེའུ་ལྔ་པ་ཡན་

གསུངས༏ གསུང་ངག་ཕལ་ཆེར་རྫོགས་པའི་ཚེ། སྲིན་པོ་རི་པས་དགེ་འདུན་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱེད་པའི་ཚོགས་དབུ་ལ་སྤྱན་དྲངས་པ་ན་ཉིན་པར་བྱིན་རླབས་དང་མན་ངག་འགའ་རེ་གནང་བ། ཞལ་ཏ་ཞུ་བའི་ལན་གནང་དགོས་པ་སོགས་ཀྱི་ཐོ་རངས་བར་མནལ་རྒྱུ་མ་བྱུང་། དེ་ནས་ཅུང་ཟད་མནལ་པ་ན་མི་སྐྱ་ཤར་བ་ཚན་ཅིག་བྱུང་སྟེ་ཕྱག་འཚལ། ཕྱག་རྟེན་རེ་ཕུལ་ཏེ་གྲལ་ལ་འདུག་ནས་གྲལ་མགོ་མ་ན་རེ། ཆོས་རྗེ་པ་སེམས་ཅན་ཐམས་ཅད་སྐྱེ་རྒས་ན་འཆིའི་ཆུ་བོ་ཆེན་པོ་བཞིས་ཉམ་ཐག་པར་མི་གདའི་ཟེར། དེ་བཞིན་འདུག་གསུངས་པས། འོ་ན་དེ་ལ་ཕན་པའི་སྨོན་ལམ་འདྲ་བདོག་གེ་ཟེར། སྐྱེ་བ་སྐྱེ་བ་མེད་པའི་ཚུལ་གཏོགས་ཀྱང་། །ད་དུང་སྐྱེ་བའི་གཟེབ་ལས་བདག་མ་གྲོལ། །སྐྱེ་བ་ཀུན་ཏུ་སྐྱེ་བོར་སྐྱེ་འགྱུར་བའི། །སྐྱེ་ངན་བདག་གིས་སྐྱེ་བའི་སྐྱབས་མཛོད་ཅིག །གྱིས་ལ་གསོལ་བ་ཐོབ་གསུངས། འོ་ན་ན་བ་ལ་སོགས་པ་ལའང་དེ་བཞིན་སྦྱར་བས་འཆི་བར་མི་གདའི་ཟེར། གོ་འདུག་སྙམ་སྟེ་དེ་བཞིན་བྱས་པས་འོང་བར་འདུག་གསུངས་པས། ཐུགས་ལ་བཏགས་ཟེར་ནས་ཕྱག་རེ་བཙལ་ཏེ་སོང་བར་རྨིས། མནལ་སད་ནས་བསམ་པས་བསམ་ཡས་ཀྱི་རྒྱལ་པོ་བྷེ་ཧ་ར་འཁོར་བཅས་ཡིན་པར་གོ་སྟེ་དེ་བཞིན་འོང་བར་འདུག་གསུངས། དེས་ན་ད་ལྟའི་བར་དུ་རྒྱལ་པོ་འདིས་ས་སྐྱ་པ་རྣམས་ཀྱི་ཕྲིན་ལས་སྒྲུབ་ཅིང་བཀའ་ཉན་པའི་རྒྱུ་མཚན་དེ་ཡིན། ཡང་ཧོར་གྱི་རྒྱལ་པོ་གོ་དན་གྱིས་སྤྱན་དྲངས་ཏེ། དགུང་ལོ་དྲུག་ཅུ་རེ་གསུམ་པ། འཕགས་པ་དགུང་ལོ་བཅུ་བཞེས་པ། (དབུས་སུ་ས་པཎ་ལ་རབ་ཏུ་བྱུང་། )ཕྱག་ན་དགུང་ལོ་དགུ་བཞེས་པ་གཉིས་ཞབས་འབྲིང་བྱས་ཏེ་སློབ་མའི་ཚོགས་རགས་ལ་མང་བས་མདུན་བདར་ཏེ་

༄༅། །ཆས་པ་ན། བཀའ་གདམས་པ་ནམ་མཁའ་འབུམ་གྱིས་ཁྱེད་ལ་མངོན་པར་རྟོགས་པའི་ཡོན་ཏན་ཅི་མངའ་བ་ཞིག་མི་འཆབ་པར་སྙིང་གཏམ་གྱི་ཚུལ་དུ་གསུང་པར་ཞུ། གཞན་ཡང་ཧོར་འདི་ལ་ཁྱེད་ཀྱི་ཕན་ཐོགས་པའི་རྒྱུ་མཚན་ཨེ་བདོག །ཅེས་ཞུས་པའི་ལན་དུ་བདག་སངས་རྒྱས་ཀྱི་བསྟན་པ་ལ་མོས་གུས་ཕྱིན་ཅི་མ་ལོག་པ་ཡོད། གསུང་རབ་ཀྱི་དོན་ལ་གོ་བ་ཅུང་ཟད་མཆིས། མངོན་པར་རྟོགས་པ་རྒྱུད་ལ་སྐྱེས་པ་ཙམ་ནི་ཆེན་པོ་མི་བདོག །ཧོར་འདིས་ངེད་ལ་མཆོད་གནས་ལ་ཅིས་ཀྱང་ཤོག །མི་འོང་ན་དམག་འོང་ཟེར་ནས་དམག་བྱུང་ན་བོད་ལ་གནོད་ཀྱིས་དོགས་ནས་འགྲོ་བ་ལགས། ཕན་དུ་རེ་ནས་འགྲོ་བ་མ་གཏོག་ཕན་ངེས་པའི་རྒྱུ་མཚན་མ་མཆིས། ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་མི་ཕོད་རྒྱུ་མི་བདོག་པ་ཙམ་ད་ལྟ་ཤེས་པ་ལ་གདའ་ཞེས་གསུངས་ཏེ། ཆོས་ཀྱི་དོན་དུ་སྲོག་གཏོང་བ་ས་དང་པོ་མཐོང་བའི་ལམ་ཐོབ་པའི་རྟགས་ཡིན་པས་གསར་གནས་ཀྱི་འཕགས་པར་ཞལ་གྱིས་འཆེས་པ་ཡིན། ཧོར་ལ་ཕན་ཐོགས་པའི་རྒྱུ་མཚན་མི་བདོག་གསུངས་པ་ཡང་ཁེངས་བསྐྱུངས་པ་ཙམ་སྟེ། གཞན་ཡང་རྗེ་བཙུན་ཆེན་པོ་སྐུ་འདའ་ཁར་ཁྱོད་ཀྱི་ཚེའི་མཇུག་ཏུ་ཞྭ་ཁྲ་འཕུར་བ་འདྲ་བ། ལྷྭམ་ཕག་པའི་སྣ་འདྲ་བ་གྱོན་པའི་སྐད་རིགས་མི་གཅིག་པའི་ཡུལ་ནས་སྤྱན་འདྲེན་གྱི་ཕོ་ཉ་འོང་བས་དེ་དུས་ཐེ་ཚོམ་མ་བྱེད་པར་སོང་ཞིག །སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་འགྲོ་དོན་དཔག་ཏུ་མེད་པ་འོང་ངོ་། །ཞེས་ལུང་བསྟན་པ་ཐུགས་ལ་བཞག་ནས་བྱོན་པ་ཡིན། དེ་ནས་ལམ་བར་རྣམས་སུ་གདུལ་བྱ་སྐལ་ལྡན་ལ་དབང་བྱིན་རླབས་རྒྱུད་མན་ངག་ལ་སོགས་པ་

ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པའི་ངང་ནས་བྱོན་ཏེ་དྲུག་ཅུ་རྩ་ལྔ་པ་ལ་རྒྱལ་པོའི་ཕོ་བྲང་ལིང་ཆུ་རྩེར་ཁབ་ཏུ་རྒྱལ་པོ་དང་མཇལ། ཆོས་ཀྱི་གསུང་གླེང་མང་དུ་མཛད། ཅུང་ཟད་མ་གོ་བ་རྣམས་ཡོ་གུར་གྱི་བནྡེ་མཁས་པ་རྣམས་ཀྱིས་མཚམས་སྦྱར་ནས་གོར་བཅུག་པས་རྒྱལ་པོ་ཡང་ཤིན་ཏུ་མཉེས་ཏེ་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་བློ་སྦྱོང་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་གསན་ཏེ་མཆོད་གནས་དང་བླ་མ་ཀུན་གྱི་ཕུད་དུ་བཀུར་བར་མཛད། དེ་ནས་བཟུང་སྟེ་སྐད་རིགས་མི་གཅིག་པའི་ཡུལ་དུ་ཆོས་ལ་མི་དད་པ་རྣམས་དད་པར་བྱས། དད་པ་རྣམས་ཐེག་པ་ཆེན་པོ་ལ་བཅུག་སྟེ་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད། རབ་ཏུ་བྱུང་བའི་དབུ་འཕང་བསྟོད་དེ་དམག་ཁྲལ་ལས་གསུམ་ལས་ཐར་བར་མཛད། དེ་ནས་རྒྱལ་པོ་གོ་དན་ལ་ཤ་བཀྲའི་ནད་བྱུང་བའི་རིམ་གྲོར་ཆབ་གཏོར་འཇམ་དཔལ་མ་མང་དུ་མཛད་པས། ལུག་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་གི་ཐོ་རངས་མནལ་ལམ་དུ་མི་འཐེང་པོ་ལུས་ཐམས་ཅད་རྨ་དང་ཤུ་བས་གང་བ་ཞིག་བྱུང་། ཁྱོད་སུ་ཡིན་དྲིས་པས། ང་ལ་དཔོན་ཞིག་ཡོད་པ་ན་རེ། ས་སྐྱ་པས་འབོད་ཅིང་འདུག་པས་ཁྱོད་སོང་ལ་ཅི་ཟེར་ཉོན། ང་ལུས་པོ་ན་བས་འགྲོ་མི་ནུས་པར་འདུག་ཟེར་ནས་འོངས་པ་ཡིན་ཟེར། འོ་ན་དེ་ལ་ཐབས་ཅི་བྱས་ན་ཕན་དྲིས་པས། ཁོ་ན་རེ། ཡུལ་ཕྱོགས་འདི་རྣམས་སྔོན་སུས་ཀྱང་མ་བཟུང་བའི་དུས་སུ་ངའི་དཔོན་དེས་བདག་བྱས་པ་ཡིན། དེའི་ཚེ་གོ་དན་འདི་ཤཱཀྱ་མུ་ནི་ལ་བསོད་ནམས་བསགས་པའི་རྒྱལ་པོ་ཞིག་ཏུ་སྐྱེས། དེ་ནས་ཚེ་འཕོས་ནས་མི་ཉག་གི་རྒྱལ་པོ་ཞིག་ཏུ་སྐྱེས། དེས་ངེད་ཀྱི་ཁང་པའི་སྟེང་དུ་མཁར་ལས་བྱེད་པར་བརྩམས་ཏེ་བནྡེ་རྣམས་

༄༅། །ལ་ང་མཁར་ལས་བྱེད་པའི་ས་གཞི་སློང་བའི་ཆོ་ག་གྱིས་ཟེར་ནས། བནྡེ་རྣམས་དབྱངས་འདྲ་བྱེད། རོལ་མོ་འདྲ་འཁྲོལ། གཏོར་མ་འདྲ་བ་གཏོང་གིན་འདུག་སྟེ་ས་ཆོག་མི་ཤེས་འདུག་པས་ས་མ་བྱིན། དེར་རྒྱལ་པོས་མཁར་ལས་བྱས་པས་དེད་དཔོན་གཡོག་རིས་མནན་པ་བཞིན་སོང་། དེ་ནས་མིའི་བསོད་ནམས་མ་ཐུབ་པར་བྱང་ངོས་འདིར་འོངས་ནས་ཡུལ་ལེགས་པར་བཟུང་། དེར་ཡང་རྒྱལ་པོ་འདི་འོངས་ནས་ངེད་ཀྱི་སྟེང་དུ་མེ་བཏང་། ས་བརྐོས། གཞན་ཡང་གནོད་པ་མང་དུ་བྱས་ཏེ་བསྡད་ས་མ་བྱུང་། དེ་ནས་ངའི་དཔོན་འདི་ཁྲོས་ཏེ་ཡུལ་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་བསྡུས་ནས་རྒྱལ་པོ་འདིས་ང་ལན་གཉིས་ཡུལ་ཕྱུང་བས་ད་འདི་ལ་གནོད་པ་ཞིག་བྱེད་པས་ཁྱེད་རྣམས་ཀྱིས་གྲོགས་གྱིས་ཞེས་བསྒོ་བ་ན། ལྷ་འདྲེ་རྣམས་ན་རེ༑ རྒྱལ་པོ་འདིས་ཤཱཀྱ་མུ་ནི་ལ་བསོད་ནམས་བསགས་པ་ཡིན་པས་འདིའི་སྟོབས་མི་ཐུབ་ཀྱིས་ཁྱོད་སྐམ་སར་མ་སྡོད་པར་ཆུ་མིག་དང་། འདམ་རྫབ་ཡོད་སར་ཡུལ་བཟུང་ཟེར་ནས་དེ་བཞིན་བྱས་ནས་བསྡད་པའི་དུས་སུ་རྒྱལ་པོ་འདིས་རྒྱལ་པོ་སྔ་མ་ཀུན་གྱི་བནྡེ་ལ་རྒྱགས་བྱིན་པའི་ཡི་གེ་བལྟས་ཏེ་ཆེས་ཟེར་ནས་འཕྲི། ཤཱཀྱ་མུ་ནི་འདི་གསེར་རམ་ཤིང་ངམ་རྡོ་ཡིན་ལྟ་ཟེར་ནས་ཞབས་ལ་གཟོང་གིས་བརྐོས་པ་ན་ལྷ་འདྲེ་རྣམས་ན་རེ། ད་འདིས་བསོད་ནམས་ཀྱི་ཆ་ཉམས་པས་བར་ཆད་བྱ་བའི་དུས་ལ་བབ་ཟེར་ནས་འཚོགས་ཏེ་འདི་བསོད་ནམས་ཅན་ཡིན་པས་གཞན་སུས་ཀྱང་བརླག་པར་མི་ནུས། ནང་བློན་དང་རྒྱལ་པོའི་བར་དུ་ཕྲ་མ་བཅུག་ཟེར་ནས་བཅུག་པས་ནང་བློན་གྱིས་རྒྱལ་པོ་བསད། དེས་འཆི་ཁར་སྨོན་ལམ་བཏབ་སྟེ་ཚེ་ཕྱི་མ་ལ་རྒྱལ་པོ་ཞིག་གི་བུར་སྐྱེས་ནས་

ཁྱེད་རྣམས་ལ་གནོད་པ་སྐྱེལ་ཞིང་བྲན་བཞིན་དུ་བཀོལ་བར་ཤོག་ཅིག་ཅེས་བརྗོད་པས། ཇིང་གིར་རྒྱལ་པོའི་ཚ་བོར་སྐྱེས་པ་གོ་དན་འདི་ཡིན། དེས་བྱང་ངོས་འདིར་འོངས་ནས་ངེད་ཀྱི་སྡོད་ས་ཆུ་དང་འདམ་རྫབ་ཀྱི་སྟེང་དུ་རྟ་རྒྱུགས། རྟ་བསད་པའི་ཁྲག་གང་འཕོ་སར་ངེད་ལ་ལ་ན། ལ་ལ་ཤི། ངའི་ལུས་ལ་ཡོད་པའི་སྦལ་ལྕོང་འདི་རྣམས་ཀྱང་ཤི་ལ་ཁད་པ་ལ་ངའི་དྲོད་ཀྱིས་མ་ཤི་བ་ཡིན་ཟེར་ནས་སྦལ་པ་དང་ལྕོང་མོ་ཕྱེད་སྐོམས་པ་དང་། ཤི་ལ་ཁད་པ་མང་པོ་བསྟན་བྱུང་། སྔར་གྱི་བནྡེ་རྣམས་ཀྱི་གོ་དན་ལ་སྨོན་ལམ་འདྲ་འདེབས་ཀྱིན་འདུག་ཀྱང་ངེད་ཀླུ་ལ་ཕན་པ་མ་བྱུང་། ཁྱེད་ས་སྐྱ་པས་སྨན་དང་བཟའ་རྒྱུ་བྱིན་པས་ངེད་ལ་ཕན་པ་བྱུང་། ང་གར་ཡང་འགྲོ་མི་ནུས་པ་ལ་ད་རེས་ཅུང་ཟད་ཕན་པ་ཡིན། ད་ངའི་དཔོན་འདི་ཤི་ལ་ཁད་ཡོད། དེ་ཤི་ན་གོ་དན་ཡང་འཆི་བས་རིམ་གྲོ་ཡང་ཆུང་ཆུང་གི་མི་ཕན་པས། ཁྱེད་ཀྱི་ངའི་དཔོན་དང་གོ་དན་གསོ་བའི་འབད་པ་ཆེན་པོ་གྱིས། ངའི་དཔོན་དེ་གསོས་ན་གོ་དན་ཡང་གསོས། དེ་གསོས་ན་ཁྱེད་ཀྱང་བཟང་པོར་འགྲོ་ཟེར་ནས་ཡལ་སོང་། དེ་ནས་ཆོས་རྗེ་པས་རྒྱལ་པོའི་དོན་དུ། འཕགས་པ་སེང་གེ་སྒྲའི་ཆོ་ག་མཛད་པས། རྒྱལ་པོ་བསྙུན་ལས་གྲོལ་ཏེ་ཤིན་ཏུ་དད་པར་གྱུར། དེ་ནས་ལྕགས་ཕག་ཐ་སྐར་ཟླ་བ་ལ་ས་གཡོས་ཆེན་པོ་བྱུང་། ཅིའི་ལྟས་ལགས་ཞུས་པས། ཁོ་བོ་ཞིང་ཁམས་གཞན་དུ་འགྲོ་བའི་ལྟས་ཡིན་གསུངས། ཟླ་བ་དེའི་ཉི་ཤུ་དགུའི་ནམ་ཕྱེད་ན་དེ་བཞིན་གཤེགས་པ་སྒྲ་དབྱངས་མི་བཟད་པ་སྒྲོགས་པའི་རྒྱལ་པོ་དང་། ཐོ་རངས་སྤྱན་རས་གཟིགས་མངོན་སུམ་དུ་གཟིགས། སྨིན་དྲུག་ཟླ་བའི་ཚེས་བཅུ་གསུམ་གྱི་ཉིན་གཟིམ་ཁང་གི་ཕྱིར་བཞུགས་པའི་ཚེ་བི་རྫི་ལ་ནམ་

མཁའ་ལ་ཅི་འདུག་གསུངས། ཅི་ཡང་མི་གདའ་ཞུས་པས། ཐུབ་པ་ཉན་ཐོས་བརྒྱད་ཀྱིས་བསྐོར་བ་བཞུགས་འདུག་གསུངས། བཅུ་བཞིའི་ཉིན་གཟིམ་ཁང་དུ་བཞུགས་པའི་ཚེ་སྤྲིན་གསེབ་ཏུ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གཟིགས། བཅོ་ལྔའི་ཉིན་གཟིམ་ཁང་གི་ཕྱི་ན་བཞུགས་པའི་ཚེ་འཇམ་དབྱངས་ལན་གསུམ་དང་སྒྲོལ་མ་ཞལ་གཟིགས། ཟླ་བ་དེའི་མར་ངོ་ལ་བབས་པའི་ཚེ་བི་རྫི་ལ་རོལ་མོའི་སྒྲ་ཐོས་སམ་ཏིང་ངེ་འཛིན་སྐྱེས་སམ་མཐོང་སྣང་ཅི་བྱུང་གསུངས། གཞན་མ་བྱུང་རོལ་མོའི་སྒྲ་ཐོས་ཞུས་པས། སྡིག་ཤས་ཆུང་བ་ཡིན། བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་མང་པོ་འདུག་གསུངས། དེའི་ཕྱི་ནུབ་ཐོ་རངས་དབུས་སུ་རྗེ་བཙུན་ཆེན་པོ། གཡས་སུ་བིཪྺ་པ། གཡོན་དུ་ནག་པོ་པ་གསུམ་གྱིས་ཞལ་མངོན་སུམ་དུ་བསྟན་ནས། ཁྱོད་འཁོར་བ་ཐོག་མ་མེད་པ་ནས་ལམ་ལ་སྦྱངས་ཤིང་ཁྱད་པར་སྐྱེ་བ་ཉི་ཤུ་རྩ་ལྔར་མིར་གྱུར་ཏེ་འཇམ་པའི་དབྱངས་ཀྱི་རྗེས་སུ་བཟུང་ནས་རིག་པའི་གནས་ལྔ་ལ་སྦྱངས་པ་ཡིན། ཁྱད་པར་སྐྱེ་བ་འདིའི་འོག་རོལ་དུ་མཁའ་ལ་གནས་པའམ་རིག་པ་འཛིན་པར་གྱུར་ནས་ས་ལམ་ཕལ་ཆེར་བགྲོད། སྐྱེ་བ་གཉིས་པ་ལ་ཛམྦཱུའི་གླིང་འདི་ཉིད་ཀྱི་ཤར་ཕྱོགས་ཀྱི་ལྷོ་ལ་ཉེ་བའི་ཆར་རྒྱ་གར་མུ་མུ་ནི་བྱ་བར་རྒྱལ་པོ་ཉི་མ་སྟོབས་འཕེལ་གྱི་བུར་གྱུར་ནས་བདེ་བར་གཤེགས་པའི་བསྟན་པ་རྒྱས་པར་བྱས་ཏེ་སྐྱེ་བ་གསུམ་པ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་དུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན། བིཪྺ་པས་དེ་དེ་བཞིན་ནོ་ཞེས་མཐུན་འགྱུར་མཛད། ནག་པོ་པས་རྗེས་སུ་ཡི་རང་བའི་འཛུམ་པ་མཛད། དེའི་ཚེ་བིཪྺ་པའི་ཐོད་པའི་བདུད་རྩི་ནས་

ལྗགས་ཐོག་ཏུ་གཏོར་བས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་རྒྱལ་བ་རྣམས་ཀྱི་ཐུགས་ལའང་འདི་ལས་ལྷག་པ་མེད་དམ་སྙམ་པ་འཁྲུངས་པ་སོགས་བསམ་གྱིས་མི་ཁྱབ་བོ། འགྲོ་མགོན་འཕགས་པ་ལ་གཞོན་ནུ་ཉིད་ནས་རིགས་སད་པའི་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་མངའ། དགུང་ལོ་བཅོ་ལྔ་ཡན་ལ་ཆོས་རྗེ་པ་ལ་མངའ་བའི་ཡོན་ཏན་ཐམས་ཅད་རྫོགས། བསྟན་པའི་ཁུར་འཛིན་བཟོད་པར་དགོངས་ནས་ཆོས་ཀྱི་དུང་དང་ལྷུང་བཟེད་ལ་སོགས་པ་གནང་། སློབ་མའི་ཚོགས་གཏད་ནས་བསྟན་པའི་བྱ་བ་དང་། སེམས་ཅན་མང་པོའི་དོན་བྱ་བའི་དུས་ལ་བབས་པས་སྔོན་དམ་བཅས་པ་དྲན་པར་གྱིས་ཤིག་ཅེས་བསྟན་པ་གཏད། དགུང་ལོ་བཅུ་བདུན་པ་ལ་ཆོས་རྗེ་པ་གཤེགས་པའི་རྗེས་ཀྱི་བྱ་བ་རྣམས་གྲུབ་ནས་གླང་ལོ་ལ་སེ་ཆེན་གོ་པེ་ལའི་གདན་དྲངས་ནས། རྒྱལ་པོས་གཞན་གྱི་ལན་མ་ཐེབ་པའི་དཀའ་གནས་མང་པོ་དྲིས་པའི་ལན་རྒྱུ་མཚན་བཅས་གསུངས་པ་ན་མཉེས་ཏེ་རྒྱལ་པོས་གསོལ་བ་བཏབ་པའི་ངོར་རྒྱལ་པོ་ཉིད་ཀྱི་ཐོག་དྲངས་པའི་སྣོད་ལྡན་མང་པོ་ལ་ཀྱེ་རྡོར་རྒྱུད་གསུམ་གྱི་དབང་མོ་ཆེ་ལན་གསུམ་གནང་བའི་དབང་ཡོན་དང་པོ་ལ་དབུས་གཙང་ཁྲི་སྐོར་བཅུ་གསུམ། བར་པ་ལས་ཆོལ་ཁ་གསུམ། ཐ་མ་ལ་བླ་མ་ཉིད་ཀྱི་བཀའ་གནང་སྟེ་རྒྱའི་མི་ཡུར་ཆེན་མོ་ཕུལ། དེའི་དུས་སྔོ་བ་ལ་འདི་ལྟར་མཛད། ནམ་མཁའི་ཁམས་ནི་ཁྲག་གི་མདོག་ལྟར་དམར། །རྐང་ལེབ་རོ་ཡིས་ཕྱི་ཡི་རྒྱ་མཚོ་གང་། །འདི་འདྲ་བཅད་པའི་དགེ་བ་གང་ཡིན་དེ། །མཁྱེན་རབ་དབང་ཕྱུག་ཐུགས་དགོངས་བརྗོད་ཕྱིར་དང་། །ཕན་བདེའི་འབྱུང་གནས་བསྟན་པ་རྒྱས་པའི་ཕྱིར། །མི་དབང་སྐུ་ཚེ་བརྟན་ཕྱིར་རབ་ཏུ་བསྔོ། །དེ་ནས་ཆོས་རྗེ་པའི་བཀའ་

༄༅། །བཞིན་འུ་ཡུག་པ་ལ་བསྙེན་རྫོགས་ཞུ་སྙམ་ཡང་འུ་ཡུག་པ་ཞིང་གཞན་དུ་གཤེགས་པའི་སྐད་ཆ་གསན་ནས་སྙེ་ཐང་པ་གྲགས་པ་སེང་གེའི་མཁན་པོ། ཇོ་གདན་བྱང་ཐང་པ་བསོད་ནམས་རྒྱལ་མཚན་གྱི་ལས་སློབ། ཡར་ལུང་པ་བྱང་ཆུབ་རྒྱལ་མཚན་གྱིས་གསང་སྟོན། ཆོས་རྗེའི་བུ་ཆེན་མང་པོས་ཁ་བསྐོངས་བྱས་ཏེ་བསྙེན་པར་རྫོགས། མཁན་སློབ་དེ་དག་སོགས་བླ་མ་མཁས་གྲུབ་དཔག་ཏུ་མེད་པ་ལ་སྔར་མ་གསན་པའི་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱུན་མི་ཆད་པར་མཛད་ཀྱང་ནང་དུ་ཏིང་ངེ་འཛིན་ལས་ཅུང་ཟད་ཀྱང་མི་གཡེལ་བས། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། འོད་གསལ་རྒྱུན་མི་འཆད། མངོན་པར་ཤེས་པ་རི་ཆེན་པོའི་རྒྱུད་ཙམ་མངའ། དེའང་སྐྱིད་གྲོང་ཇོ་བོའི་དྲུང་དུ་བྱོན་པའི་ཚེ་སྤྱན་རས་གཟིགས་མནལ་ལམ་དུ་ཞལ་གཟིགས་པ་ལ་བསྟོད་པ་མཛད། མར་ལམ་ཆོས་རྗེ་ཡང་དགོན་པས་མཇལ་དུ་བྱུང་སྟེ། ཆོས་རྗེ་པ་རྒྱ་ནག་ཏུ་གཤེགས་པར་གདའ། བདག་ཅག་སློབ་མ་རྣམས་ལ་ཕྱག་དང་དབང་བསྐུར་དང་མོས་གུས་བྱེད་པའི་གནས་སུ་གྱུར་པའི་སྐུ་ཚབ་གཅིག་འཚལ་བར་གདའ་བས་དབོན་པོ་འདི་པ་ཡང་དག་པ་ལགས་སམ་ཞུས་པས། དབོན་པོ་མནལ་མ་ལགས་གསུངས་ནས་བླ་མ་འདི་ཕ་ཆོད་ཅིག་ན་རྦོད་གཅིག་ལ་མཉེལ་མཛད་ནས་སྤྱན་མ་བཙུམ་པར་མནལ་དུ་སོང་བ་བསྟན་ནས་འདི་འོད་གསལ་ཟིན་པའི་རྟགས་ལགས། ངེད་ཀྱི་མི་བརྒྱུད་རྣལ་མ་ལ་འོད་གསལ་ཅུང་ཟད་རེ་རྒྱུན་མི་ཆད་དུ་འོང་བ་ཡིན་གསུངས། བླ་མ་འདི་དབུས་གཙང་དུ་ཕེབས་སྐབས་འུ་ཡུག་ཏུ་བཞུགས་པའི་ཚེ་ལྷ་ཕུ་ནས་ཇོ་གདན་ཞིག་ཞུ་དོན་ཞིག་གཅོད་དུ་ཕྱིན་པས།
སྒར་ཆེན་པོའི་མཐའ་ན་སེམས་ཅན་ལ་གནོད་པ་སྐྱེལ་བ་སོགས་སྣ་ཚོགས་མཐོང་བས་ཤིན་ཏུ་མ་དད་པ་བྱུང་། དྲུང་དུ་མཇལ་བ་ན་གཡས་ཕྱོགས་སུ་རྩོམ་ཡིག་པ་མང་པོ་ལ་གསུང་རབ་ཀྱི་རྩོམ་པོད། གཡོན་ཕྱོགས་སུ་ཆབ་ཤོག་འདྲི་མི་མང་པོ་ལ་འཇིག་རྟེན་གྱི་ཞལ་བཀོད་པོད། མདུན་དུ་བན་ཆུང་ཞིག་གིས་གཏོར་སྐད་དང་བཅས་གཏོར་མ་བཤམས་པ་བསྔོ་བ་བཞིན་ནི་མི་འདུག་པས་ཤིན་ཏུ་ཡིད་མ་རང་སྟེ། གཡོན་གྱི་ཆབ་ཤོག་ནི་ང་ཞུ་བ་ལ་འོངས་པ་དང་འདྲ་གཞན་གནེར་པའི་ཆེད་ཁོ་ན་ཡིན། གཡས་ཀྱི་རྩོམ་ཡང་ཅི་འདྲ་ཡོད་མི་ཤེས། བསྔོ་བ་པོ་མེད་པའི་གཏོར་མ་བཤམས་པས་ཅི་བྱེད་སྙམ་ནས་ཁོས་བསྔོས་ཏེ་ཚར་བ་ན། བླ་མའི་གསུང་ནས། གཏོར་མ་བཤམས་པས་ཚིམ་པ་དེ་ཁོས་བྱས། བསྔོས་པས་ཚིམ་པ་དེ་ཁྱོད་ཀྱིས་བྱས། ཏིང་ངེ་འཛིན་གྱིས་ཚིམ་པ་དེ་ངས་བྱས་ཨཾ་གསུངས་པས། མངོན་ཤེས་ཐོགས་མེད་མངའ་བར་ཤེས་ཏེ་ཤིན་ཏུ་དད་པར་གྱུར་ནས་ཕྱོགས་ཐམས་ཅད་དུ་སྙན་པའི་གྲགས་པ་བསྒྲགས། ཡང་རྒྱ་གར་གྱི་པཎྜི་ཏ་གོ་ཏཾ་བྷ་དྲ་ལ་མཚན་མོ་རྨི་ལམ་བྱུང་བ་ཐམས་ཅད་འདིའི་མངོན་པར་ཤེས་པས་མཁྱེན་ནས་ནང་པར་པཎྜིཏ་ལ་གསུང་འབྱོན་པས་ཤིན་ཏུ་ངོ་མཚར་བར་གྱུར་ནས་མ་ཧཱ་གུ་རུ་ལ་མངོན་པར་ཤེས་པ་ཨ་ཚེ་ཞེས་ཟེར་ཞིང་དད་པར་གྱུར་ཏོ། །ཡང་དགུང་ལོ་ཉེར་གསུམ་བཞེས་པའི་ས་ག་ཟླ་བའི་ཚེས་བཅུ་གསུམ་གྱི་མཚན་མོ་ཆོས་རྗེ་པ་གསལ་པར་བྱོན་ནས་ཆོས་ཀྱི་གནད་དུ་མ་གསུངས། ཁྱོད་འདི་ནས་བཟུང་སྟེ་ལོ་འབུམ་ཕྲག་གཅིག་དང་སྟོང་འདས་པ་ན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ཅིང་དབུགས་དབྱུང་། དེའི་ཚེ་སྲིད་པར་

༄༅། །དུཿཁ་དུ་མ་ཡིས། །ཡུན་རིང་དུས་སུ་ཐུབ་པ་བདག །ལེགས་པར་གསུངས་པས་དབུགས་འབྱིན་པ། །ཐུགས་རྗེའི་དབང་ཕྱུག་མཁྱེན་པའི་གཙོ། །ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །ཡང་ཐང་ཤང་ལ་གྱིན་ཞེས་པའི་རྗེས་སུ་འབྲངས་པའི་ཟིན་ཤིང་གི་སྡེ་མང་པོ་ཡོད་པས་ལྟ་བ་ངན་པ་ལ་ཞེན་པ་དེ་དག་རང་གཞན་ལ་གནོད་པར་གཟིགས་ནས་སེ་ཆེན་རྒྱལ་པོའི་བཀས་བསྐུལ་ཏེ་ཟིན་ཤིང་གི་སྟོན་པ་རང་གི་གཞུང་ལུགས་ལ་རིང་དུ་སྦྱངས་ཤིང་མཐར་སོན་པ་བཅུ་བདུན་རིག་པས་སུན་ཕྱུང་སྟེ་ཡང་དག་པའི་ལྟ་བ་འཛིན་དུ་བཅུག་སྟེ། དེ་བློ་དག་པ་ལྕགས་ཀྱི་ཁམས། །ཡང་དག་གསུངས་པའི་བསྟན་པ་ཡི། །གསེར་འགྱུར་རྩི་ཡིས་རབ་སྦྱངས་ནས། །ཐུབ་པའི་བརྟུལ་ཞུགས་ལེགས་འཛིན་པའི། །སྡོམ་བརྩོན་དམ་པར་བདག་གིས་བསྒྱུར། །ཞེས་ཆེད་དུ་བརྗོད་པ་ཡང་མཛད། ཚུལ་ཁྲིམས་ཀྱི་བསླབ་པའི་སྒོ་ནས་རང་ཉིད་ཀྱི་སྔ་ཕྱིར་དགེ་སློང་དགེ་ཚུལ་སྟོང་བཞི་བརྒྱ་ཉི་ཤུ་རྩ་ལྔའི་མཁན་པོ་མཛད། ཉིད་ཀྱི་སློབ་མ་འདུལ་འཛིན་ཆོས་ཀྱི་མགོན་པོ་བྱ་བས་སྨན་རྩེའི་ཡུལ་དུ་ལོ་གཅིག་རང་གི་ཁོངས་སུ་དགེ་སློང་དགེ་ཚུལ་དགུ་བརྒྱ་དང་བཞི་བཅུ་རྩ་བདུན་གྱི་མཁན་པོ་བྱས། དེ་རྣམས་ལས་འཕེལ་བའི་རབ་བྱུང་གི་སྡེ་རྒྱ་ནག་དང་རྒྱ་ནག་ཆེན་པོའི་ཡུལ་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏེ་སྔོན་བསྟན་པ་མེད་པའི་ཡུལ་ཁམས་ཐམས་ཅད་དམ་པའི་ཆོས་ལ་བཀོད་པས་བསྟན་པ་ལ་བྱ་བ་ཆེར་མཛད། དེ་དག་ལ་སོགས་པ་རྣམ་དཀར་གྱི་མཛད་པས་ཐུགས་རངས་པར་གྱུར་ཏེ་ཞིང་གཞན་དུ་གཤེགས་པར་འདུན་པ་མཛད་པ་ན། མཚན་ལམ་དུ་ལྷོ་ཕྱོགས་དཔལ་གྱི་རི་ལ་འཕགས་པ་ཀླུ་སྒྲུབ་བྱང་ཆུབ་ཤིང་ཆེ་ཞིང་རྒྱས་པ་ཞིག་གི་དྲུང་ན་བཞུགས་

པ་ལ་དབུ་མ་རིགས་ཚོགས་སོགས་ཐེག་ཆེན་གྱི་ཆོས་མང་དུ་གསན། དེའི་ཚེ་ལྷ་མང་པོས་མཆོད་པ་བྱེད་པ་དང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་གསལ་བར་གཟིགས་པའི་སྣང་བ་ཡང་བྱུང་། དེ་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་དགྱེས་ཤིང་རང་གཞན་གྱི་གཟུ་བོར་གནས་པ་སུ་ཞིག་གིས་ཐོས་ཀྱང་ངོ་མཚར་གྱི་དང་བ་དབང་མེད་དུ་བསྐྱེད་པ་འཁྲུལ་པའི་དྲི་མ་ཟད་པར་མཚོན་ནུས་པའི་རྟགས་དང་མཚན་མ་རྨད་དུ་བྱུང་བ་དེ་དང་དེ་དག་གིས་སྨྲ་བའི་དབང་ཕྱུག་དེ་དག་གི་ཕྱེ་བའི་བཀའ་སྲོལ་ལ་འཁྲུལ་པའི་དྲི་ཙམ་ཡང་མི་མནམ་པར་རྟོགས་ནུས་པས་ན་བཀའ་སྲོལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །
